ཁྱབ་བདག་རྫོགས་ཆེན་པའི་<<གསུང་འབུམ>>བགྲོ་གླེང་སྤྱི་བསྡོམས་རང་བཞིན་གྱི་ཁ་བརྡ།

WechatIMG493.jpeg

གཅན་རོང་བསྟན་འཛིན་ཚང་།

ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་མཆོག་གི་<<གསུང་འབུམ>>བགྲོ་གླེང་སྤྱི་བསྡོམས་རང་བཞིན་གྱི་ཁ་བརྡ།

བཀུར་འོས་པའི་བླ་སྤྲུལ་མཁན་པོ་དང་མཁས་དབང་རྣམ་པ།

དེ་རིང་གི་གླེང་གཞིའི་<<གསུང་འབུམ>> ནི། བརྗོད་བྱ་དོན་གྱི་ཆ་ནས་རྒྱ་ཆེ་ཞིང་གཏིང་ཟབ་ལ་རྗོད་བྱེད་ཚིག་གི་ཆ་ནས་བརྗིད་ཆགས་ཤིང་གཏན་ཚིགས་རང་བཞིན་འབུར་དུ་ཐོན་པ་མ་ཟད། ཐེངས་འདིའི་བགྲོ་གླེང་བ་ཚང་མ། གཞུང་ལུགས་རབ་འབྱམས་སྨྲ་བའི་མཁན་སྤྲུལ་ཆེན་པོ་དང་། གནའ་དེང་རིག་གཞུང་མཁྱེན་པའི་དྲན་དབང་། ཐོས་སྒོམ་ཟུང་དུ་འཇུག་པའི་རྟོགས་ལྡན། གནའ་དེང་ཟུང་དུ་འཇུག་པའི་སློབ་གསོ་བ་དང་རྩོམ་གཤེར་པ། རྒྱལ་ཁམས་རིག་པས་བསྐོར་བའི་བརྡ་འཕྲིན་པ་འབའ་ཞིག་གིས་གྲུབ་ཅིང། ཤེས་ཡོན་དང་མཁྱེན་རྩལ་གྱི་ལྗིད་ཚད་ལྡན་པས། ཕྲན་ལྟ་བུས་སྤྱི་བསྡོམས་རང་བཞིན་གྱི་བགྲོ་གླེང་ངོ་མ་ཞིག་ཐོན་དཀའ་ནའང་། དམ་པས་ཐུགས་འགན་བཞག་པ་ལྟར་གུས་པ་དང་བཅས་<<གསུང་འབུམ>>གྱི་ཤེས་རབ་རང་བཞིན་དང་བརྩེ་སེམས་རང་བཞིན།རྩལ་ནུས་རང་བཞིན།བགྲོ་གླེང་རང་བཞིན་སོགས་ཚན་པ་བཞིའི་སྒོ་ནས་ཉུང་ཙམ་ཞིག་ཞུས་ན།

WechatIMG481.jpeg

གཅིག   <<གསུང་འབུམ>>འདི་ཉིད་ཤེས་རབ་ཀྱི་ཉི་མ་སེར་པོ་ཞིག་རེད།

ཁྱབ་བདག་རྫོགས་ཆེན་པའི་<<གསུང་འབུམ>>འདི་ཉིད་ཀྱི་མགོ་མཇུག་བར་གསུམ་ཀུན་ཏུ་ཤེས་རབ་དང་རིག་གནས་ཀྱི་འོད་ཕྲེང་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད་པས། འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཉིད་ཀྱི་མུན་པ་སེལ་ཞིང་ཕྱི་ནང་གསང་བའི་ཤེས་རབ་ཀྱི་གཏེར་སྒོ་བརྒྱ་ཕྲག་འབྱེད་པའི་གསེར་ནག་གི་ལྡེ་མིག་ཆེན་པོ་ཞིག་སྟེ། ལྡེ་མིག་འདིས་ཀུན་རྫོབ་གནས་ལྔ་རྟོག་པའི་ཤེས་རབ་ཀྱི་ནང་སྙིང་ལྷང་ངེར་འབྱེད་ཅིང་། དོན་དམ་གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་དགོངས་སྲོག་ལྷན་ནེར་བཀྲོལ་ལ། སེམས་ཅན་དོན་བྱེད་ཀྱི་བྱང་ཆུབ་རིག་པའི་ཤེས་རབ་རིན་པོ་ཆེའི་ཐུགས་གཏེར་ལྷམ་མེར་ཕྱེས་དང་འབྱེད་བཞིན་པའི་གོ་རིམ་གྱི་ཁྲོད་ནས།<<གསུང་འབུམ>>

འདི་ཉིད་རང་བཞིན་གྱིས་ཕྱི་ཐུན་མོང་རིག་པའི་གནས་ཆེན་གནས་ཆུང་བཅུའི་ཉིན་བྱེད་གཞོན་ནུ་དུས་རབས་ཀྱི་མཁའ་དབྱིངས་སུ་འདྲེན་པའི་རྟ་མཆོག་སྤུན་བདུན་དུ་གྲུབ་པ་མ་ཟད། ནང་ཐུན་མིན་དེ་བཞིན་ཉིད་ཀྱི་ཤེས་རབ་རིན་པོ་ཆེའི་སྦུབས་བརྒྱ་འབྱེད་པའི་གསེར་གྱི་མིག་ཐུར་ངར་མར་གྱུར་པ་དང་ཆབས་ཅིག་ཏུ་འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གྱི་དགོངས་མཐིལ་ཟབ་མོ་པོད་ཕྲེང་སོ་གཉིས་ཀྱི་ཟུར་སོ་སོར་རྒྱ་མཚོ་དང་རྦ་རླབས་བཞིན་དབྱེར་མེད་དབྱིངས་གཅིག་ཏུ་འདྲེས་ཡོད་པས། གནའ་དེང་གི་ཤེས་རབ་རང་བཞིན་དང་སྒོ་འབྱེད་རང་བཞིན། བསམ་བློ་རང་བཞིན། རིག་གཞུང་འཆམ་མཐུན་རང་བཞིན་སོགས་འབུར་དུ་ཐོན་ཡོད་པ་དང་། ཁྱད་པར་དུ་སེམས་ཅན་སྤྱི་དང་ནང་སྒོས་སུ་འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་གཤིས་ཀའམ་ཆོས་ཉིད་རིག་པའི་མཐོ་ཚད་ནས་སེམས་ཅན་ཐམས་ཅད་འདྲ་མཉམ་འཆམ་མཐུན་དང་བརྩེ་སེམས་འཕེལ་རྒྱས་ཏེ། དམའ་རིམ་གྱི་འགྲོ་བ་འབྲིང་རིམ་གྱི་བྱང་ཆུབ་སེམས་དཔའ་དང་། འབྲིང་རིམ་གྱི་བྱང་ཆུབ་སེམས་དཔའ་མཐོ་རིམ་གྱི་སངས་རྒྱས་སུ་འགྱུར་ཆོག་ཆོག་ཡིན་པའི་རང་ཅག་མི་དང་བྱང་ཆུབ་སེམས་དཔའ། སངས་རྒྱས་བཅས་ཀྱི་བར་ལ་འདྲ་མཉམ་གྱི་ཟམ་ཆེན་ཞིག་བཞེངས་པ་འདིས་འགྲོ་བ་མིའི་རིགས་ཀྱི་བསམ་བློ་འཕེལ་རྒྱས་ལ་ནུས་ལྡན་གྱི་སྒུལ་ཤུགས་གསར་བ་ཞིག་བྱིན་དང་སྟེར་བཞིན་ཡོད་པ་དང་མཉམ་དུ། "མ་དག་དག་མ་དག་པ་དང་། ། ཤིན་ཏུ་རྣམ་དག་གོ་རིམ་བཞིན། ། སེམས་ཅན་བྱང་ཆུབ་སེམས་དཔའ་དང་། ། སངས་རྒྱས་ཞེས་བྱར་རབ་བརྗོད་དོ། ། "ཞེས་པའི་དགོངས་སྲོག་གསལ་བར་ཕྱེས་པ་ལ་བརྟེན་ནས། རིག་གཞུང་ཐད་ཀྱི་དཀའ་ཁག་དང་རྨོངས་ཁུལ་གང་མང་ཞིག་རང་འགགས་སུ་གྱུར་ཏེ་གནའ་དེང་རིག་གཞུང་འཆམ་མཐུན་ལ་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིངས་དང་གཏོང་བཞིན་པའི་རིན་ཐང་ཆེན་པོ་ལྡན་པ་རེད། དེ་ལྟར་ཁྱབ་བདག་འཇམ་དཔལ་གཞོན་ནུས་རང་གི་རིགས་བདག་འཇམ་དཔལ་དཔའ་བོའི་ཚོགས་ལས། དབང་ལུང་ཁྲིད་མན་ངག་གི་བྱིན་ཆེན་བདུད་རྩི་བླངས་པའི་ཁྲོད་ནས་ཐོས་བྱུང་ཤེས་རབ་ཀྱི་ཡལ་འདབ་རྒྱས་ཤིང་། བསམ་བྱུང་ཤེས་རབ་ཀྱི་མེ་ཏོག་བཞད་ལ། སྒོམ་བྱུང་ཤེས་རབ་ཀྱི་འབྲས་བུ་གཡུར་དུ་ཟ་བའི་གོ་རིམ་ལས་འཆད་རྩོམ་ཟུང་འཇུག་དང་མདོ་སྔགས་དབྱེར་མེད། གནའ་དེང་གཅིག་འདྲེས་སུ་གྱུར་བའི་དགོངས་གཏེར་ཡིག་འབྲུ་དང་གླེགས་བམ་གྱི་གཟུགས་སུ་བྱོན་པའི་<<གསུང་འབུམ>>འདི། མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་འཇིགས་དང་སྡུག་བསྔལ་ཀུན་ལས་འཆོས་བྱེད་ཤེས་རབ་ཀྱི་རལ་གྲི་ཆེན་པོ་དང་། ངན་འགྲོའི་གཡང་ལས་སྐྱོབ་བྱེད་སྙིང་རྗེའི་ལྕགས་ཀྱུ་ངར་མའི་ཡོན་ཏན་ཟུང་འཇུག་ཏུ་རྫོགས་པས། འགྲོ་བ་མིའི་རིགས་ཀྱི་ཕྱི་ནང་གསང་བའི་དཔལ་ཡོན་རྒྱས་བྱེད་ཀྱི་ཡིད་བཞིན་ནོར་བུ་རེད།

WechatIMG497.jpeg

གཉིས།<<གསུང་འབུམ>>ནི་བརྩེ་སེམས་ཀུན་སྤྱོད་ཀྱི་ཟླ་བ་དཀར་པོ་ཞིག་རེད།                                                        

ཤེས་རབ་གསུམ་གྱི་ཀླུང་ཆེན་བརྡོལ་བ་ལས་སྐྱེས་པའི་བརྩེ་ཆེན་སྙིང་རྗེའི་ཟླ་བ་གཞོན་ནུ་འདི་ཉིད།འཆད་རྩོམ་བགྲོ་གླེང་གི་ཟུར་ཚད་རེ་རེས་ཀློག་པ་པོ་དང་ཉན་པ་པོ་མི་འདྲ་བའི་གདུལ་བྱའི་ཞིང་ས་ཆེན་པོར་གཞན་ཕན་ཀུན་སྤྱོད་རིག་གནས་ཀྱི་དཔྱིད་དཔལ་འབར་ཞིང་། འགྲོ་བ་སེམས་ཅན་ཐམས་ཅད་དང་སྨྲ་ཞིང་དོན་གོ་བའི་འགྲོ་བ་མིའི་རིགས་ལ་མི་དང་མིའི་བར་གྱི་འབྲེལ་བ་ནི་ཕ་མ་དང་བུ་ཕྲུག་གི་འབྲེལ་བ་ཡིན་པའི་རླབས་ཆེན་གྱི་བསམ་བློ་དེ། མཐའ་མེད་འཁོར་བར་སྐྱེས་པ་ན་ཕ་མར་མ་གྱུར་གཅིག་ཀྱང་མེད་པའི་གཏན་ཚིགས་ཀྱིས་གོ་བརྡ་སྤྲད་ཡོད་པས། ། སྨྲ་ཤེས་མཁན་ཞིག་ཡིན་ན"མ་བུའི་འབྲེལ་བ"ཞེས་པའི་ཚིག་འབྲུ་འདི་ཡིད་བཟླས་ཐེངས་འགའ་བྱས་ཚེ། སེམས་ཅན་དང་སེམས་ཅན་བར་ལ། མིའི་རིགས་དང་མིའི་རིགས་བར་ལ། མིའི་རིགས་དང་རང་བྱུང་ཁམས་ཀྱི་བར་ལ་མི་རིགས་དང་མི་རིགས་བཅས་ཀྱི་བར་ལ་ཐུན་མོང་མ་ཡིན་པའི་བརྩེ་དུང་དང་འཆམ་མཐུན་གྱི་འདུ་ཤེས་གསར་བ་ཞིག་ཆགས་ངེས་རེད།  དེ་བས། དེ་རིང་གི་མི་རིགས་ང་དྲུག་ནི་མེ་ཏོག་གི་འདབ་མ་ང་དྲུག་ཡིན་པ་མ་ཟད། དེ་བས་ཀྱང་ཆེས་རིན་ཐང་ཆེ་བ་ནི་མ་བུའི་བརྩེ་དུང་གི་འབྲེལ་བ་ཡོད་པའི་འདབ་མ་ང་དྲུག་ཡིན་པའི་འདུ་ཤེས་ཆགས་ཚེ། མི་རིགས་འཆམ་མཐུན་གྱི་ཟེའུ་འབྲུ་ནང་ནས་གཏམས་ཤིང་། དཔལ་ཡོན་གྱི་དྲི་བསུང་མངར་མོ་ཟླུམ་པོ་གོ་ལའི་ཁྱོན་དུ་ཁྱབ་པས། རིག་གཞུང་ཞི་བདེའི་གོམ་པ་དང་པོ་འདི་ནས་སྤོས་པ་ཡིན་ལ། ད་དུང་ སེམས་ཅན་ཐམས་ཅད་མར་ཤེས་དགོས་པ་མ་ཟད། ཕ་མ་དེ་དག་གི་དྲིན་དྲན་དགོས་པ་དང་། དེ་ལས་ཀྱང་ཆེས་གལ་ཆེ་བ་ནི་དྲིན་དྲན་པ་ཙམ་གྱིས་མི་ཆོག་པར་ལག་ལེན་དངོས་ཀྱི་སྟེང་ནས་དྲིན་བཟོ་དགོས་པའི་དགོངས་དོན་ལྟ་ཀློག་འཆད་ཉན་བགྲོ་གླེང་གི་གོ་རིམ་རེ་རེར་ཁྱབ་ཅིང་འགྲོ་བ་མིའི་རིགས་དང་མི་རིགས་སོ་སོར་འཆམ་མཐུན་བདེ་སྐྱིད་འབྱུང་པའི་ལག་ལེན་གྱི་བྱ་རིམ་རེ་རེ་ཡིན་པས།<<གསུང་འབུམ>>འདིའི་བྱང་ཆུབ་རིག་པའི་དགོངས་འགྲེལ་ཁོ་ནའི་ཐད་ནས་བཤད་ན་ཡང་། ངོ་མ་ཀུན་གྱིས་ཡིད་དབང་འཕྲོག་པའི་འཆམ་མཐུན་གྱི་དགོངས་པ་རླབས་ཆེ་ལ་རིན་ཐང་ལྡན་པའི་གཏེར་ཁ་ཆེན་པོ་ཞིག་རེད། སྨྲ་ཞིང་དོན་གོ་བའི་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་འདི་དག་ཐམས་ཅད་ནས་སེམས་ཅན་ཐམས་ཅད་ལ་མཚོན་ན། ལ་ལ་ནི་རང་ཉིད་ཀྱི་ཁ་སང་གི་ཕ་མ་དང་བུ་ཕྲུག་ཡིན་ལ། ལ་ལ་ནི་སང་ཉིན་གྱི་ཕ་མ་ཉག་གཅིག་ཡིན་པ་མ་ཟད། ཕ་མར་གྱུར་བའི་དུས་སུ་དེ་རིང་གི་ཕ་མ་ལྟར་དྲིན་ཆེན་པོས་བསྐྱངས། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོག་པའི་དྲིན་ཆེན་ཤ་སྟག་ཡིན་པས། རང་གི་དུས་གསུམ་གྱི་ཕ་མ་དང་བུ་ཕྲུག་གང་ཞིག་ཡིན་ཀྱང་ཕ་མ་དེ་དག་ལ་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་དང་བྱམས་བརྩེ་ཆེན་པོ། འཆམ་མཐུན་ཆེན་པོ། ཞི་བདེ་ཆེན་པོ་ནས་ནང་གི་བདེ་སྐྱིད་ཀྱི་ཉི་མ་ཆེན་པོ་ཡིན་ཚུལ་ཞིབ་ཙམ་ཞིག་འདིར་ཞུ་འོས་མོད། དེ་རིང་དུས་ཚོད་ཀྱི་དབང་གིས་<<གསུང་འབུམ>>གྱི་བྱང་ཆུབ་རིག་པའི་གཏེར་ཁའི་ཟུར་ཙམ་ཞིག་དྲན་སྐུལ་མཚམས་སྦྱོར་བྱས་པ་ཡིན།

གསུམ།<<གསུང་འབུམ>>འདི་ཉིད་རྩལ་ནུས་ཀྱི་ཐོ་རེངས་སྐར་ཆེན་ཞིག་རེད།

<<གསུང་འབུམ>>ལ་ཤེས་རབ་རིག་པའི་མཐོ་ཚད་དང་།བརྩེ་ཆེན་སྙིང་རྗེ་རིག་པའི་ཟབ་ཚད་ཀྱི་ཡོན་ཏན་རྫོགས་པ་མ་ཟད། ད་དུང་ཤེས་རབ་སྙིང་རྗེ་ཟུང་འཇུག་ལས་སྐྱེས་པའི་མཁྱེན་རབ་ཐུགས་ཀྱི་རྩལ་དང་ཚངས་དབྱངས་ངག་གི་རྩལ། སྣང་སྟོང་ལུས་ཀྱི་རྩལ་དང་ནུས་མཐུ་རིན་པོ་ཆེའི་གཟི་བྱིན་ཆེས་ཆེར་འབར་བས། ཀློག་པ་པོ་མི་འདྲ་བ་ལ་བློ་སྒོ་འབྱེད་པའི་ལྡེ་མིག་མི་འདྲ་བ་རེ་རེར་འགྱུར་ངེས་ཡིན་ཏེ།ཕྱི་རིག་གནས་དོན་གཉེར་ཅན་གྱིས་བལྟས་ན།<<གསུང་འབུམ>>འདི་སྒྲ་རིག་པའི་དོན་འགྲེལ་གྱི་གཏེར་ཁ་ཆེན་པོ་ཞིག་དང་། ཚད་མ་རིགས་པ་བས་ བལྟས་ན་གནས་ལུགས་གཏན་ཚིགས་རིག་ལམ་ཕྲ་མོའི་སྒྲུང་འགྲེལ་ཆེན་མོ་ཞིག  བཟོ་རིག་སྒྱུ་རྩལ་མཁན་པོས་བལྟས་ན། སྐུ་གསུང་ཐུགས་ཀྱི་བློས་བསླངས་སྒྱུ་རྩལ་གྱི་དགོངས་འགྲེལ་གསལ་བོ་ཞིག  དཔལ་ལྡན་གསོ་རིག་པས་བལྟས་ན་ནང་སེམས་ཀྱི་བདེ་ཐང་གི་དཀའ་འགྲེལ་ཆེན་མོ་ཞིག ནང་རིག་རབ་འབྱམས་མཁས་གྲུབ་རྣམས་ཀྱི་སྣང་ངོར་ཐེག་པ་རིམ་པ་དགུའི་དགོངས་སྲོག་ཀུ་ཤའི་རྩེ་ལྟར་མ་འདྲེས་པར་འབྱེད་པའི་འབྱེད་འགྲེལ་ཆེན་མོ་ཞིག་གི་རྩལ་ནུས་ཐོན་བཞིན་ཡོད་པ་དང་མཉམ་དུ་<<གསུང་འབུམ>>འདིའི་འདྲ་མཉམ་དང་ཡར་སྐུལ་གྱི་བསམ་བློ་དེས་ཀློག་པ་པོ་དང་ཉན་པ་པོ་རྣམས་ཀྱི་སེམས་གཏིང་དུ་ཐོས་བསམ་སློབ་སྦྱོང་གི་སྙིང་སྟོབས་གསར་བ་ཞིག་དངཡིད་ཆེས་ཆེན་པོ་ཞིག  བརྩོན་འགྲུས་བརྟན་པོ་ཞིག་སྟེར་ངེས་ཡིན་པས།<<གསུང་འབུམ>འདི་ཤེས་རབ་ཀྱི་ཉི་མ་སེར་པོ་ཞིག་དང་བརྩེ་སེམས་ཀྱི་ཟླ་བ་དཀར་པོ་ཞིག་ཡིན་པ་མ་ཟད། མི་ཚེའི་འཇོན་ཐང་དང་རྩལ་ནུས་སྔོག་འདོན་གྱི་ཐོ་རེངས་སྐར་ཆེན་ཞིག་ཏུ་གྲུབ་པ་དང་ཆབས་གཅིག་ཏུ་ཕྱི་དར་བསྟན་པའི་ཆུ་རྒྱུན་གཙང་མ་དེ་ཉིད་ཡང་དར་བསྟན་པའི་ཞིང་སར་འདྲེན་པའི་བཀའ་བབས་ལྷ་ཡི་ཡུར་བ་ཆེན་པོའམ་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་ཟམ་པ་ཆེན་པོའི་ནུས་པ་རང་བཞིན་གྱིས་ཐོན་ཡོད་པས། འཆད་ཉན་ཁྲོད་ནས་རྒྱུད་འཛིན་དང་རྒྱུད་འཛིན་ཁྲོད་ནས་དར་རྒྱས། དར་རྒྱས་ཁྲོད་ནས་འཐུས་ཚང་ལག་ལེན་དུ་་བཏབ་པས་བཀའ་དྲིན་ཁོ་ནའང་ངོ་མ་བསམ་གྱིས་མི་ཁྱབ་པོ། །

བཞི། དེ་རིང་གི་བགྲོ་གླིང་ནི་གསེར་གྱི་མཎ་ཊལ་ལ་གཡུ་བྱུར་གྱིས་ཕྲ་ཚོམ་བཏབ་པ་ལྟ་བུ་ཞིག་རེད།

བགྲོ་གླེང་འདི་ཉིད་ལ་གནའ་དེང་རིག་གཞུང་གི་མཐོ་ཚད་དང་དོན་དངོས་ལག་ལེན་གྱི་ཟབ་ཚད། དུས་རབས་རང་བཞིན་གྱི་རྒྱང་ཚད། ཞིབ་འཇུག་ཐབས་ལམ་གྱི་ཟུར་ཚད། བརྩེ་སེམས་ཀུན་སྤྱོད་ཀྱི་བྱམས་ཚད་དང་བརྩེ་ཚད་སོགས་འབུར་དུ་ཐོན་ཡོད་པ་མ་ཟད། དེ་ལས་ཀྱང་ཆེས་གལ་ཆེ་བ་ནི། ཤེས་རབ་རིན་པོ་ཆེའི་ངར་ཆ་དང་བྱང་སེམས་རིག་པའི་བརྩེ་ཆ། རྒྱུད་འཛིན་གྱི་ཞིབ་ཆ། འཕེལ་རྒྱས་དང་གསར་གཏོད་ཀྱི་ལྷོད་ཆས་ཕྱུག་པ་དང་། གནའ་དེང་ཟུང་འཇུག་དང་མདོ་སྔགས་གཅིག་འདྲེས། མཁྱེན་བརྩེ་མཉམ་འཛོམས། འཆད་རྩོམ་ཟུང་འབྲེལ། ཆོས་རིག་འཆམ་མཐུན། རྒྱུན་འཛིན་དར་རྒྱས། ལུང་རིགས་དཔུང་བསྡེབས། རྒན་གཞོན་མཉམ་འབྲེལ། ཆོས་རྒྱུན་མཉམ་དར། མཁས་བརྒྱ་མཉམ་གླེང་། བཤད་སྒྲུབ་དགོངས་གཅིག  བགྲོ་གླེང་མཉམ་སྤེལ། འཆམ་མཐུན་དཔལ་ཡོན་སོགས་ཀྱི་བགློ་གླེང་གསུང་བཤད་ཚང་མར་མཐོ་སྒང་རིག་གཞུང་གི་སྦྲང་དཀར་རྩམ་པའི་མངར་ཆ་དང་། མར་ཐུལ་ཆུར་གསུམ་གྱི་ཟུངས་བཅུད། དེང་རབས་གཡོས་སྦྱོར་གྱི་ཞིམ་ཆའི་ཁྱད་ཆོས་སོགས་འབུར་དུ་ཐོན་སྟབས། དེ་རིང་གི་བགྲོ་གླེང་འདི་རིག་གཞུང་རང་བཞིན་དང་ཤེས་རབ་རང་བཞིན་གྱི་བརྗེ་རེས་ཆེན་པོ་ཞིག་དང་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་དམར་ཁྲིད་ཐེངས་ཤིག་ཡིན་ལ། སློབ་གསོ་ཚན་རྩལ་ཞིབ་འཇུག་གི་ཐབས་ལམ་གསར་བ་ཞིག་དང་རིག་གཞུང་འཕེལ་རྒྱས་ཀྱི་དུས་རབས་སྙན་ཞུ་ཆེན་པོ་ཞིག་ཀྱང་རེད།

ད་ནི་གླེང་བྱའི་<<གསུང་འབུམ>>དང་ཐེངས་འདིའི་བགྲོ་གླེང་གི་དགོངས་སྙིང་ཐམས་ཅད་ཚིག་གཅིག་ཏུ་བསྡུས་ནས་བཤད་ན། བཤད་པའི་བསྟན་པའི་དགོངས་སྙིང་མ་ཤེས་པ་ཤེས་པར་བྱེད་ཐབས་དང་། སྒྲུབ་པའི་བསྟན་པའི་དགོངས་སྙིང་ཤེས་པ་ཉམས་སུ་ལེན་ཐབས་གཉིས་སུ་མ་འདུས་པ་གཅིག་ཀྱང་མེད་པས། དེ་རིང་གི་བགྲོ་གླེང་བརྒྱུད་ཁྱབ་བདག་པའི་<<གསུང་འབུམ>>གྱིས་མཚོན་ཏེ། མདོ་སྔགས་རིག་པའི་གནས་ཆེན་གནས་ཆུང་ཆ་ལག་ཉིང་ལག་དང་བཅས་པ་མ་ཤེས་པ་ཤེས་ཐབས་ཀྱི་དཔལ་ཡོན་ནང་ནས་ཤར་ཞིང་། ཤེས་པ་ལག་ལེན་དུ་འདེབས་པའི་དཔྱིད་དཔལ་ཡངས་པའི་རྒྱལ་ཁམས་སོ་སོ་དང་འགྲོ་བ་མིའི་རིགས་ཀྱི་ཞིང་ས་ཆེན་པོར་ཁྱབ་ཅིང་བདེ་སྐྱིད་ཀྱི་དཔྱིད་དཔལ་རྒྱས་པའི་བཀྲ་ཤིས་སྨོན་འདུན་དང་བཅས་<<གསུང་འབུམ>>གསེར་གྱི་མཆོད་སྡོང་ཆེན་མོ་བཞེངས་པ་པོ་ཁྱབ་བདག་རྫོགས་ཆེན་པ། སྐྱ་སེར་འབུམ་ཕྲག་སེམས་ཁམས་བདེ་བདེ་ཐང་གི་ལམ་ལ་འདྲེན་པའི་ལྷ་རྗེ་ཆེན་པོ། སེམས་ཅན་ཐམས་ཅད་ལ་མ་གཅིག་གིས་བུ་གཅིག་ལྟར་བརྩེ་བའི་སེམས་དཔའ་ཆེན་པོ། མདོ་སྔགས་རིག་གནས་ལ་ཆགས་ཐོགས་བྲལ་བའི་པཎ་ཊི་ཏ་ཆེན་པོ། སོ་བྱང་སྔགས་རྒྱུད་རྒྱ་མཚོའི་དབང་ལུང་མན་ངག་གི་རྒྱུན་བཟང་འཐུད་པའི་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ། ཕྱི་ཆོས་ཅན་གྱི་སྣང་བ་ནང་ཆོས་ཉིད་ཀྱི་ཀློང་དུ་བཟླུམས་པའི་རྣལ་འབྱོར་པ་ཆེན་པོ། བརྩེ་ཆེན་པི་ཝང་གི་རྒྱུད་ལས་སྣང་སྲིད་ཀྱི་ཆོས་ཉིད་གླུ་རུ་ལེན་པའི་སྙན་ངག་པ་ཆེན་པོ། དེ་རིང་གི་སོར་རྩེའི་འདུ་འགོད་ལས་གནའ་རབས་ཁྱུང་བོ་གཡུ་ཁྲིའི་ཕྱག་རྒྱུན་གསོན་པོ་ཤོག་སྟེང་དུ་འདྲེན་པའི་ཡིག་མཁན་ཆེན་མོ་ཁྱེད་ཉིད་ལ།ནང་སེམས་ཀྱི་གཏིང་རིམ་ནས་ཕྱུར་བའི་དང་འདོད་ཡིད་ཆེས་ཀྱི་གུས་ཕྱག་འཚལ་བ་དང་བཅས་དེ་རིང་གི་བགྲོ་གླེང་རེ་ཞིག་མཇུག་བསྒྲིལ་པ་དང་རྣམ་པ་ཚོར་ཡང་བསྐྱར་གུས་འདུད་དང་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། །

WechatIMG107.jpeg


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།