རྫོགས་ཆེན་མཆོག་སྤྲུལ་པདྨ་སྐལ་བཟང་དགུང་ལོ་༨༠བཞེས་པའི་དུས་སྟོན་དུ་ཕུལ།
གངས་ཁྲོད་དུ་བཞད་པའི་སྐལ་བཟང་མེ་ཏོག་རྐང་གཅིག
དུས་རབས་གསར་རྙིང་གི་འགྱུར་མཚམས་དང་། རིག་གནས་ཀྱི་མུ་གེས་འཆི་ལ་ཉེ་བའི་དུས་མཚམས་ཤིག་ཏུ་རྫོགས་ཆེན་གངས་ཁྲོད་འོག་གི་པདྨའི་ཐང་ཆེན་དུ་སྐལ་བཟང་མེ་ཏོག་རྐང་གཅིག་གི་མཛུམ་མདངས་རབ་ཏུ་གྲོལ་བས་སྐལ་ལྡན་ར་ཡིག་གཉིས་པའི་ཁྱུ་ཚོགས་ཤིག་སླར་ཡང་བཅུ་ཕྲག་རིག་གནས་ཀྱི་སྦྲང་རྩིའི་བཅུད་ལ་ངོམ་པར་རོལ་བའི་སྐལ་བཟང་གི་དུས་སྟོན་ཞིག་ཤར།
དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་འགོ་ནི“རིག་གནས་གསར་བརྗེ་ཆེན་མོ”མཇུག་རྫོགས་མ་ཐག་ཡིན་པས་བོད་ཀྱི་ས་གནས་ཀུན་ཏུ་སྲོལ་རྒྱུན་རིག་པའི་གནས་ལ་མཁས་པའི་དབང་པོ་དག་ནི་ཉིན་མོའི་སྐར་མ་ཙམ་དུ་གྱུར། དེ་ལས་སྔར་ལོ་རྒྱུས་སུ་སྙན་པའི་གྲགས་པ་གངས་ལྗོངས་ཁྱོན་ཀུན་ཏུ་ལྡིར་བའི་ཤྲཱི་སེང་བཤད་གྲྭ་ལྟ་བུའི་གདན་ས་ཆེན་པོ་ལ་ཡང་གངས་ཅན་བཅུ་ཕྲག་རིག་པའི་གནས་ལ་མཁྱེན་རྒྱ་ཡངས་ཤིང་ཐུགས་བསྐྱེད་སྤོབས་པ་མི་ཞུམས་པ་ནི་མཆོག་སྤྲུལ་པདྨ་སྐལ་བཟང་ལྟ་བུ་རེ་ཟུང་ཙམ་ལས་ལུས་མེད་པ་ནི་འོག་གི་པདྨ་སྐལ་བཟང་རིན་པོ་ཆེའི་གསུང་རྩོམ་དུམ་བུ་འདི་ལས་ཀྱང་རྟོགས་ཐུབ་སྟེ།
“ཤྲཱི་སེང་དཔལ་གྱི་རི་བོའི་གདན་ས་ཡི་མཐིལ་ལ།།
རས་གུར་དཀར་པོ་ཕུབ་པའི་མཐུན་རྐྱེན་ལ་བརྟེན་དུས།།
རང་རིགས་གཙང་མའི་ལ་རྒྱ་སྙིང་ཁོང་ནས་འཛིན་མཁན།།
ལྷག་བསམ་ལྷད་མེད་འཆང་མཁན་རེ་རེ་དང་གཉིས་གཉིས།།”ཞེས་གསུངས་པ་ལས་ཤེས་སོ།།
དཀར་ཡོལ་ནང་དུ་ཤངས་ཁྲག་བཟེད་བཞིན་དགེ་རྒན་གདན་སར་ཕེབས།
དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་འགོར“མི་བཞི་ཤོག་ཁག་”གི་དུག་རླངས་ཡལ་ཏེ་ཏང་གི་ཇུས་བཟང་གི་ཉི་གཞོན་འོག་ཏུ་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་རིགས་བརྒྱའི་མེ་ཏོག་སླར་ཡང་འཆར་འགོ་ཚུགས་པའི་རྫོགས་ལྡན་དུས་བཟང་ཞིག་གི་དབུ་ཁྱུད་འབྲི་མགོ་བརྩམས།
ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚོང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ནས་ཏང་གི་མི་རིགས་སྲིད་ཇུས་ཡང་དག་ལག་བསྟར་བྱས་ཏེ་བཅོས་བསྒྱུར་སྒོ་འབྱེད་དང་། དགོན་སྡེ་ཞིག་གསོ་དང་། མི་རིགས་ཀྱི་རིག་གནས་མྱུར་སྐྱོབ་བྱེད་པའི་འགོ་ཚུགས་ཏེ་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་ཀྱང་མི་རིགས་ཀྱི་རིག་གནས་ཉམས་པར་སོར་ཆུད་དང་མི་ཉམས་གོང་སྤེལ་དུ་གཏང་ཕྱིར་བོད་ཡིག་སློབ་གྲྭ་ཞིག་འཛུགས་རྒྱུའི་ཆོག་མཆན་གནང་།
༡༩༨༡ལོའི་ཟླ་བ་༦པར་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ལྷན་གྱི་དབུ་གཙོ་བཀྲ་ཤིས་ཚེ་རིང་མཆོག་གིས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་དང་། དཀར་མཛེས་ཚགས་པར་ཁང་གི་འགོ་འཛིན་པ་རྒྱ་འགོ་དམ་ཆོས། དཀར་མཛེས་ཁུལ་རིག་སློབ་ཅུས་ཀྱི་ཅུས་ཀྲང་ཝང་གེ། ལས་སྒྲུབ་པ་ཆོས་དགའ་སོགས་ཁྲིད་ནས་བོད་ཡིག་སློབ་གྲྭ་ཐོག་མར་འཛུགས་སའི་ས་གནས་བཙལ་བའི་རྟོག་ཞིབ་ཚོགས་པ་སྡེ་དགེ་རུ་འབྱོར། སྐབས་དེར་མཆོག་སྤྲུལ་པདྨ་སྐལ་བཟང་ཡང་ས་གནས་དེ་གའི་མི་སྣ་གྲགས་ཅན་ཞིག་ཡིན་པས་ཁོང་ཡང་རྟོག་ཞིབ་ཚོགས་པའི་ནང་དུ་གདན་དྲངས་ཏེ་སྔོན་རྗེས་སུ་རྫོགས་ཆེན་ཤྲཱི་སེང་དང་། ཞེ་ཆེན་དགོན། ཁྲོ་མནྡལ་དགོན། སྡེ་དགེའི་དངུལ་ཕུ་ནང་། ལྕགས་ར་དགོན་སོགས་ཀྱི་ཡུལ་དངོས་སུ་རྟོག་ཞིབ་གནང་། དུས་སྐབས་བཟང་པོ་དེ་དང་བསྟུན་ནས་པདྨ་སྐལ་བཟང་གིས་ཀྱང་གལ་ཏེ་སློབ་གྲྭ་དེ་རྫོགས་ཆེན་དུ་བཙུགས་ཐུབ་ན་ཁོང་གིས་ནུས་ཤུགས་ཡོད་དགུས་དགའ་བསུ་དང་རྒྱབ་སྐྱོར་གནང་རྒྱུའི་དགོངས་ཆོད་ཀྱང་བཏོན། རྟོག་ཞིབ་ཚོགས་པས་ཉིན་ཤས་རིང་ས་གནས་དེ་དག་ལ་དཔྱད་ཞིབ་གནང་རྗེས་པདྨ་སྐལ་བཟང་གི་ཐུགས་རེ་བསྐང་བ་ཡིན་ནམ། ཡང་ན་དབུ་ཁྲིད་གཞན་དག་གི་བསམ་ཚུལ་ཡིན་པ་གང་ཡང་རུང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དེ་སྡེ་དགེའི་རྫོགས་ཆེན་ཤྲཱི་སེང་དུ་རྒྱག་རྒྱུའི་གྲོས་ཐག་བཅད་དེ་གཟན་དཀར་ཐུབ་བསྟན་ཉི་མ་དང་། ཆོས་དགའ། པདྨ་སྐལ་བཟང་གསུམ་སློབ་འཛུགས་ཀྱི་གྲ་སྒྲིག་ལས་སྒྲུབ་མི་སྣ་རུ་བསྐོས་ཏེ་རྫོགས་ཆེན་དུ་སློབ་གྲྭ་འཛུགས་པའི་གྲ་སྒྲིག་ལས་ཀ་གཉེར་དུ་བཅུག་པ་དང་། བཀྲ་ཤིས་ཚེ་རིང་སོགས་ཕྱིར་དར་མདོ་དང་ཁྲེང་ཏུའུ་སོགས་སུ་ཕེབས་སོང་།
སྐབས་དེའི་རྫོགས་ཆེན་དགོན་དུ་ཤྲཱི་སེང་བཤད་གྲྭ་ལ་རིག་གནས་གསར་བརྗེའི་གཏོར་བརླག་ཚབས་ཆེན་ཐེབས་པས་གྱང་རལ་གྲ་རྣ་ཤར་རེ་ཙམ་ལས་འདུ་ཁང་དང་གྲྭ་ཁང་ཕལ་ཆེར་ལུས་མེད། དགོན་ནང་གི་གྱང་ཁུད་ཅིག་ནས་རྒྱུན་སྡོད་མགོན་བླས་གསོལ་ཀ་འདོན་པའི་སྒྲ་གསལ་ལ་མི་གསལ་བ་རེ་དང་། སྐབས་འགར་རྔ་སྒྲ་དང་རྐང་གླིང་གི་སྒྲ་དྲག་པོ་རེ་ཐོས་པ་ཙམ་ལས་དགོན་སྡེ་ཡོངས་སུ་འཇམ་ཐིང་ཐིང་དུ་གནས་ཡོད།
རྫོགས་ཆེན་ལ་སློབ་གྲྭ་དེ་འདྲ་ཆེན་པོ་ཞིག་བཙུགས་དགོས་ན་ཕྱོགས་གང་ཐད་ཀྱི་ཆ་རྐྱེན་ཆེས་ཞན་པས་དགེ་སློབ་སྡོད་ས་མེད་པ་དང་། ཐ་ན་དགོན་མདའ་ནས་ཤྲཱི་སེང་བར་དུ་རླངས་འཁོར་ཐར་སའི་གཞུང་ལམ་ཞིག་ཀྱང་མེད། ད་དུང་སློབ་གྲྭ་འཛུགས་པའི་ཆ་རྐྱེན་དང་པོ་ནི་དགེ་རྒན་ཡིན་པས་སྐབས་དེར་བོད་ཀྱི་རིག་གནས་ལ་ནང་བྱན་ཆུབ་པའི་མཁས་དབང་ནི་རབ་ཏུ་དཀོན་པས་ས་ཆ་གང་ནས་དགེ་བའི་བཤེས་གཉེན་སུ་ཞིག་འཚོལ་དགོས་པ། གང་ནས་གདན་འདྲེན་དགོས་པ་སོགས་ཀྱི་དཀའ་ངལ་དང་གནད་དོན་ཡོད་ཚད་མཆོག་སྤྲུལ་ཐུབ་བསྟན་ཉི་མ་དང་། མཆོག་སྤྲུལ་པདྨ་སྐལ་བཟང་། ལས་བྱེད་ཆོས་དགའ་གསུམ་གྱི་ཕྲག་པར་ལྷུང་ཡོད།
པདྨ་སྐལ་བཟང་རིན་པོ་ཆེ་ནི་སྐབས་དེར་རྫོགས་ཆེན་ཙམ་དུ་མ་ཟད་རྫ་ཆུ་ཁ་སོགས་མདོ་ཁམས་ས་གནས་གཞན་དུའངསྙན་གྲགས་ཅུང་ཆེ་བས་ངོ་ཤེས་རྒྱུས་ཡོད་ཀྱི་མཁས་དབང་དགེ་རྒན་རྒན་རབས་འགའ་ཞིག་བཞུགས་པ་ཁོང་གི་ལམ་སྟོན་འོག་ཐུབ་བསྟན་ཉི་མ་དང་། ཆོས་དགའ་ཁོང་རྣམ་གསུམ་མྱུར་བར་སེར་ཤུལ་རྫོང་དུ་དགེ་རྒན་གདན་འདྲེན་ཞུ་སར་ཕེབས་རྒྱུའི་ཐག་བཅད།
དེ་དུས་རྫོགས་ཆེན་དགོན་མདའ་རུ་ཤང་ཁང་དང་། ཚོང་ཁང་། འབྲུ་ཁང་། སྦྲག་སྲིད་ཁང་། སློབ་ཆུང་ཁང་བཅས་བསྡོམས་པས་རྒྱ་ཁང་དྲུག་བདུན་ལས་མེད་ཅིང་གྲོང་མི་ཡང་ཧ་ཅང་ཉུང་། ཤང་ཐོག་ནས་གོབ་འབུར་མང་བའི་གཞུང་ལམ་ཐབས་ཆག་དེ་གྱུ་ཁུག་ཆེན་པོ་ཞིག་བསྐོར་མཚམས་ཆུ་བོའི་ཕ་རོལ་དུ་བསྲིངས་ཡོད། ཆུ་ཚོད་གསུམ་བཞིའམ་ཡང་ན་ཉིན་ཕྱེད་ཙམ་གྱི་དུས་ཡུན་ལ་རླངས་འཁོར་རེ་རེ་གཉིས་གཉིས་ཙམ་ཐལ་འཚུབ་དགུང་དུ་སྤུར་ནས་འགྲོ་འོང་བྱེད་པ་རྒྱང་རིང་ནས་མཐོང་ཐུབ།
སྐབས་དེར་སློབ་གྲྭ་དེ་ཆ་རྐྱེན་ཞན་པའི་སྒང་ཡིན་པས། ཐ་ན་རླངས་འཁོར་ཐབས་ཆག་ཅིག་ཀྱང་མེད་པས་ཁོང་རྣམ་གསུམ་གྱིས་རྫོགས་ཆེན་རོག་ཆུའི་ཕར་རོལ་གཞུང་ལམ་འགྲམ་ནས་ཉིན་ཕྱེད་ཙམ་སྒུག་རྗེས་ཤིང་འདྲུད་མཁན་གྱི་རླངས་འཁོར་ཞིག་བཀག་སྟེ་དེ་ནུབ་སེར་ཤུལ་རྫོང་ཐོག་ཏུ་ཐོན་ཙམ་བྱུང་། རྫོང་ཐོག་ནས་དགེ་མང་ཤང་དུ་ལེ་དབར་བཞི་བཅུ་ལྷག་ལས་མེད་རུང་སྐབས་དེར་རླངས་འཁོར་འགྲོ་མཁན་ཧ་ལམ་མེད་པས་རྟ་ཞོན་ནས་མི་འགྲོ་ཀ་མེད་བྱུང་། རྒྱ་ཟླ་དྲུག་པའི་རྫ་ཆུ་ཁའི་བྱང་ཐང་དུ་སྐབས་འགར་ཁ་བ་དང་བུ་ཡུག་འཚུབ་བཞིན་ཡོད། གྲང་རླུང་དང་ཁ་སྐྱའི་ཁྲོད་དུ་ཁོང་རྣམ་གསུམ་སེར་ཤུལ་རྫོང་ནས་རྟ་ཞོན་ཏེ་དགེ་མང་དགོན་གྱི་ཕྱོགས་སུ་ཕེབས། གཟན་དཀར་རིན་པོ་ཆེ་དང་ཆོས་དགའ་རྣམ་གཉིས་ཀྱིས་ལུས་ལ་རྒྱ་གོས་སྲབ་མོ་རེ་མནབས་ཡོད་པས་བྱང་ཐང་གི་ལྷགས་རླུང་ནི་སྤུ་གྲི་ལས་ངར་བས་ལུས་ཡོངས་རྫོགས་ཚ་ལྷང་ལྷང་དུ་གཤགས་པས་ལུས་ལ་གོན་པ་གྱོན་ཡོད་པའི་ཚོར་སྣང་ཞིག་སྟེར་མི་ཐུབ། ལྷག་པར་གཟན་དཀར་རིན་པོ་ཆེའི་ཞབས་རྐང་མི་བདེ་བས་རྟ་ལ་ཡུན་རིང་ཞོན་དགོས་ན་དེ་བས་འོ་བརྒྱལ་ཆེ་བ་ནི་བཤད་ག་ལ་དགོས།
པདྨ་སྐལ་བཟང་རིན་པོ་ཆེ་དགུང་ལོ་བཞི་བཅུ་ཙམ་ཡིན་པས་སྐུ་ཤ་ཡང་རྒྱག་པའི་སྒང་ཡིན། ཉི་ཚན་འོག་ཏུ་ཆིབས་རྟར་བཅིབས་ནས་ཡུན་རིང་ཕེབས་པའི་རྐྱེན་གྱིས་ཡིན་ནམ། ཡང་ན་ས་ཁད་མཚོ་འཕགས་མཐོ་བ་གང་གིས་སློང་བ་མི་ཤེས་པར་ཁོང་ལ་ཤངས་ཁྲག་ཐོན་ནས་རྒྱུན་གཅོད་མི་ནུས་པར་རྟ་ཐོག་ནས་དཀར་ཡོལ་ནང་ཤངས་ཁྲག་འཛེད་བཞིན་མུ་མཐུད་ལམ་དུ་ཆས། སྐབས་དེར་དགེ་མང་དགོན་དུ་སྐྱོད་སྐབས་རྫ་ཆུར་ཟམ་པ་མེད་པས་གྲུ་ནང་བཞུགས་ནས་རྫ་ཆུ་ཕར་ཁར་འབུད་དགོས། དེ་དུས་དགེ་མང་དགོན་དུ་མཁན་པོ་དབང་ལོ་དང་། དབང་འདུས། དབང་རྒྱལ་གསུམ་བཞུགས་ཡོད་ཅིང་། པདྨ་སྐལ་བཟང་རིན་པོ་ཆེ་སོགས་ཀྱིས་གདན་འདྲེན་ཡང་ཡང་ཞུས་རྗེས་མཐར་དགེ་མང་མཁན་པོ་དབང་ལོ་སློབ་གྲྭ་རུ་དགེ་རྒན་དུ་ཕེབས་རོགས་གནང་རྒྱུའི་ཐུགས་ཐག་ཆོད། འོན་ཀྱང་། སྐལ་བཟང་རིན་པོ་ཆེ་ཉིན་གསུམ་བར་ད་དུང་ཤངས་ཁྲག་བཞུར་བ་ཆད་མ་ཐུབ་ཅིང་། ས་གནས་དེ་གའི་མི་ཚོས་མེ་ཏོག་སེར་ཆེན་སྐམ་པོ་བདུག་ན་སྣ་ཁྲག་བཅད་ཐུབ་པའི་བཤད་སྲོལ་ལྟར་མེ་ཏོག་སྐམ་པོ་ཡང་ཡང་བདུག་པས་མཐར་ཤངས་ཁྲག་ཆོད་ཐུབ་ཙམ་བྱུང་། སླར་ཀོ་གྲུར་བཞུགས་ནས་རྫ་ཆུ་ཚུར་རོལ་དུ་ཕེབས་ཤིང་། ཤང་ཐོག་ནས་རྫོང་བར་ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཞིག་ཏུ་བཞུགས་ནས་ཕྱིར་སེར་ཤུལ་རྫོང་ཐོག་ཏུ་ཕེབས།
ཕྱིས་སུ་པདྨ་སྐལ་བཟང་རིན་པོ་ཆེའི་སྙན་རྩོམ་གཅེས་བཏུས་སུ་《བྱེས་བགྲོད་ཅིག་གི་རྗེས་དྲན།》ཞེས་པའི་རྩོམ་ཐུང་དུ་འདི་ལྟར་བྲིས་འདུག“ཚ་ལམ་གཅིག་གིས་འགྱང་བའི་བཤུལ་ལམ་གྱི་ས་ལ། །ཉིན་གསུམ་ཉི་མའི་དུས་ཚོད་འགྲོ་སྟངས་ལ་ཟད་པས། །མཐར་ཐུག་ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཡི་འཕོང་ལ། །ཆལ་ཆོལ་སློག་ཧྲུལ་བཅས་པར་འཐམ་ས་ཞིག་རྙེད་སོང་། །ཞལ་རས་བྱང་ཐང་ཐལ་བའི་སྙིགས་མ་ཡིས་གཡོགས་དུས། །སྤྱན་མིག་ཁྲ་ཆུང་མི་གཙང་ས་རྡུལ་གྱིས་བཀང་སོང་། །མཐོ་སྒང་ལྷགས་རླུང་སྤུ་གྲི་ངར་མ་ཡི་རེག་བྱས། །ལུས་ཀྱི་ཚོར་བ་གོས་ཀྱིས་འཐུམ་བཞིན་དུ་ཕྲོགས་སོ། །ཁོང་ལ་ཞལ་རྩེད་ཞུས་པས། །ང་ཡང་གད་མོ་ཤོར་སོང་། །དགྱེས་སྤྲོའི་དྲོད་རླངས་འཐིབས་པས། །ལ་མོ་ནམ་བརྒྱབ་མ་ཤེས།།”
རྫོང་ཐོག་ནས་རླངས་འཁོར་ཆེན་པོ་ཞིག་ཏུ་སྤྲུལ་སྐུ་རྣམ་གཉིས་ཁ་ལོ་འཁོར་ཁང་དུ་བཞུགས་ཞིང་། ཆོས་དགའ་འཁོར་གཞོང་ཐོག་ལ་བསྡད་ནས་རྫོགས་ཆེན་ཆུ་ཕ་རོལ་དུ་ཐལ་བ་འཚུབ་སེར་བབས། དེ་ནས་གཟན་དཀར་རིན་པོ་ཆེ་མུ་མཐུད་དེ་བྲག་འགོ་དང་གསེར་རྟ་སོགས་སུ་དགེ་རྒན་གདན་འདྲེན་ཞུ་སར་ཕེབས་ཤིང་། པདྨ་སྐལ་བཟང་རིན་པོ་ཆེ་དང་ཆོས་དགའ་མུ་མཐུད་དུ་དེ་ག་ནས་ས་གནས་རྫོགས་ཆེན་དུ་སློབ་འགོ་འཛུགས་པའི་གྲ་སྒྲིག་གི་ཕྱག་ལས་ལ་ཞུགས། སྐབས་དེར་སྡེ་དགེ་རྫོང་གི་ཧྲུའུ་ཅི་གེ་སར་དང་། རྫོང་དཔོན་དཀོན་མཆོག་ཡིན་པས་བཀྲ་ཤིས་ཚེ་རིང་གི་བཀའ་ལྟར་སློབ་གྲྭ་འཛུགས་པར་རྒྱབ་སྐྱོར་ཅི་ནུས་བྱེད་བཞིན་ཡོད་ལ་སྡོད་སའི་གུར་སོགས་ཀྱང་མཁོ་སྤྲོད་བྱས། ས་གནས་དེ་གའི་ཤང་གི་འགོ་ཁྲིད་དང་སྐལ་བཟང་རིན་པོ་ཆེའི་རོགས་རམས་འོག །རྫོགས་ཆེན་ཤང་ཐོག་ནས་ཤྲཱི་སེང་གི་གཞུང་ལམ་ཡང་ལས་འགོ་ཚུགས། སྐབས་དེར་རྫོགས་ཆེན་ཕྱོགས་ཀྱི་སློབ་གྲྭའི་གྲ་སྒྲིག་ལས་ཀའི་འབྲེལ་ཡོད་ཀྱི་བྱ་བ་ཆེ་ཆུང་ཚང་མ་པདྨ་སྐལ་བཟང་སྐུ་དངོས་ཀྱི་རོགས་རམ་རྒྱབ་སྐྱོར་ལ་བརྟེན་དགོས་པས་ཁོང་གིས་ཀྱང་དོན་དེ་དག་རང་དོན་དང་འོས་འགན་དུ་བརྩིས་ཏེ་ལན་དང་གླ་རྔན་གང་ཡང་མེད་པར་སྒྲུབ་བཞིན་ཡོད། གཞན་ཡང་ཁོང་གིས་སྐུ་ཚེགས་འོ་བརྒྱལ་འཛེམ་མེད་ཀྱིས་རྫ་ཆུ་ཁ་སོགས་ལ་ཕེབས་ནས་ཨ་རིག་མཁན་ཆེན་པདྨ་ཚེ་དབང་དང་། ཨ་སེ་མཁན་པོ་ཆོས་གྲགས། ཕྱག་ཚ་མཁན་པོ་དུང་མགོ །རབ་སྐོར་མཁན་པོ་ཐུབ་ནོར་སོགས་གདན་ཞུས་མཛད།
དེ་ལྟར་མཆོག་སྤྲུལ་པདྨ་སྐལ་བཟང་རིན་པོ་ཆེ་སོགས་ཀྱིས་སློབ་གྲྭ་འཛུགས་པའི་གྲ་སྒྲིག་ལས་ཀ་ཟླ་བ་གསུམ་བཞི་ཙམ་བསྒྲུབས་ཟིན་མཐར་སྤྱི་ལོ་༡༩༨༡ལོའི་ཟླ་བ་༡༠པའི་ཚེས་༥ཉིན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དེ་སྡེ་དགེའི་རྫོགས་ཆེན་ཤྲཱི་སེང་དུ་སློབ་འགོ་དངོས་སུ་བཙུགས་པའི་མཛད་སྒོ་སྤེལ་ཐུབ་པ་བྱུང་ཞིང་། མཆོག་སྤྲུལ་པདྨ་སྐལ་བཟང་ཡང་ཐེངས་དང་པོའི་དགེ་རྒན་དུ་གདན་དྲངས་པར་མ་ཟད་སློབ་གྲྭ་དེ་ཐོག་མར་འཛུགས་པར་བྱས་རྗེས་ཆེ་བའི་མི་སྣའི་གྲས་སུ་བརྩིས་ཡོད། དེ་ལྟར་གོང་གི་གནས་ཚུལ་མང་པོ་ཞིག་ང་རང་གིས་བོད་ཡིག་སློབ་གྲྭའི་སྔར་གྱི་སློབ་གཙོ་ཆོས་དགའ་ལགས་ལ་དངོས་སུ་བཅར་འདྲི་ཞུས་ནས་ཁོང་གིས་ཞལ་དྲོན་མོས་གསུངས་པ་ཏག་ཏག་ཡིན།
གངས་ཁྲོད་ཀྱི་སྦྲ་གུར་སློབ་གྲྭའི་དཀྱིལ་ཀ
ངས་ད་ཕྱིར་དྲན་བྱེད་སྐབས་པདྨ་སྐལ་བཟང་རིན་པོ་ཆེས་དེ་དུས་རབ་བྱུང་གི་ཆས་མནབས་མེད་པར་ཚ་རུ་ནག་པོ་ཞིག་དང་ཝ་ཞྭ་ཞིག་མནབས་ཡོད། སྐབས་དེར་ཁོང་ལ་དགོན་ནང་གཟིམས་ཤག་མེད་པས་དགོན་མདའི་རྡོ་ཁང་ཞིག་གི་ནང་ཁོང་གི་སྲིང་མོ་དང་ཚ་བོ་ཚ་མོ་རྣམས་དང་ལྷན་དུ་བཞུགས་ཡོད། ཁོང་ནི་རྫོགས་ཆེན་དགོན་པའི་ཤུལ་ལུས་སྤྲུལ་སྐུ་ཆེ་གྲས་ཤིག་ཡིན་པས་སྐབས་དེར་རང་དགོན་པའང་ཆོས་སྒོ་འབྱེད་མ་ཐག་ཡིན་པས་ཁོང་གིས་དགོན་པ་བསྐྱར་གསོའི་ཐད་དང་། བོད་ཡིག་སློབ་གྲྭའི་རྒྱུན་ལྡན་གྱི་བྱ་བ་མང་མོ་ཞིག་གི་འགན་བཞེས་དགོས་ཀྱིན་ཡོད།
སྐབས་དེར་བོད་ཡིག་སློབ་གྲྭ་ཡང་ཚུགས་མ་ཐག་པ་ཡིན་པས་སློབ་གྲྭ་འཚོགས་ས་དང་། དགེ་སློབ་སྡོད་ས་སོགས་ཀྱི་ཆ་རྐྱེན་མང་དག་ས་གནས་དེ་གའི་རོགས་སྐྱོར་ལ་རག་ལས་ཡོད་པས་པདྨ་སྐལ་བཟང་མཆོག་ནི་སྐབས་དེའི་སྦྲ་གུར་སློབ་གྲྭའི་དཀྱིལ་ཀ་ལྟ་བུ་གྱུར་ཡོད་པས་ཁོང་སྐུ་བྲེལ་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཀྱང་ཡིན། ལོ་གཅིག་གི་རྗེས་སུ་ཤྲཱི་སེང་གི་བཤད་གྲྭའི་ཤུལ་དུ་སློབ་མའི་སྡོད་ཁང་དང་དགེ་རྒན་སྡོད་ཁང་། དཔེ་མཛོད་ཁང་། སློབ་ཁང་སོགས་གསར་བཞེངས་བྱེད་སྐབས་ཀྱང་ཁོང་གིས་རྒྱབ་སྐྱོར་ཆེན་པོ་གནང་ཡོད། ད་དུང་སློབ་གྲྭ་ལ་འཚོ་རྟེན་འབྲི་ཟོག་༨༠ཡོད་པའི་འབྲོག་ར་ཞིག་ཀྱང་འཛུགས་རོགས་གནང་ཡོད་པས་སྐབས་དེར་ང་ཚོ་ལ་མར་དང་ཕྱུར་ར་ཅུང་ཙམ་བགོ་རྒྱུ་ཡོད་པའང་ཁོང་གི་བཀའ་དྲིན་ལོས་ཡིན་སྙམ།
སློབ་གྲྭ་དངོས་བཙུགས་ཚར་རྗེས་སློབ་གྲྭ་ལ་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཞིག་ཡོད། རྫོགས་ཆེན་ལ་ཤིང་ནགས་མོད་པོ་མེད་པས་སློབ་མ་ཚོའི་དུས་རྒྱུན་འབུད་རྒྱུ་ནི་ལྕི་བ་ཡིན་པས། རྣམ་ཀུན་སློབ་མ་ཚོ་རླངས་འཁོར་དེར་བསྡད་ནས་འབྲོག་ཐོག་ཏུ་ལྕི་བ་ཉོ་སར་འགྲོ་དགོས། ལྕི་བ་རླངས་འཁོར་གང་ལ་སྒོར་༣༠ ལས་མི་དགོས་པའི་རྒྱུ་མཚན་ཡང་སྐལ་བཟང་རིན་པོ་ཆེས་རྫོགས་ཆེན་ཡུལ་མི་ཚོ་ལ་ལྕི་བ་དགེ་སློབ་ཚོ་ལ་འཚོང་སྐབས་རིན་གོང་ཆེན་པོ་བྱེད་མི་རུང་བའི་སློབ་གསོ་བཏང་བའི་བཀའ་དྲིན་ཡིན་པ་ཤེས་དགོས།
རྫོགས་ཆེན་ནི་མཐོ་གངས་རིའི་རང་མདངས་གསལ་ཞིང་། བར་མཚོ་དང་མཚེའུས་བསྐོར་ལ། སྨད་སྤང་ཐང་དུ་མེ་ཏོག་ཁྱབ་པའི་མི་ཡུལ་གྱི་དག་ཞིང་དང་། མཛེས་སྡུག་ཡིད་དབང་འཕྲོག་པའི་ས་ཆ་ཞིག་ཡིན།
༡༩༨༢ལོའི་ཟླ་བ་༧པའི་ནང་རྫོགས་ཆེན་གྱི་ཞབས་ཆེན་ཕ་ཝང་མདུན་གྱི་རྟ་རྒྱུག་ཐང་དུ་རྩི་མེ་ཏོག་གི་བཀྲག་མདངས་རྒྱས་ཤིང་། རྟ་ནོར་ལུག་གིས་རྩྭ་ཐང་གང་ལ། དཀར་འོ་མའི་རྒྱ་མཚོ་འཁྱིལ་ཞིང་། བལྟས་ན་ཡིད་སྤྲོ་བའི་རྣམ་པས་ཁེངས་ཡོད། རྫོགས་ཆེན་ཤང་དང་རྫོགས་ཆེན་དགོན་པས་རྩ་འཛུགས་བྱས་པའི་རྫོགས་ཆེན་རྟ་རྒྱུག་དུས་སྟོན་ཚེས་པས་པདྨ་སྐལ་བཟང་མཆོག་གིས་ཆེད་དུ་གུར་གྱི་ནང་དུ་གདན་དང་གྲུམ་ཙེ་བཏིང་ནས་དགེ་སློབ་ཚང་མ་གདན་འདྲེན་ཞུས་སོང་།
སྐབས་དེར་མི་སེར་གྱི་འཚོ་བའང་ཅུང་ཇེ་བཟང་དུ་འགྲོ་བཞིན་པའི་སྒང་ཡིན། དེའི་སྔོན་དུ་བོད་ཀྱི་ས་ཆ་རུ་རྟ་རྒྱུག་དུས་ཆེན་སོགས་སྤྲོ་འཛོམས་ཀྱི་གོ་སྐབས་དང་སྟོན་མོ་ཆེན་པོ་མཐོང་རྒྱུ་ཉུང་བས་ངའི་སྣང་ངོར་ལ་རྫོགས་ཆེན་རྟ་རྒྱུག་ལས་ཡག་པའི་དུས་ཆེན་ཞིག་མེད་སྣང་འཆར་བཞིན་ཡོད།
ཞབས་ཆེན་ཐང་དུ་སྦྲ་གུར་ཆེ་ཆུང་མང་པོ་ཕུབས་པ་ནི་ནམ་མཁའི་སྐར་ཚོགས་ཐང་ལ་བཀྲམ་པ་དང་མཚུངས་ཤིང་། གུར་ནང་དུ་ཤ་མར་འཐུད་དང་། ཞོ་འོ་མ། གྲོ་མ་མར་ཁུ། ཀ་ར་ཤིང་ཏོག་སོགས་ཀྱི་ཟས་མཆོག་གྱ་ནོམ་པའི་སྣེ་ལེན་ཐོབ་པ་ནི་ང་རང་མི་ཚེ་གཅིག་གི་ཐེངས་དང་པོ་ཡིན་པས་སྐབས་དེའི་དགའ་སྐྱིད་ཀྱི་ཚོར་སྣང་ནི་བསམ་ཡུལ་ལས་འདས་ཤིང་བརྗོད་ཀྱིས་མི་ལང་བ་ཞིག་གོ།
ལྷག་ཏུ་དྲན་ཚོར་ཟབ་ཤོས་ནི་རྟ་པ་ཚོས་བསང་སྐོར་བྱེད་སྐབས། མཆོག་སྤྲུལ་པདྨ་སྐལ་བཟང་སྐུ་དངོས་ཀྱིས་བྲིས་པའི་གེ་སར་སྒྲུང་གི་སྙན་ངག་དེ་རྟོགས་ལྡན་སྤྲུལ་སྐུས་གསར་བཟོ་གནང་བའི་སྐད་སྒམ་བརྒྱུད་ནས་རྫོགས་ཆེན་པདྨ་ཡེ་ཤེས་ཀྱིས་སྒྲུང་ངག་ཏུ་བསྐྱོར་ཚེ་འཇིག་རྟེན་ཁམས་སུ་དེ་ལས་སྙན་པའི་སྙན་རྩོམ་ཞིག་དང་། དེ་ལས་སྙན་པའི་འགྱུར་ཁུག་ཅིག་ཡོད་མི་སྲིད་པའི་སྣང་བ་ཞིག་འཆར་བཞིན་ཡོད། བསང་དུད་ཀྱི་དྲི་བསུང་དང་རྟ་མཆོག་གི་རྨིག་སྒྲ། སྙན་འཇེབས་ཀྱི་སྒྲུང་ངག་དེ་དག་ཡངས་པའི་རྩྭ་ཐང་དུ་འདྲེས་དུས་ངའི་སྙིང་དམར་པོ་ཡང་ཕྱི་རུ་འཕགས་ལ་ཁད་ཀྱི་ཚོར་བ་ཟབ་མོ་ཞིག་སྟེར་སོང།
སྟག་མཛེས་མཚོ་ཁ་ནས་རྒྱུགས་ཡིག་བཅོས།
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དེ ༡༩༨༡ ལོར་སློབ་འགོ་ཚུགས་རུང་སློབ་མ་དངོས་སུ་བསྡུ་བའི་དུས་ཚོད་ནི་༡༩༨༢ལོའི་ཟླ་བ་བདུན་པ་ཡིན། སྐབས་དེའི་བོད་ཡིག་སློབ་གྲྭར་ཞུགས་མཁན་ཕལ་ཆེར་དགོན་སྡེ་དང་སྤྱི་ཚོགས་ཐོག་གི་རིག་གནས་ཀྱི་ཆུ་ཚད་ཅུང་བཟང་གྲས་དག་ཡིན། ང་རང་སློབ་ཆུང་གི་ལོ་རིམ་བཞི་པའི་འགོ་ཚུགས་མ་ཐག་བོད་ཡིག་སློབ་གྲྭ་རུ་ཞུགས་པས་བོད་ཡིག་གི་ཆུ་ཚད་དམའ་ཤོས་ཀྱི་གྲས་སུ་གྱུར་འདུག །ང་རང་བོད་ཡིག་སློབ་གྲྭར་མ་ཡོང་བའི་སྔོན་དུ་སློབ་ཆུང་ནས་བོད་ཡིག་འདོན་ཤེས་ཙམ་ལས་སུམ་རྟགས་དང་སྙན་ངག །སྒྲ་ཚད་སོགས་ཀྱི་མིང་ཙམ་ཡང་ཕལ་ཆེར་ཐོས་མ་མྱངས་པའི་ཚོད་དུ་ཡོད། འོན་ཏེ། ཟླ་ཤས་རྗེས་སུ་སློབ་མ་དངོས་སུ་བསྡུ་བའི་རྒྱུགས་སྤྲོད་རན་པས་སུམ་རྟགས་སོགས་ཀྱི་དཔེར་བརྗོད་བློ་འཛིན་ཁོ་ན་བྱེད་པ་ལས་དོན་ཅི་ཡང་གོ་བཞིན་མི་འདུག།
སློབ་མ་དངོས་སུ་བསྡུ་བའི་རྒྱུགས་སྤྲོད་ཀྱི་དུས་ཚོད་ཐོན་སོང་། རྒྱུགས་ཡིག་གི་ནང་དོན་གསང་བ་བྱེད་ཆེད་གཟན་དཀར་རིན་པོ་ཆེ་དང་། མཆོག་སྤྲུལ་པདྨ་སྐལ་བཟང་། མཁན་པོ་རྡོར་ལོ་སོགས་སྟག་མཛེས་མཚོ་ཁ་རུ་གུར་ཕུབས་ནས་རྒྱུགས་ཡིག་བཟོ་བ་དང་། རྒྱུགས་ཡིག་བཅོས་པའི་ཕྱག་ལས་གནང་སར་ཕེབས་སོང་།
དབྱར་གྱི་མེ་ཏོག་རྒྱས་བཞིན་པའི་ཉིན་ཞིག་ལ་རྒྱུགས་སྤྲོད་ཀྱི་འགོ་ཚུགས་སོང་། ང་རང་གིས་རྒྱུགས་ཤོག་ལ་བལྟས་པས་བློར་བསྐྱོར་ཟིན་པའི་ནང་དོན་རེ་འགའི་ལན་འབྲི་ཤེས་ཀྱི་འདུག །འོན་ཀྱང་བསམ་ཡུལ་ལས་འདས་པའི་ནང་དོན་མང་པོ་ཞིག་ཀྱང་ཐེངས་དང་པོ་མཐོང་སོང་། ས་བཅུ་དང་ལམ་ལྔ་གང་དག་རེད། ཚད་མའི་མཚན་ཉིད་བྲིས་ཅེས་པ་སོགས་མང་པོ་འདུག །ལམ་ལྔ་གང་ཡིན་ཞེས་པའི་ལན་དུ་བྱ་ལམ་དང་། རྐང་ལམ། གཞུང་ལམ། ཟོག་ལམ་སོགས་འབྲི་མཁན་ནི་ང་ཙམ་གྱིས་མི་ཚད་པར་ད་དུང་ཁ་ཤས་འདུག་ཟེར། དེ་ལས་བག་ཆགས་ཆེས་ཟབ་ཤོས་ནི་རྫོགས་ཆེན་གྱི་རང་བཞིན་བརྗོད་པའི་རྩོམ་ཡིག་ཅིག་བྲིས་ཞེས་པ་ལ་ང་རང་གིས་མཁན་པོ་དིས་ཆུང་བློ་ཆོས་ཀྱིས་རྩེད་མཚར་ཚུལ་དུ་རྫོགས་ཆེན་ལ་བྲིས་པའི་རང་བཞིན་བརྗོད་པའི་རྒྱན་ཏེ།“གངས་ཀྱི་རི་རྣམས་ཟླ་ལྟར་དཀར་། །ཡུལ་གྱི་མི་རྣམས་གཡུ་ལྟར་སྔོ། །ཆུ་རྣམས་ག་བུར་རེག་ལྟར་བསིལ། །རླུང་རྣམས་སྤུ་གྲིའི་སོ་ལྟར་ཚ། །”ཞེས་པའི་རྩོམ་དེ་བློ་ལ་ཡོད་པས་ཡིག་ནོར་མང་པོ་ཞིག་དང་བཅས་མྱུར་དུ་བྲིས་པ་ཡིན། ངའི་རྒྱུགས་ཡིག་བཅོས་མཁན་ཏག་ཏག་སྐལ་བཟང་རིན་པོ་ཆེ་ཁེལ་བས་ཁོང་གིས་རྒྱུགས་ཡིག་ཐོག་ཏུ་རྩོམ་ལན་ཞིག་ཀྱང་གནང་ཡོད་པ་རྗེས་སུ་གཞི་ནས་ཤེས་སོང་། དོན་དེ་ཤིག་གི་ཐོག་ལ་སྟ་རེ་ཟེར་བའི་དཔེ་ལས་མ་འདས་རུང་། གང་ལྟར་ངའི་རྒྱུགས་ཤོག་ལ་སྐལ་བཟང་རིན་པོ་ཆེའི་མཐོང་ཆེན་ཐོབ་པའང་ལས་འབྲེལ་བཟང་པོ་ཞིག་ལོས་ཡིན་སྙམ། དགེ་རྒན་རྣམ་པས་རྒྱུགས་ཡིག་བཅོས་ཚར་ནས་སློབ་མ་དངོས་སུ་བསྡུ་བའི་འགོ་ཚུགས་སོང་། དགའ་འོས་པ་ཞིག་ལ་ང་རང་གིས་ཀྱང་རྒྱུགས་འཕྲོད་ཙམ་གྱུར་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དངོས་ཞུགས་ཀྱི་སློབ་མ་ཞིག་ཏུ་གྱུར་སོང་། སྐབས་དེར་པདྨ་སྐལ་བཟང་རིན་པོ་ཆེ་ནི་ཕྱོགས་གཅིག་ནས་སློབ་གྲྭའི་ཕྱག་ལས་མང་པོ་ཡོད་ཅིང་། ཕྱོགས་གཞན་ཞིག་ནས་དགོན་པའི་འགན་ཡང་ལྕི་བས་ཕྱག་ལས་ཧ་ཅང་བྲེལ་རུང་ཁོམ་པ་ཡོད་དུས་དགེ་རྒན་རྣམས་ཀྱི་སློབ་ཁྲིད་ལའང་གསན་བཞིན་ཡོད། སྐབས་འགར་མཁན་པོ་བློ་ཆོས་མདུན་ནས་སྙན་ངག་ཀྱང་གསན་བཞིན་ཡོད་པས། མཁན་པོ་བློ་ཆོས་ཀྱིས་ནམ་རྒྱུན་སྐལ་བཟང་རིན་པོ་ཆེ་ནི་རང་བཞིན་གྱིས་རིག་པ་རྣོ་བས་ཅི་ཞིག་བསླབ་ན་མྱུར་བར་ཐོགས་རྡུགས་མེད་པར་མཁྱེན་འགྲོ་བས་སྤྲུལ་སྐུ་ཟེར་བ་འདི་འདྲ་ལོས་ཡིན་ཞེས་བསྔགས་བརྗོད་ཡང་ཡང་གནང་བ་ཐོས་མྱོང་།
བསྟན་འགྲོའི་སླད་དུ་སྐུ་ལུས་ལ་བརྡབས་སྐྱོན་ཐེབས་པ།
དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་བོད་ཕྱོགས་ཀྱི་འགྲོ་ལམ་ཧ་ཅང་སྟབས་མི་བདེ་བས། རྫོགས་ཆེན་ནས་ཁྲེང་ཏུའུ་རུ་བྱ་བ་བསྒྲུབ་སར་སོང་ན་མ་མཐའ་ཡང་ཉིན་བཞི་ཙམ་འགྲོ་དགོས་པས་གཞུང་ལམ་ཡང་བདེ་མོ་མེད་པས་རླངས་འཁོར་ལོག་པ་དང་ཤི་རྨས་འབྱུང་བ་ཡང་ནམ་རྒྱུན་མཐོང་ཐོས་མང་ཤོས་ཤིག་ཡིན། སྐལ་བཟང་རིན་པོ་ཆེ་དུས་རྒྱུན་སློབ་གྲྭའི་དོན་དུ་དཀར་མཛེས་རྫོང་དང་། དར་མདོ། ཁྲེང་ཏུའུ་སོགས་སུ་ལོ་རེར་ཐེངས་མང་ཕེབས་དགོས། ༡༩༨༢ལོའི་དགུན་དུས་ཤིག་ལ་ཁོང་ཁྲེང་ཏུའུ་ཕེབས་པའི་ལམ་བར་པེ་ཅིང་རྟགས་ཅན་རླངས་འཁོར་སེར་རིལ་མ་དེ་བྲག་འགོ་རྫོང་ཁོངས་ཀྱི་ས་ལམ་དོགས་པོའི་ལམ་འགག་ཞིག་ནས་ཡར་འོང་བའི་རླངས་འཁོར་ཆེན་མོ་ཞིག་དང་གདོང་ཐུག་ནས་ཁོང་གི་སྐུ་ལུས་ཡོངས་དང་ལྷག་པར་ཞབས་རྐང་དང་ཞལ་རས་སྤྱན་སོགས་ལ་བརྡབས་སྐྱོན་དྲག་པོ་བཟོས་པས་ཡུན་རིང་སྨན་ཁང་དུ་བཞུགས་དགོས་བྱུང་། སྐབས་དེར་ཁོང་དང་མཉམ་དུ་རླངས་འཁོར་ནང་བཞུགས་པའི་ཆོས་ཀྱི་རྒྱལ་མཚན་དང་། གྲོ་རིས། ཁ་ལོ་བ་འགྱུར་མེད་སོགས་ལ་ཡང་རྨས་སྐྱོན་ཚད་ཆེ་ཆུང་འདྲ་མིན་ཐེབས། ཐེངས་དེའི་དོན་རྐྱེན་གྱིས་ཁོང་གི་སྐུ་ཚེ་ཧྲིལ་པོར་སྐུ་ལུས་ལ་མི་བདེ་བའི་སྐྱོན་ད་བར་གནས་ཡོད།
“ཆུ་ཆེན་གཙང་པོའི་འགོ་མོ་གངས་དཀར་ལ་ཐུག་ཡོད། །ཆུ་རྒྱུན་ཡངས་པའི་ཞིང་ས་གཤིན་པོ་ལ་དྲངས་སོང་། །སྟོན་གསུམ་ཞིང་ལ་འབྲུ་དྲུག་ལོ་ཏོག་ཏུ་སྨིན་དུས། །ཆབ་བདག་གངས་ཀྱི་རི་བོ་སྙིང་དབུས་ནས་མ་བརྗེད།།”ཅེས་པའི་སྐལ་བཟང་རིན་པོ་ཆེའི་སྙན་རྩོམ་ཤོ་ལོ་ཀའི་འདིའི་བརྗོད་དོན་བཞིན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ངོས་ནས་བཤད་ན་སྐལ་བཟང་རིན་པོ་ཆེ་ནི་སློབ་གྲྭ་ཐོག་མར་འཛུགས་སྐབས་མེད་ན་མི་རུང་བའི་མི་སྣ་གཙོ་བོ་ཞིག་ཡིན་པས་ཁོང་གིས་ཐུགས་བློ་ལྷག་བསམ་རྣམ་པར་དག་པས་བོད་ཡིག་སློབ་གྲྭའི་འཕེལ་རྒྱས་ལ་མཛད་རྗེས་བླ་ན་ཆེ་བ་བཞག་ཡོད་པས་ད་ལྟ་བོད་ཡིག་སློབ་གྲྭ་བཙུགས་ནས་བགྲང་བྱ་བཞི་བཅུ་ལྷག་འཁོར་ཡང་ཁོང་གི་བཀའ་དྲིན་ནི་དུས་ནམ་ཡང་བརྗེད་མི་རུང་བ་ཞིག་རེད་སྙམ། བོད་ཡིག་སློབ་གྲྭ་འདི་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་རྒྱས་སུ་བྱུང་ནས་བོད་ཀྱི་ཤེས་ཡོན་པ་ཁྲི་ལྷག་གསོ་སྐྱོང་བྱུང་བའི་རྨང་རྡོ་འདིང་མཁན་ནི་མཆོག་སྤྲུལ་པདྨ་སྐལ་བཟང་རིན་པོ་ཆེ་ཉིད་དང་ཁོང་འདྲ་བའི་མི་བུ་དམ་པ་རླབས་ཆེ་ཞིང་ཐུགས་སྟོབས་ཤེས་རབ་ཟླ་མེད་པ་དག་ཡིན་པས་ང་ཚོ་རྗེས་རབས་པ་ཚོས་ཁོང་རྣམ་པའི་རླབས་ཆེན་གྱི་སྙིང་སྟོབས་ལ་སློབ་སྦྱོང་དང་ཁོང་རྣམ་པའི་མཛད་རྗེས་ལ་ཡི་རངས་ཞུ་འོས་པ་ཞིག་རེད་སྙམ།
དེ་བས་ཁོང་རྣམ་པའི་གངས་ལས་དཀར་བའི་ལྷག་བསམ་དེ་ཁྲོ་ཟིལ་ཁྲོམ་སྲིད་པའི་གངས་རྒྱལ་དུ་འཐིམས་ཡོད་ལ་ཁོང་རྣམ་པའི་ཡལ་མེད་ཀྱི་ཕྱག་རྗེས་རེ་རེ་ཡང་རྫོགས་ཆེན་གྱི་ཡངས་པའི་ས་གཞི་རུ་སིམ་ཡོད།
པདྨའི་ཐང་དུ་སྐལ་བཟང་མེ་ཏོག་གི་འདབ་སྟོང་གྲོལ།
ང་རང་རྫོགས་ཆེན་དང་ཁ་བྲལ་ནས་མི་ལོ་སུམ་ཅུ་སོ་དྲུག་ཙམ་སོང་ཡང་སྐབས་དེ་རྫོགས་ཆེན་ནས་སློབ་སྦྱོང་བྱེད་ཚུལ་དང་། མཆོག་སྤྲུལ་པདྨ་སྐལ་བཟང་གི་འཛུམ་ཞལ་ནི་ཁ་སང་སོ་མ་མཇལ་བ་ཇི་བཞིན་གསལ་ལྷང་ངེར་ད་དུང་ཡིད་ངོར་ཡལ་མེད་དུ་འཁོར་བཞིན་འདུག།
ཁོང་ནི་ང་རང་ཚོ་ལ་བཀའ་དྲིན་ཆེ་བ་དུས་ནམ་ཡང་ཤེས་བཞིན་ཡོད་རུང་། ཁོང་མ་མཇལ་ནས་དུས་ཚོད་ཡུན་རིང་ཞིག་ཀྱང་སོང་ཟིན། ན་ནིང་དབྱར་ཁ་ང་རང་རྫོགས་ཆེན་དུ་ཐེངས་ཤིག་སོང་ནས་ཁོང་བཞུགས་སའི་པདྨ་ཐང་གི་སྒྲུབ་གནས་སོགས་ལ་ལྟ་བསྐོར་རེ་བྱས། སྐབས་དེར་ཁོང་ཉིད་སྐུ་མཚམས་སུ་བཞུགས་ཡོད་པས་མཇལ་བའི་གོ་སྐབས་མ་ཐོབ་རུང་ཁོང་གི་མཛད་རྗེས་ལ་ཡི་རངས་ཧངས་སང་ཆེན་པོ་ཞིག་སྐྱེས་སོང་།
ཁོང་གི་ཐུགས་ཁུར་ཟབ་མོའི་འོག་སྤྱིར་རྫོགས་ཆེན་དགོན་པའི་ཕྱི་ནང་གསང་གསུམ་ལ་འགྱུར་བ་ཆེན་མོ་བྱུང་བ་དང་། སྒོས་སུ་ཤྲཱི་སེང་གི་བཤད་གྲྭ་དང་། པདྨའི་ཐང་གི་སྒྲུབ་གྲྭ་སོགས་ཀྱི་ཕྱིའི་བཀོད་པ་དང་ནང་གི་བསླབ་པ་སློབ་གཉེར་སོགས་ཕྱོགས་གང་ཐད་ནས་ཚད་མཐོན་པོའི་འཕེལ་རྒྱས་ཆེན་པོ་ཕྱིན་པ་མཐོང་དུས་ཁོང་ལ་གུས་བཀུར་དང་བཅོས་མིན་གྱི་དད་སེམས་ཤིག་ལྷག་ཏུ་སྐྱེས་སོང་།
《 རྩོམ་པ་པོ་རྒན་དཀོན་མཆོག་རྡོ་རྗེ། 》
མི་ལོ་བཞི་བཅུའི་སྔོན་གྱི་གྱང་རལ་དེ་དག་དེང་སྐབས་གྲལ་བསྟར་འགྲིགས་ཤིང་། བཀོད་ལེགས་སྤུས་བཟང་གི་གྲྭ་ཤག་དང་། ལྷ་ཁང་། གཙུག་ལག་ཁང་གིས་ལྷའི་གྲོང་ཁྱེར་ལྟར་གྲུབ་ཅིང་། གསེར་གྱི་རྒྱ་ཕིབས་ལས་གསེར་འོད་ལམ་ལམ་ཕྱོགས་ཀུན་འཕྲོ་བཞིན་འདུག
མི་ལོ་བཞི་བཅུའི་སྔོན་གྱི་ན་འདམ་དང་གྲམ་པ་དེ་དག་དེང་སྐབས་རྩི་ཤིང་ནགས་ཚལ་དང་སྔོ་ལྗང་གི་སྤང་ཐང་སྐྱེད་མོས་ཚལ་དུ་འགྱུར་འདུག
མི་ལོ་བཞི་བཅུའི་སྔོན་དུ་དགོན་ཁྱི་ཚོའི་རྣ་བ་གཟན་པའི་འུར་སྒྲ་ཐོས་རྒྱུ་མེད་པར་དེང་སྐབས་དཔེ་ཀློག་འཆད་རྩོད་ཀྱི་སྒྲ་དབྱངས་དང་བྱ་བྱིའུའི་སྒྲ་འགྱུར་རྣ་བར་སྙན་ནོ།།
མི་ལོ་བཞི་བཅུའི་སྔོན་གྱི་པདྨའི་ཐང་སྟོང་དེ་དེང་སྐབས་བཤད་སྒྲུབ་ཀྱི་བསྟན་པ་རྒྱས་པའི་སྒྲུབ་གནས་གལ་ཆེན་ཞིག་ཏུ་འགྱུར་ཞིང་། པདྨ་སྐལ་བཟང་རིན་པོ་ནི་པདྨའི་ཐང་དུ་བཞད་པའི་འདབ་སྟོང་ཕྱོགས་བརྒྱར་གྲོལ་བའི་སྐལ་བཟང་མེ་ཏོག་བཞིན་སྐལ་ལྡན་ར་ཡིག་གཉིས་པའི་སློབ་ཚོགས་ལ་ཆོས་ཀྱི་སྦྲང་རྩི་གྱ་ནོམ་པ་བསྩལ་ནས་སྐུ་ཡི་གཟི་མདངས་ཉི་མ་ལས་བརྗིད་ཅིང་། གསུང་གི་ཆོས་དབྱངས་པི་ཝང་ལས་སྙན་པ། ཐུགས་ཀྱི་མཁྱེན་རྒྱ་ནམ་མཁའ་ལས་ཡངས་པའི་ངང་བཞུགས་འདུག
སླད་ཆར་ཁོང་གི་སྐུ་ཚེ་ཞབས་པད་མི་འགྱུར་རྡོ་རྗེ་ལྟར་རབ་ཏུ་བརྟན་ཞིང་མཛད་པའི་འཕྲིན་ལས་བསྐལ་བརྒྱའི་བར་མཐའ་ཡས་ཀུན་གསལ་སྒེག་མོས་གང་ཁེབས་དེར་གཏུགས་པའི་སྨོན་འདུན་ཡང་ཡང་ཞུའོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།