༧ ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་གི་སྐུ་པར།
སྤྱིར་ན་སྐྱེས་སྦྱངས་ཤེས་ཡོན་ནོར་གྱིས་དབུལ་བའི་ཕྲན་ལྟ་བུས། དབང་ལུང་ཁྲིད་མན་ངག་གི་ཆོས་འབྲེལ་དངོས་ཐོབ་ཀྱི། ༧སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་རིན་པོ་ཆེའི་གསུང་འབུམ་ལ་དཔྱད་གླེང་བྱེད་པ་ནི། ཁྲོན་པའི་སྦལ་བས་རྒྱ་མཚོ་གཞལ་འདོད་དང་། ཕྱེ་ལེབ་གཤོག་པས་ནམ་འཕང་གཅོད་འདོད་ཀྱི་དཔེ་བཞིན་ཤིན་ཏུ་ནས་མི་འོས་མོད། རྨད་བྱུང་གསུང་འབུམ་ལེགས་གྲུབ་ཀྱི་བསྐལ་བ་བཟང་པོ་མངོན་དུ་གྱུར་པའི་དུས་འདིར། ༧རྩ་བའི་བླ་མ་རིན་པོ་ཆེའི་སྒོ་གསུམ་གསང་བ་བསམ་གྱིས་མི་ཁྱབ་པའི་མཛད་པ་སྤྱི་དང་། ཁྱད་པར་དུ། མཛད་པ་ཀུན་ལས་མཆོག་གྱུར་གསུང་གི་མཛད་པ་རླབས་པོ་ཆེ་ཉིད། རྨད་བྱུང་གླེགས་བམ་ལྷུན་པོའི་གཏོས་ཀྱིས། ཇི་སྲིད་བསྐལ་བའི་བར་དུ། སྐྱེ་འགྲོ་ཀུན་གྱི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་བཞུགས་སུ་གསོལ་བ་ལ། ཐུགས་རྗེ་ལེགས་འབུལ་དང་། བཀའ་དྲིན་གཏང་རག དད་གུས་ཡི་རངས་ཞུ་བ་ནི་སྐབས་སུ་བབ་པའི་དགའ་སྤྲོའི་གཏམ་གྱི་སྙིང་པོ་སྟེ། བཀྲ་ཤིས་རྟེན་འབྲེལ་གྱི་དགོས་དབང་གིས། འདིར་ཚིག་གསུམ་དར་གྱི་མདུད་པ། ཡིད་ཀྱི་མཆོད་པ་དང་ལྷན་དུ་འབུལ་བ་ལ།
དང་པོ། དུས་བབ་ཁྱད་པར་ཅན་གྱི་སྐབས་སུ་མི་རིགས་རང་གི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་བྱུང་བའི་དོན་སྙིང་།
༧སྙིགས་དུས་བསྟན་པའི་གསལ་བྱེད་ཆེན་མོ་གང་ཉིད་ཀྱི་གསུང་འབུམ་ནི།
གཅིག་ན། ལོ་བཅུའི་རིག་གསར་དུས་འགྱུར་གྱིས། ནང་པའི་ཆོས་དང་རིག་གཞུང་ཡོངས་ལ། གོད་ཆག་བསམ་ལས་འདས་པ་ཐེབས་ཏེ། བོད་ཁམས་ཧྲིལ་པོར་རེ་ཞིག་ལ། བསྟན་པའི་གནས་གཞི་རྟེན་དང་བརྟེན་པ་འཇིག བསྟན་འཛིན་སྐྱེས་ཆེན་ཕལ་ཆེར་ཞིང་གཞན་གཤེགས། བསྟན་པའི་གཞི་མ་བསླབ་གསུམ་རྒྱན་དང་ཕྲལ། གསུང་རབ་བསྟན་བཅོས་ཕལ་ཆེར་འབྱུང་བཞིར་ཐིམས་པར་གྱུར་པས། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་དུ་སྔ་འགྱུར་རྙིང་མ་པའི་བསྟན་པའི་སྒྲོན་མེ་ཆེན་པོ་དེ་ཉིད། འཆི་ཁའི་མར་མེའི་ངང་ཚུལ་དུ་གྱུར་པ་དུས་བབ་ཀྱི་འགན་འཁུར་དུ་གྱུར་པས། ཡང་དར་བསྟན་པ་སླར་གསོ་ཡི་ཁ་ཚ་དགོས་གཏུགས་ཀྱི་དུས་བབ་ཁྱད་པར་ཅན་ལ། དེ་ཉིད་ཐབས་སྣ་ཚོགས་ཀྱིས་རྨང་ནས་གསོ་བའི་ཐུགས་བསྐྱེད་གོ་ཆ་བཙན་པོ་ལེགས་པར་བགོས་ཏེ། སངས་རྒྱས་བསྟན་པའི་མཛེས་རྒྱན། ཀུན་མཁྱེན་ཆེན་པོའི་བཞེད་སྲོལ། ཤིང་རྟ་རྣམ་གཉིས་ཀྱི་ཐུགས་བཅུད། ཐེག་པ་རིམ་དགུའི་ཡང་རྩེ། བཀའ་གཏེར་སྙིང་ཐིག་གི་ཟབ་གནད། མདོ་སྒྱུ་སེམས་གསུམ་གྱི་བརྒྱུད་པ། སེམས་ཀློང་མན་ངག་གི་དགོངས་བཅུད། འོད་གསལ་རྫོགས་པ་ཆེན་པོ་སྟེ། ཆེ་བ་དྲུག་གིས་མངོན་པར་མཐོ་བའི་ངེས་གསང་ཨ་ཏི་ཡོ་གའི་ལྟ་སྒོམ་སྤྱོད་འབྲས་དང་། གཞི་ལམ་འབྲས་གསུམ། ཟབ་རྒྱས་ལམ་རིམ་སོགས་སྐྱ་རེངས་གསར་པའི་རྟེན་འབྲེལ་གྱིས་ཉིན་མོ་བཞིན་དུ་སླར་ཡང་བོད་གངས་ཅན་གྱི་ལྗོངས་ཡོངས་ལ་གསལ་བར་བྱས་པ་ནི་ངོ་མཚར་བའི་ཕྱག་རྗེས་དང་པོ་དང་།
གཉིས་ན། གསུང་འབུམ་དུ་བཞུགས་པ་ཐམས་ཅད་ཀྱང་། ད་ལྟའི་དུས་ཀྱི་འོལ་སྤྱི་དང་། སྤྱི་བརྟོལ་ཅན་གྱི་སྤྱོད་ཚུལ་དང་གཏན་ནས་མི་མཚུངས་པར། ཆུ་ལམ་བརྒྱུད་དང་། རྡོ་ལག་བརྒྱུད་ཀྱི་དཔེ་བཞིན་དུ། གང་གསུངས་ཐམས་ཅད་ཆུ་མགོ་གངས་དང་། ཆོས་ཁུངས་བླ་མའི་གསུང་རྒྱུན་ལ་གཏུགས་ནས། དབང་ལ་དབང་རྒྱུན་དང་། ལུང་ལ་ལུང་རྒྱུན། ཁྲིད་ལ་ཁྲིད་རྒྱུན་སོགས་ཞལ་རྒྱུན་དྲི་མ་མེད་པའི་བྱིན་རླབས་ཀྱི་ཚན་ཁ་འབར་ཞིང་། བརྒྱུད་པ་གསུམ་གྱི་མན་ངག་འདུས་པའི་གཏེར་མཛོད་ཆེན་པོ། མདོ་རྒྱུད་བསྟན་བཅོས་དང་མཐུན་པའི་ལུང་དང་། སྒྲ་ཚད་དངོས་སྟོབས་དང་མཐུན་པའི་རིགས་པ་ཆུ་ཐུབ་ཁོ་ནས། ལུང་རིགས་དཔེ་གསུམ་གང་ལ་ཡང་ཚད་མ་གསུམ་གྱིས་ཚད་ཐུབ་ཅིང་། དཔྱད་པ་གསུམ་གྱིས་དཔྱད་བཟོད་པ་ནི། སྔོན་གྱི་གསུང་རྒྱུན་དྲི་མ་མེད་པ་ཉམས་པ་སོར་ཆུད་བྱུང་བའི་ངོ་མཚར་བའི་ཕྱག་རྗེས་གཉིས་པ་དང་།
གསུམ་ན། བོད་ཀྱི་སྲོལ་རྒྱུན་ཤེས་རིག་གི་སྙིང་པོ་དག དགོངས་པ་ཟབ་ཅིང་རྒྱ་ཆེ་ལ། མ་ལག་ཤིན་ཏུ་འཐུས་ཚང་བ། ངོ་བོ་མ་འཁྲུལ་བ། རྣམ་གྲངས་རྐང་ཚང་བ། གོ་རིམ་མ་ནོར་བ་དེ་ཉིད།དབང་པོ་རབ་འབྲིང་ཐ་གསུམ་གྱི་མོས་ངོ་དང་འཚམས་པར། སློབ་གསོའི་གཞུང་ལུགས་དང་ལམ་རིམ་བློ་སྦྱོང་གཉིས་རྐྱ་གཅིག་ཏུ་འཁྱེར་བ་སྟེ། རང་གཞན་འདི་ཕྱིའི་དོན་ཆེན་མཐའ་དག་བསྒྲུབ་ཕྱིར། རང་གིས་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ། གཞན་ལ་འཆད་རྩོད་རྩོམ་གསུམ་གྱིས་རྒྱ་ཆེར་སྤེལ། ཕ་ཡི་ནོར་བུ་བུ་ལ་ངོ་འཕྲོད་ཕྱིར། ཉམས་ཁྲིད་མྱོང་ཁྲིད་སོགས་ཐབས་ལམ་སྣ་ཚོགས་ཀྱིས། ཡབ་མེས་ནོར་བུ་རྩ་ཆེན་ཕྱི་རབས་སྤྱི་ཡིས་ཤེས་ཕྱིར་དང་། རང་རིགས་ཐུན་མོང་གིས་ལོངས་སྤྱོད་ཕྱིར། བློ་ཁ་རིམ་གྱིས་འཁྲིད་ཐབས་དང་། མཆོག་དམན་སོ་སོས་ལོངས་སྤྱོད་བྱར་གྱུར་པའི་གསུང་རྩོམ་མང་པོ་བརྩམས་འདུག དེ་ཡང་ཕྱིའི་ཐེག་པ་གསུམ་ནས་གསང་བ་མན་ངག་གི་ཐེག་པ་གསུམ་བར་གྱི་ལམ་ཡོངས་རྫོགས་ཚང་ལ། དེ་དག་ནི་སྲོལ་རྒྱུན་ཤེས་རིག་གི་སྲོག་གི་དབང་པོ་ལ། དེང་རབས་སློབ་གསོ་ཡི་ཁྲག་རྒྱུན་གསར་པའི་སྣོན་མ་ལྟ་བུར་གྱུར་འདུག་པས། གནད་འགག་གི་དུས་སྐབས་འདིར། སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་གསོའི་ཐབས་ལམ་གཉིས་ཀ་ལམ་གཅིག་ཏུ་རྫོགས་པར་བྱས་པ་ནི། བསམས་ཤིང་ངོ་མཚར་བའི་ཁྱད་ཆོས་སུ་གྱུར་འདུག་སྟེ། དེ་ཡང་གནའ་དེང་དང་ཕྱི་ནང་ཟུང་འབྲེལ་ཙམ་མ་ཟད། ཆོས་དང་སློབ་གསོ་ལམ་མཆོག་གཅིག་ཏུ་སྦྲེལ་བའི་གཞུང་ལུགས་སམ། དུས་དང་འཚམས་པའི་སློབ་གསོའི་མ་ལག་དང་། ཐབས་ལམ་གསར་པའི་སྒོ་ཆེན་ཡངས་པོར་ཕྱེ་བ་ནི། དུས་ཀྱི་མཐའ་འདིར། ངེས་པ་དོན་གྱི་རིགས་པའི་སེང་གེ་ཆེན་པོས་འཇིགས་མེད་རིགས་པའི་གད་རྒྱངས་བསྒྲགས་པའི་ངོ་མཚར་བའི་གསུང་གི་ཁྱད་ཆོས་གསུམ་པའོ། །
གཉིས་པ། དེང་གི་འཛམ་གླིང་སྤྱི་ཡི་འཕེལ་ཕྱོགས་ལ་བོད་ཀྱི་ཤེས་རིག་གི་ལེགས་སྐྱེས་མཚོན་པའི་དོན་སྙིང་།
དུས་རབས་ཉེར་གཅིག་པའི་དུས་སྐབས་ནི། འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པའི་གོད་ཆག་གི་བསླབ་བྱས། མིའི་རིགས་སྤྱི་ལ་རེ་སྨོན་དང་ཁ་གཡང་གསར་པས་ཁེངས་པའི་དུས་རབས་ཤིག་སྟེ། འཛམ་གླིང་ཤར་ནུབ་ཀུན་ཏུ། ཕྱི་དངོས་པོའི་ལོངས་སྤྱོད་ཀྱིས་གཞིར་བྱས། ལོངས་སྤྱོད་ཀུན་གྱི་སྙིང་པོ་ནང་སེམས་ཀྱི་ལོངས་སྤྱོད་དམ། བདེ་བའི་མཐར་ཐུག་སེམས་ཀྱི་བདེ་སྐྱིད་དམ། འཚོལ་སྙེག་གི་སྙིང་པོ་སེམས་ཀྱི་འཚོལ་སྙེག་གམ། གསང་བ་ཟབ་མོ་ནང་སེམས་ཀྱི་གནས་ལུགས་འཚོལ་བའི་དུས་སུ་བབས་ཡོད་པས། འཛམ་གླིང་ཤར་ནུབ་ཐམས་ཅད་དུ། རྣམ་དཔྱོད་ཀྱི་རྩལ་དང་ལྡན་ཞིང་། མི་ཚེ་དོན་ལྡན་དུ་བྱེད་པ། རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པ་དག་གིས། དུས་རྣམ་ཀུན་ཏུ་འཇིག་རྟེན་གྱི་གསང་བའི་མཐར་ཐུག་གམ། ངོ་མཚར་ཐམས་ཅད་ཀྱི་སྙིང་པོ། ནང་སེམས་ཀྱི་ཆོས་ཉིད་ལ་འཚོལ་སྙེག་བྱེད་པའི་དུས་སུ་བབ་པའི་སྐབས་འདིར། ༧རྩ་བའི་བླ་མ་རྡོ་རྗེ་འཆང་ཁོང་གི་གསུང་འབུམ་དག་ནི། ཏག་ཏག་དུས་སུ་བབས་པའི་ཆར་བཞིན། འཛམ་གླིང་ཞི་བདེ་དང་། སྤྱི་ཚོགས་འཆམ་མཐུན། ཁོར་ཡུག་སྲུང་སྐྱོབ། སྐྱེ་ཁམས་དོ་མཉམ་སོགས་ཐད་ཀྱི་སྣེ་ཤན་ནམ། བསམ་བློའི་ཕྱོགས་སྟོན་བླ་ན་མེད་པར་གྱུར་འདུག་པས། རྨད་བྱུང་ལེགས་བཤད་ཚིག་རྐང་རེ་རེ་ནི། དུས་བབ་ཀྱི་གསེར་ནག་གི་ཐིགས་པ་རེ་རེ་བཞིིན་ཏེ། འདི་ནི་སྐྱེས་བུ་དམ་པ་ཁོང་གིས་མཐོ་སྒང་འདིའི་མི་རིགས་སྤྱིའི་ཚབ་བྱས་ནས། དུས་རབས་ཉེར་གཅིག་པར། མི་རིགས་མཐུན་སྒྲིལ་དང་། རྒྱལ་ཁབ་འཆམ་མཐུན། འཛམ་གླིང་ཞི་བདེ་བཅས་ལ་ཕུལ་བའི་ལེགས་སྐྱེས་སུ་གྱུར་ཅིང་། ངེས་པ་དོན་གྱི་མཁས་བཙུན་བཟང་གསུམ་གྱི་མཛད་པས། འཛམ་གླིང་ཞི་བདེ་དང་། སྤྱི་ཚོགས་འཆམ་མཐུན་གྱི་ལམ་སྟོན་པ་ཞིག་ཏུ་གྱུར་འདུག
མདོར་ན། དམ་པ་ཁོང་གིས་གཅེས་པའི་ལུས་དང་ཕངས་པའི་སྲོག་བཏང་ནས། སྐུ་ཚེ་གང་བོར་ལུས་བཟོ་མཆོག་གྱུར་སྐུ་གསུང་ཐུགས་རྟེན་གསུམ་དང་། ངག་བཟོ་མཆོག་གྱུར་འཆད་རྩོད་རྩོམ་གསུམ་དང་། ཡིད་བཟོ་མཆོག་གྱུར་ཐོས་བསམ་སྒོམ་གསུམ་གྱི་མཛད་པ་རླབས་པོ་ཆེའི་སྒོ་ནས། མི་རིགས་སློབ་གསོ་དང་། བསྟན་པའི་སྙིང་པོ་ཇི་སྲིད་མི་ནུབ་པའི་བསྟན་པའི་རྒྱལ་མཚན་ཆེན་པོ་མདོ་དབུས་ཁམས་གསུམ་དུ་བསྒྲེངས་པར་མཛད་པའི་ཐུགས་བསྐྱེད་སྨོན་ལམ་དང་། ཐུགས་སྟོབས་དམ་བཅའ། རྨད་བྱུང་ཕྱག་རྗེས་དག་གིས་སྙིགས་མའི་དུས་འདིར་མིང་དོན་ཚང་བའི་སྔ་འགྱུར་རྙིང་མའི་བཀའ་བབ་སྐྱེས་ཆེན་དང་། བསྟན་པ་སྤྱིའི་མཛེས་རྒྱན་ཆེན་པོར་བཞེངས་པའི་རྣམ་ཐར་རྨད་དུ་བྱུང་བའོ། །
མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་མིང་ཙམ་འཛིན་པ་འགྱུར་མེད་རྡོ་རྗེ་ནས༢༠༡༨ལོའི་ལུགས་རྙིང་གི་ཟླ༤ཚེས༡༥ཉིན་དད་གུས་ཆེན་པོས་བྲིས་པ་དགེ་ལེགས་འཕེལ།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་འགྱུར་མེད་རྡོ་རྗེ།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།