མ་སྐྱེས་ཨ་མ།
མ་སྐྱེས་ཨ་མ་ནི་ཨ་མས་ང་ལ་ཐག་རིང་ཞིག་ལ་ཡོད་ཟེར། འཁྲེང་ཞེན་དང་སྨོན་ལམ་ལྟ་བུའི་ཉི་མ་རེ་རེའི། བྱ་རྒོད་ཀྱི་གཤོག་པ་ལྟར་བརྐྱངས་པའི་རི་སྒང་དུ་ལངས་ཏེ། ཞེ་འདང་མར་ཁུ་བཞིན་འཁྱིལ་བའི་མ་སྐྱེས་ཨ་མ་སེམས་སྐྱ་མོའི་ཀློང་དུ་ཡང་ཡང་འཁོར། ཟླ་དགུ་བར་ངེད་ཅག་ཡུན་ཐུང་ཞིག་གི་ནང་དུ་རྟབ་རྟབ་ངང་ཡུན་རིང་སེམས་ཀྱི་སྒྲོམ་བུ་རུ་ཉར་ཞིང་རེ་འཕྲེང་གི་མིག་ཁུང་ན་བར་མེད་དུ་བརླན་མྱོང་བའི་མ་སྐྱེས་ཨ་མར་ཐེངས་གཅིག་འགྲོ་བའི་སྐལ་བ་ཐོབ་ཅིང་། བགྲོད་བྱེད་རྐང་བའི་འགྲོ་རོགས་རླངས་འཁོར་ཞིག་གི་ནང་ནས་ཡུན་ཐུང་ནང་དུ་མ་སྐྱེས་ཨ་མའི་གམ་དུ་གཅར་ཡོད། ངེད་ཅག་སྤྲོ་སྣང་དང་བཅས་ལམ་དུ་ཞུགས་པ་ཡིན། གཏམ་གྱིས་འུར་འུར་དུ་བྱས་ནས་རླངས་འཁོར་གྱི་ཟེགས་ལམ་སྐྱ་བོ་ཞིག་གི་བརྡབ་དཀྲུགས་ནས་འགྲོ་བཞིན་ཡོད་ནའང་། དྲན་པའི་སྦུགས་ལམ་དུ་མ་སྐྱེས་ཨ་མར་འཕྲད་པའི་ལས་འཕྲོ་དེ་སྒུག་ཡོད།
ས་ཆ་སྣ་མང་ཞིག་བརྒྱུད་ནས་བྱང་ནག་ཆུར་བསླེབས་སྐབས་རྒྱང་རིང་ནས་ཟུག་འོང་བའི་འབྲོག་ཁྱུ་རེ་རེ་བྱས་ནས། དུད་ཁྱིམ་རེ་རེའི་དུད་ཁུང་ནས་ལྷོག་ལྷོག་ཏུ་འཕྱུར་བའི་དུ་བ་ཚོམ་བུ་ཚོམ་བུ་དེ་དག་ཀྱང་། སྨུག་སྤྲིན་གྱི་ཟོལ་དུ་བརྫུས་ཏེ་སྟོང་སང་གི་ནམ་མཁའི་ལྟོ་བར་འཁྱུད་བཞིན་འདུག རྟ་ནོར་ཐང་ལ་བརྡལ་བའི་རྩྭ་ཕྲན་གདན་ལ་བཏིངས་པའི་ཁ་ཞེངས་ཆེ་བའི་བྱང་ཐང་ལ་ལབ་གླེང་མེད་ན་འང་། གྲང་ཤུར་ཤུར་གྱིས་བྱང་ཐང་ལ་བསྟོད་པ་འབུལ་བཞིན་ཡོད། ད་ནི་དབུས་དང་ཁ་ཐག་ཇེ་ཉེ་རུ་འགྲོ་བཞིན་ཡོད་པའི། མ་སྐྱེས་ཨ་མའི་དུང་སྐད་རྣ་ལམ་དུ་སྦྲན་བྱུང་། དབུས་ལམ་འདེད་པའི་སྐྱོ་གླུ་རིང་མོ་«བན་སེར་མོ་དབུས་ལ་འགྲོ་ནི་ཚོ།» ཞེས་ཨ་མདོའི་དམངས་གླུ་དུང་བ་ཅན་འདི་གངས་དཀར་སེམས་སུ་བསྙལ་ཏེ། མགྲོན་པོས་དབུས་ལམ་རིང་མོ་འདེད་བཞིན་རེ་ཞིག་བྱང་ནག་ཆུ་ཁ་བདེ་མོ་བཞག
ཉིན་མོ་གཅིག་གི་མཇུག་མཐའི་ས་སྲོད་ཅིག་ལ། སྨྲ་བསམ་བརྗོད་འདས་ཀྱི་གདུང་བ་དང་བཅས། རྨི་ལམ་ལ་གཤོག་པ་ཐོགས་འདྲའི་དབུས་ལྷ་ལྡན་གྱི་མ་སྐྱེས་མའི་སྒོ་འགྲམ་དུས་བསླེབས་བྱུང་། དེ་གར་ཁང་བརྩེགས་མཐོ་ཞིང་བརྗིད། གློག་སྒྲོན་ཁྲ་ལམ་མེ་འཚེར། སྒོར་གཞས་སེང་སེ་སིང་། སྔོན་ཆད་ཀྱི་ཞབས་བྲོ་དང་དམངས་གླུ་ལྐོག་ཏུ་ཡིབ་འདུག ཕྲེང་བ་ལག་ཏུ་ཐོགས་པའི་དད་པ་ཅན་གྱི་ཡབ་མེས་ཀྱི་རྒད་པོ་བགྲེས་པོ་དེ་དག་མཐོང་རྒྱུ་མི་འདུག་མོད། སྨྲེང་བ་རིང་མོ་ཞིག་བསྣམས་ནས་རི་ཆུ་སྟོང་ཕྲག་བརྒལ་ནས་རྒོངས་སྲོད་དེ་ཁྱེད་དང་མཇལ་ཡོད། སྙིང་ཉེ་བའི་མ་སྐྱེས་ཨ་མ། ཁྱེད་དང་འཕྲད་པའི་ཉིན་མོ་ནས་བཟུང་། ང་ལ་ཁྱེད་དང་འདྲ་མཚུངས་ཀྱི་ཁེར་རྐྱང་དང་སུན་སྣང་། དྲན་པ་སྐྱོ་བ་བཅས་ཀྱི་ཚོར་བ་སྣ་མང་བྱུང་ཞིང་། ངས་ཁྱེད་ཀྱི་བརྩིགས་པ་རེ་རེའི་བར་གྱི་རྨ་ཁ་དང་། ན་བུན་གྱི་སྒྲིབ་པའི་སྒེའུ་ཁུང་དག་ལ་ཞིབ་ཏུ་བལྟས་ན། ནང་སྙིང་ཕྱི་རུ་མཚོན་པའི་སྙན་ངག་འདི་ལས་ཁྱེད་ལ་འབུལ་རྒྱུའི་ལེགས་སྐྱེས་ཅི་ཡང་མི་འདུག
ས་སྲོད་དེར། བར་སྐོར་གྱི་མི་ཐམས་བཅད་བྲེལ་འཚུབ་ཀྱི་དུས་སུ་བསླེབས་དུས། ཁྱོད་རང་སྐྱོ་ཉམས་དང་སྐོམ་གདུང་གི་མནར་བའི་ཤིང་སྡོང་བཞིན་དལ་ལྷོད་གེར་གནས། མུན་སྟུག་གི་མཚན་མོ་རེ་རེར་ཁྱོད་ཀྱི་སྙིང་ཁོང་ནས་བཏོན་པའི་བཙན་ཤེད་ཀྱི་ཀུ་ཅོ་ཡུལ་ཕྱོགས་གང་ལ་འཐོར།
༢༠༢༤/༡༠/༡
རྨ་འབྲི་རྫ་གསུམ་བརྒྱུད་ནས་དབུས་ལྷ་ལྡན་དུ་སྐྱོད་པ།
ལོ་ཟླ་ཧྲལ་ཧྲུལ་གྱིས་ཟད་དེ་མི་ལོ་གསུམ་གྱི་རེ་སྒུག་བསྡོངས་ནས་སྟོན་ཟླ་དགུ་བ་བསླེབས་བྱུང་། འཁྱག་སིབ་སིབ་དང་གྲང་ཤུར་ཤུར་གྱི་རྨ་འབྲི་རྫ་གསུམ་བརྒྱུད་ནས་དབུས་ལྡན་དུ་ལྷགས་པ་ཡིན། དེ་ནི་ང་ལ་མཚོོོོན་ན་བོད་ཆེན་པོའི་སྲིད་དབང་ནམ་མཁའ་དང་མཉམ་པའི་སྐབས་ཀྱི་ཕོ་བྲང་པོ་ཏ་ལ་མཇལ་བའི་སྐལ་བ་ཤར་བ་ཡིན། དེ་ནི་གློ་ཁུག་ཏུ་དངུལ་ལོ་འགའ་ལོན་ནི་དང་འདྲ་གི་མི་འདུག སྐྱོ་ངལ་རེ་རེ་སྣོན་གྱིན། ནག་ཟོར་ཟོར་གྱི་སེམས་སྡུག་ཅིག་དང་ལོ་ཟླ་གྱ་གྱུར་བགྲོད་པའི་ཐག་རིང་ན་གསེར་མདོག་གི་རི་སྒང་རེ་རེས་ཉི་ནུབ་ཀྱི་འཇམ་ཤ་བརྟོལ་དུས་རྒྱང་རིང་དུ་ང་ཚོ་ལ་ཁ་ཆེམས་ཅི་ཞིག་ཡོད། དེ་དག་གི་དཀའ་སྡུག་རེ་རེ་ཕྲག་ཏུ་བསྣམ་ནས་ཁྲུང་ཁྲུང་སྐེ་རིང་དག་དང་མཚུངས་པར་རི་སྒང་དག་བརྒྱུད་ནས་མཁའ་དབྱིངས་ཀྱི་བོད་ལྗོངས་སུ་སྐྱོད།
དང་པོ་རྨ་རྫ་འབྲི་གསུམ་ནས་རྨ་ཆུ་ནས་མགོ་བརྩམས་ཏེ་ཡོང་བ་ཡིན། མགོ་ལོག་ཁུལ་རྨ་ཆེན་རྫོང་དུ་སླེབ་སྐབས་ང་ཡིས་ཡུན་རིང་སེམས་སུ་ཉར་བའི་ཨ་མྱེ་རྨ་ཆེན་སྦོམ་ར་མཇལ་བ་ཡིན། ཐག་ཉེ་རིང་གཉིས་ཀའི་རི་སྒང་དང་སྤང་ཐང་ཡོངས་ལ་སྨུག་པའི་སེང་རས་སྲབ་བུ་མུ་རུ་འཐེན་པའི་ཁྲོད་ན་ཆར་རྒྱུན་གྱི་འཕྱོ་སྒེག་ངོམ་བཞིན་འདུག རི་འདབས་ཀྱི་འབྲོག་སྡེ་ཁག་ཅིག་དང་རི་རྒྱུད་ཀྱི་གངས་རི་ཁ་ཤས་མཐོང་སོང་། ཆར་རྒྱུན་གྱི་དབུས་ན་རི་སྒང་བརྟན་ཞིང་བརླིང་ལ་ས་གཞི་ལྷིང་ཞིང་འཇགས། མཐོ་སྒང་གི་དབྱར་དུས་ཧ་ཅང་ཐུང་ཞིང་གཉོམ་ན་ཡང་། མཛེས་པའི་ཡུལ་ལྗོངས་ཀྱིས་མི་སེམས་ལ་དྲོད་ཁོལ་འཁྱིལ་བའི་བརྩེ་བ་རྣམ་དག་ཅིག་སྦྲུམ་ནས་ཡོད། ཡུན་གྱིས་མགོ་ལོག་རྨ་སྟོད་དུ་སྐྱོད་མགོ་བརྩམ། ས་དེ་ན་སྟོང་རུ་མཚོ་ནག་དང་མཚོ་སྐྱ་རེངས་སྔོ་རེངས་དག་ཡོད་པ་སྔོན་གོ་ཐོས་སུ་ཡོད། དེ་མིན་མཇལ་མྱོང་མེད། སྙིང་ཉེ་བའི་ས་སྲོད་ཅིག་གིས་པང་ནས་ང་ཚོས་སྟོང་རུ་མཚོ་ནག་བརྒྱུད་ནས་རྨ་སྟོད་རྫོང་དུ་བསླེབས། རི་སྒང་དེ་དག་བརྒྱུད་ནས་སྟོད་ཕྱོགས་སུ་འགྲོ་བ་ནི་ང་བྲེལ་ཟིང་གི་བར་ནས་རང་བྱུང་ཁམས་ཀྱི་པང་དུ་ལོག་སྟངས་ཤིག་ཡིན། སྙིང་ཉེ་བའི་ས་གཞི་དང་རོལ་དབྱངས་ཀྱི་བརྩེ་ཞེན་ལ་སེམས་པ་ཐེངས་གཅིག་གླན་པ་ནི་བསོད་ནམས་ཤིག་དང་ལས་འབྲས་ཤིག་ཡིན་པར་བསམས་ཡོད། གཉན་ཆེན་ཐང་ལྷ་དང་ཡངས་པ་ཅན་རྒྱུད་སྐབས་ངས་བར་སྐོར་དང་ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ཀ་སོགས་སེམས་ཀྱི་བཞེངས་སྐྲུན་བྱས་ཏེ། མགྱོགས་པར་སླེབ་འདོད་ཀྱི་སེམས་པ་འགོག་ཐབས་མ་མཆིས།
༢༠༢༤ ༩ ༢༦
ཕོར་རྐང་། དངོས་མིང་ཤེས་རབ་བརྩོན་འགྲུས་ཟེར། ཉིས་སྟོང་ལྔ་ལོར་ཕ་ཡུལ་རྫ་ཆུ་ཁའི་འབྲོག་སྡེ་ཞིག་ནས་སྐྱེས་པ་ཡིན། ནར་སོན་གྱི་བབས་དང་བསྟུན་ནས་དགའ་ཕྱོགས་ལ་འགྱོད་མེད་ཀྱི་འབད་པ་རེ་བྱས་མྱོང་། ན་ཚོད་འདིར་མཁས་མིང་འཛིན་པ་དང་མྱི་ཆེན་དཔོན་ཆེན་ཚོར་ངོ་སྲུང་དང་མགོ་བོ་སྒུར་མ་ཐུབ་པའི་ཆོབ་ཚ་བོའི་གཤིས་ཀ་ཞིག་ཡོད། 《ཁམས་པའི་ཚགས་པར》 《རྔ་བའི་ཚགས་པར》 《དཀར་མཛེས་ཚགས་པར།》 《གཡུ་ལུང་ཚགས་པར།》《ཁམས་པའི་དྲྭ་བ》 《ལང་ཚོའི་ཟིལ་བའི་ལོ་དེབ།》 སོགས་ཀྱི་གཙོ་བྱས་པའི་ཚགས་པར་གང་མང་ལ་རྩོམ་ལྔ་བཅུ་ལྷག་བཀོད་ཉོང་། མི་སྒེར་གྱི་སྙན་དེབ་ཐོག་མ་<ན་བུན>ཡོད།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།