རྫོགས་ཆེན་མཁན་ཆེན་འཇིགས་མེད་པདྨ་བློ་གསལ་ལ་དད་པས་རྗེས་སུ་དྲན་པ།

WechatIMG61.jpeg

༈མཁན་ཆེན་བཀའ་དྲིན་མཚུངས་མེད་འཇིགས་མེད་པདྨ་བློ་གསལ་ལ་དད་པས་རྗེས་སུ་དྲན་པའི་བསྟོད་བསྔགས་མཚོ་བྱུང་སྤྲིན་གྱི་ལང་ཚོ་ཞེས་བྱ་བ་བཞུགས་སོ།། 

ན་མོ་མ་ཧཱ་སྠི་ར་ཏིཥྛ་རཏྣ་ཀིརྟི་ཡེ།   བསིལ་ལྗོངས་ཐུབ་དབང་གཉིས་པ་ཞི་བ་མཚོའི། །ཡེ་ཤེས་ཟླ་བ་སྔ་འགྱུར་བསྟན་མཆོག་གི། །ཆུ་གཏེར་སྤེལ་ཕྱིར་ཕྲིན་ལས་བདུད་རྩིའི་དབྱིག  །མཁན་ཆེན་བླ་མ་དཀོན་མཆོག་གྲགས་པ་རྒྱལ། །དག་པའི་རིགས་མཆོག་ནོར་བུ་ཀེ་ཏ་ཀར། །སྙིགས་མའི་ཉེས་སྤྱོད་རྫོགས་པས་མ་བསླད་པར། །ལང་ཚོའི་པདྨ་བཞད་པའི་དུས་ཉིད་ནས། །རྣམ་དཀར་རིན་ཆེན་ལྕིད་ལ་གསོལ་བ་འདེབས། །མདོ་ཁམས་ཤར་ཕྱོགས་དམ་པ་ཆོས་ཕྱུག་གི། །བྱེ་བྲག་ཟིལ་ཁྲོམ་གངས་ཀྱི་ར་བའི་ཞོལ། །མཐའ་གཉིས་མ་ལྷུང་ཁྱིམ་དུ་སྲིད་བཟུང་བའི། །དགེ་མཚན་སྐྱ་རེངས་ཤར་ལ་གསོལ་བ་འདེབས། །རྡུལ་དུ་གནས་པའི་དངུལ་ཆུའི་གོང་བུ་བཞིན། །ཁྱིམ་ལ་ཆགས་དང་རྩེད་མོས་མ་གཡེངས་བར། །རུ་དམ་ཆོས་ཀྱི་གླིང་དུ་བྱོལ་ནས་ཀྱང༌། །ཐར་པའི་རྒྱལ་མཚན་བཞེས་ལ་གསོལ་བ་འདེབས། །ཡོན་ཏན་གཞི་མ་འབྲི་ཀློག་ཕུལ་བྱུང་ཞིང༌། །ཐུན་མོང་རིག་པའི་གནས་ཀུན་མཁྱེན་དཔྱོད་ཀྱི། །མེ་ལོང་གཙང་མར་རྣམ་བཀྲ་གཙུག་ལག་སྒོ། །གཟིགས་པའི་སྤྱན་རས་མངའ་ལ་གསོལ་བ་འདེབས། །བརྟན་མཁས་དུལ་བའི་སྤྱོད་མཛེས་མཁན་ཆེན་མཆོག །པདྨ་དམ་ཆོས་འོད་ཟེར་འབུམ་འཕྲོ་བས། །མངོན་མཐོ་ངེས་ལེགས་ཡོན་ཏན་དབྱིག་གི་གཞི། །རབ་བྱུང་བསྙེན་པར་རྫོགས་ལ་གསོལ་བ་འདེབས། །གཞན་ཕན་བྱང་ཆུབ་སེམས་ཀྱི་སྡོམ་པ་དང༌། །རྒྱུད་དང་སྒྲུབ་སྡེ་བཀའ་གཏེར་དག་སྣང་གི།སྨིན་གྲོལ་རྒྱ་མཚོས་ཐུགས་ཀྱི་བུམ་པ་བཟང༌། །ལེགས་པར་བཀང་བར་མཛད་ལ་གསོལ་བ་འདེབས། །འདུལ་མདོ་དབུ་མ་ཤེས་རབ་ཕ་རོལ་ཕྱིན། །མདོ་སྡེ་རྒྱན་དང་འབྱེད་གཉིས་རྒྱུད་བླ་མ། །རྒྱལ་སྲས་སྤྱོད་འཇུག་གིས་མཚོན་ནང་དོན་གྱི། །རིག་གཞུང་རྒྱ་མཚོ་མཁྱེན་ལ་གསོལ་བ་འདེབས། །ཁྱད་པར་ལེགས་བཤད་དཔག་བསམ་སྙེ་མ་ཡི། །ཚིག་དོན་ཐུགས་ཆུད་སྒྱུ་འཕྲུལ་སྙིང་པོའི་རྒྱུད། །འཆད་ལ་ཐོགས་མེད་སྡེ་སྣོད་འཛིན་རྒྱལ་ཞེས། །མཁས་པའི་སྙན་པས་ཁྱབ་ལ་གསོལ་བ་འདེབས། །མཁྱེན་དཔྱོད་རལ་གྲི་རྣོ་ཤིང་མྱུར་ཟབ་པས། །སྔ་འགྱུར་ངེས་དོན་བསྟན་པའི་ལྟ་སྒོམ་སྤྱོད། །རིག་འཛིན་གོང་མའི་བཞེད་སྲོལ་གསེར་སྦྱངས་ཁམས། །ངེས་དོན་དབྱིག་མཛོད་བརྙེས་ལ་གསོལ་བ་འདེབས། །ཐུབ་བསྟན་མངའ་བདག་མཁྱེན་བརྩེའི་དབང་པོ་དང༌། །མི་ཕམ་ཞབས་སོགས་རྣམ་འདྲེན་དུ་མ་ལས། །ཟབ་རྒྱས་བདུད་རྩིའི་དགའ་སྟོན་བཞེས་པ་ཡིས། །བསྟན་པའི་མིག་རྒྱན་གྲུབ་ལ་གསོལ་བ་འདེབས། །སྒྱུ་འཕྲུལ་རྒྱུད་དང་ལུང་ཆེན་འདུས་པ་མདོ། །བཀའ་གཏེར་རྡོ་རྗེ་ཕུར་པ་རཏྣ་གླིང༌། །འཇའ་ཚོན་སཱུརྻ་ཀིརྟིའི་བླ་རྫོགས་ཐུགས། །བསྙེན་སྒྲུབ་མཐར་ཕྱིན་མཛད་ལ་གསོལ་བ་འདེབས། །རྨད་བྱུང་ངེས་གསང་རྫོགས་པ་ཆེན་པོའི་ལམ། །སྙིང་ཐིག་གོང་འོག་མཛོད་མཆོག་རིན་ཆེན་བདུན། །ཡོན་ཏན་དགའ་བའི་ཆར་གྱིས་ལེགས་བསྟན་པའི། །ལམ་མཆོག་མཐར་ཕྱིན་མཛད་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་ཐུན་མོང་མཛད་སྤྱོད་ཀུན། །ཆོས་འདུལ་གཞུང་བཞིན་རྟག་ཏུ་མི་འདའ་ཞིང༌། །སློབ་ཚོགས་རྒྱ་མཚོར་དེ་བཞིན་ལེགས་འདོམས་པས། །ཚུལ་ཁྲིམས་དྲི་བསུང་འཐུལ་ལ་གསོལ་བ་འདེབས། །ལེགས་བཤད་འཆད་ཚེ་ངེས་འབྱུང་རྗེས་བསྐུལ་དང༌། །དམ་པའི་རྣམ་ཐར་གཞན་ཕན་བསམ་སྦྱོར་བཅས། །ལུང་རིགས་ཟབ་དོན་བསྐུལ་ཞིང་དད་མོས་དང༌། །སྙིང་རྗེས་སྤྱན་ཆབ་བསིལ་ལ་གསོལ་བ་འདེབས། །བཅུ་བདུན་གཞི་དང་ལྟུང་བ་སྡེ་ལྔ་ཡི། །གླེང་གཞི་སྙིང་པོ་བསྐྱེད་རྫོགས་རྫོགས་ཆེན་ཁྲིད། །ཚིག་ཉུང་དོན་འདུས་ལེགས་བཤད་བདུད་རྩིའི་སྐྱེས། །ཅི་ཡང་སྤྲོས་པར་མཛད་ལ་གསོལ་བ་འདེབས། །མཁས་བཙུན་གྲུབ་བརྙེས་བློ་གསལ་ཆོས་བཞིན་སྤྱོད། །འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་གཏེར། །སངས་རྒྱས་མཉན་པ་མཆོག་སོགས་རིས་མེད་ཀྱི། །སློབ་ཚོགས་བགྲང་ཡས་འདུས་ལ་གསོལ་བ་འདེབས། །ཁྱད་པར་མདོ་སྨད་སྔ་འགྱུར་བསྟན་འཛིན་གྱི། །འདུལ་བསྟན་འཛིན་མཛད་སྡོམ་བརྩོན་མཐའ་ཀླས་པར། །ཤཱཀྱའི་སྲས་གཅིག་ཤཱནྟ་རཀྵི་ཏའི། །རྒྱུན་འཛིན་བསམ་ཡས་སྤེལ་ལ་གསོལ་བ་འདེབས། །རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི།རྩ་བ་ཡན་ལག་འདུས་སྡེའི་བཅའ་ཁྲིམས་དང༌། །མཆོག་ཕལ་བསྟན་འཛིན་ཀུན་ལ་སློབ་སྟོན་གྱིས། །གནས་བརྟན་ཆེན་པོར་གྱུར་ལ་གསོལ་བ་འདེབས། །རྙེད་བཀུར་སྙན་གྲགས་རྒྱས་བཞིན་ཁེངས་པ་བསྐྱུངས། །མཆོད་སྦྱིན་བསགས་སྦྱངས་སྤེལ་ཞིང་གསོག་འཇོག་བྲལ། །ལོག་འཚོའི་གཟི་བྱིན་སྤངས་བའི་སྦྱངས་ཡོན་གྱི། །ཞི་དུལ་འབད་མཐར་སོན་ལ་གསོལ་བ་འདེབས། །ཐུགས་རྒྱུད་དྲངས་པས་ཀུན་གྱིས་ཡིད་རྟོན་འཆའ། །གཞུང་བཟང་ཕྱི་ཐག་རིང་བས་ལྷ་མི་འདུ། །ཆེ་བཙན་དྲེགས་ཚོགས་ཟིལ་གནོན་དཔའ་བཀོང་བའི། །ཆོས་སྲིད་ཡོན་ཏན་རྒྱས་ལ་གསོལ་བ་འདེབས། །འདུ་འཛིའི་བྱ་བྲལ་དབེན་པའི་བས་མཐའ་རུ། །སྙིང་པོ་སྒྲུབ་པའི་མཛད་པ་གཙོར་བཏོན་ཏེ། །བྱ་དང་རི་དྭགས་བརྩེ་བས་བག་ཕེབས་པར། །གཅིག་པུར་བཞུགས་པར་མཛད་ལ་གསོལ་བ་འདེབས། །མཐོང་ན་མི་མཐུན་མེད་པའི་ཀུན་སྤྱོད་ཀྱིས། །ཞལ་མཐོང་ཙམ་ནས་དད་གུས་གདུང་བས་བསྟེན། །ཡུན་དུ་འགྲོགས་བཞིན་ཞུམ་བཅས་ཡིད་འཁུལ་ཏེ། །འབྲལ་མི་ཕོད་པར་གྱུར་ལ་གསོལ་བ་འདེབས། །ཐ་མའི་མཛད་པ་བསྟན་པར་ཞལ་བཞེས་ནས། །སྐུ་ཆས་ཐུགས་ཉེའི་སློབ་ཚོགས་ཀུན་ལ་བསྩལ། །མཆོད་འབུལ་ཆས་བསྒྲིགས་དགོངས་རྫོགས་རྟེན་བཅས་ཏེ། །ཞལ་གདམས་སྤང་བླང་བསྟན་ལ་གསོལ་བ་འདེབས། །དབེན་གནས་ཚེ་རིང་ལྗོངས་ཀྱི་ས་ཡི་སྤོར། །སྐུ་གདུང་རིལ་པོ་གཅིག་ཏུ་སྦས་བྱས་ན། །རྫོགས་ཆེན་བསྟན་དགོན་ཕན་པའི་ཞལ་བཞེས་ཀྱིས། །ཐ་ཚིག་གནད་དུ་བཀར་ལ་གསོལ་བ་འདེབས། །སྐུ་ཡི་བཞུགས་སྟངས་སེང་གེ་ཉལ་སྟབས་ཀྱིས། །ཆོས་གོས་གསོལ་ནས་ཞི་བར་བསམ་བཞིན་མནལ། །མཆོད་འབུལ་བསྙེན་བཀུར་བཀའ་བཞིན་ལེགས་བསྒྲུབས་པས། །ཡིད་ཆེས་སྤྲོ་བ་བསྐྱེད་ལ་གསོལ་བ་འདེབས། །དུས་མཐར་སྐྱེས་པའི་དམན་པ་བདག་ལྟས་ཀྱང༌། །ཞལ་མཇལ་སྨིན་གྲོལ་གདམས་པས་རྗེས་བཟུང་བའི། །ཡ་མཚན་དྲན་པས་བསྟོད་པའི་མེ་ཏོག་ཕྲེང༌། །རྗེ་བཙུན་བླ་མ་དྲན་བཞིན་གསོལ་བ་འདེབས། །ཚེ་རབས་ཀུན་ཏུ་མགོན་པོ་ཁྱེད་བཞིན་དུ། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་མཐར་སོན། །མཁས་བཙུན་བཟང་པོས་དོན་གཉིས་ལྷུན་གྲུབ་པའི། །དཔལ་གྱིས་བདག་རྒྱུད་མཛེས་པར་མཛད་དུ་གསོལ།།

ཞེས་མདོ་ཁམས་རུ་དམ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་མཁན་ཆེན་འཇིགས་མེད་པདྨ་བློ་གསལ་དཀོན་མཆོག་གྲགས་པ་ཞེས་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་མཁན་ཆེན་ཞི་བ་འཚོའི་རྣམ་འཕྲུལ་དུ་ལུང་གི་ཟིན་པ་གང་གི་ཞལ་སྔ་ནས།བཀའ་མ་སྒྱུ་འཕྲུལ་ཞི་ཁྲོའི་དབང་ཆོག་དང༌།རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་དབང་བཀའ་ཡོངས་རྫོགས་དང༌།ཁྲིད་ཡིག་ཆེན་མོ་ཡེ་ཤེས་བླ་མ་བཅས་སྐལ་བཟང་མངྒ་ལས་རང་ལོ་ཕྱོགས་ཀྱི་གྲངས་སུ་སོན་པའི་ཚེ་བརྩེ་བས་རྗེས་སུ་བཟུང་བ་མངོན་པར་ཤེས་བཞིན་གྱི་དད་པས་དྲན་ཏེ་ཡི་གེར་སྤེལ་བ་ཚེ་རབས་ཐམས་ཅད་དུ་རྗེ་བཙུན་བླ་མའི་ཞབས་སེན་ཚངས་གནས་སུ་མཆོད་པའི་སྐལ་པ་མཆོག་ཏུ་ལྡན་པའི་རྒྱུར་གྱུར་ཅིག།   

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།