ཕྲན་གྱི་ནང་བསྟན་ཆོས་ལུགས་ཐད་ཀྱི་ངོས་འཛིན་རེ་གཉིས།
སྒོ་གསུམ་གུས་པར་འོས་པའི་བླ་སྤྲུལ་དང་མཁན་ཆེན་རྣམ་པ། ནང་བསྟན་ཞིབ་འཇུག་གི་ལས་ལ་གཞོལ་བའི་ཆེད་མཁས་རྣམ་པ། བློ་ཁ་ཆོས་ལ་ཕྱོགས་པའི་དད་ལྡན་དཔྱོད་ཡངས་རྣམ་པ། ཐོག་མར་ཁྱེད་རྣམ་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། ད་ཐེངས་ང་རང་སྐྱབས་རྗེ་བླ་མ་དམ་པ་པད་མ་སྐལ་བཟང་མཆོག་གི་གསུང་འབུམ་གྱི་འགྲེམ་སྤེལ་མཛད་སྒོར་ཞུགས་པའི་སྐལ་བ་དང་ལྡན་པ་ལ་སེམས་གཏིང་ནས་དགའ་སྤྲོ་སྐྱེས་པ་དང་མཉམ་དུ། དོན་ངོ་མས་བཤད་ན། ཕྲན་ནི་ནང་བསྟན་ཆོས་ལུགས་ལ་དད་མོས་བྱེད་པའི་རོང་ཁྱིམ་ཞིག་ནས་སྐྱེ་བ་བདེན་ནའང་། རང་ལོ་བདུན་ནས་བཟུང་རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་འགྲིམས་ཞིང་། རང་ལོ་བཅོ་བརྒྱད་སྟེང་སློབ་ཆེན་གྱི་སྒོ་ཐེམ་བསྙེགས་པ་ནས་རྒྱ་རིགས་འཛིན་གྲྭ་ནས་རྩིས་ཚན་ནམ་རང་བྱུང་ཚན་རིག་གི་སླབ་ཚན་སྐོར་ལ་སློབ་སྦྱོང་བྱས་པ་དང་སློབ་མཐར་ཕྱིན་རྗེས་ད་ལྟའི་བར་དུ་རྒྱ་རིགས་འདུས་སྡོད་ལས་ཁུངས་ནས་རང་བྱུང་ཚན་རིག་སྐོར་གྱི་བྱ་བ་དོན་དུ་གཉེར་མཁན་ཞིག་ཡིན་པར་བརྟེན། བདག་ལ་མཚོན་ན། ཆུང་དུས་ནས་བཟུང་རང་ཉིད་ལ་ནང་བསྟན་ཆོས་ལུགས་སྐོར་གྱི་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་མེད་པར་མ་ཟད། ནང་བསྟན་ཆོས་ལུགས་སྐོར་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་མེད་པ། ནང་བསྟན་ཆོས་ལུགས་སྐོར་གྱི་རྨང་གཞིའི་ཤེས་བྱ་ཅུང་ཟད་ཙམ་ཡང་མི་ལྡན་པ། ཐ་ན་བོད་ཡིག་དང་བོད་ཀྱི་རིག་གནས་ཙམ་ལའང་སྦྱང་བ་ཆེར་བྱས་མེད་པའི་སྟབས་ཀྱིས་ཆོས་ལུགས་གསུང་རྩོམ་གྱི་འགྲེམ་སྤེལ་བགྲོ་གླེང་ཚོགས་འདུ་རྒྱ་ཆེན་པོ་འདི་ལྟ་བུའི་སྟེང་ནས་ཆོས་ལུགས་ཆེད་མཁས་པ་ཞིག་དང་ཆོས་ལུགས་ཉམས་ལེན་པ་ཞིག ཆོས་ལུགས་ཞིབ་འཇུག་པ་ཞིག་གང་ཡང་མིན་པས་མི་ཚད། ནང་བསྟན་ཆོས་ལུགས་ལ་འབྲེལ་འདྲིས་དང་གསལ་ཆ་ཡང་ཆེན་པོ་མེད་པ་ཞིག་གིས་ནང་བསྟན་ཆོས་ལུགས་རྩམ་ཆོས་ཐད་ཀྱི་ཁ་བརྡ་བྱས་ན་གཏན་ནས་འོས་པ་ཞིག་མིན་པས་ཐོག་མར་རྣམ་པ་ཚོར་སེམས་གཏིང་ནས་དགོངས་དག་ཞུས་པ་ཡིན།
གཤམ་ནས་སྐྱབས་རྗེ་པད་མ་སྐལ་བཟང་མཆོག་གི་གསུང་འབུམ་དང་འབྲེལ། ཡུལ་དུས་གཉིས་དང་བསྟུན་པའི་སྒོ་ནས་རང་གི་ནང་བསྟན་ཆོས་ལུགས་ཐད་ཀྱི་ལྟ་ཚུལ་ལམ་ངོས་འཛིན་ཅམ་ཞིག་བརྗོད་ན། དང་པོ་ཡུལ་གྱི་སྒོ་ནས་བཤད་པ་ལ ༡ ནང་བསྟན་རྩམ་ཆོས་རྩོམ་མཁན་གྱི་ངོས་ནས་བཤད་པ། ༢ སྤྱི་ཚོགས་རིག་པའི་ངོས་ནས་བཤད་པ། ༣ རང་བྱུང་རིག་པའི་ངོས་ནས་བཤད་པ་གསུམ་ལས།
༡ རྩོམ་པ་པོའི་ངོས་ནས་བཤད་པ་ནི། སྐྱབས་རྗེ་པད་མ་སྐལ་བཟང་མཆོག་གི་མི་ཚེའི་ལོ་རྒྱུས་རྣམ་ཐར་ཏེ། ཁོང་ཉིད་སྐུ་ན་ཆུང་དུས་ནས་བཟུང་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། མཁན་ཆེན་པད་མ་ཚེ་དབང་། མཁན་ཆེན་ཐུབ་བསྟན་སྙན་གྲགས་སོགས་ཀྱི་མཚོན་པའི་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་བཅུ་ཕྲག་མང་པོ་བཤེས་གཉེན་དུ་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཀྱི་ཉིང་ཁུ་གང་མང་ཐོས་ཤིང་བསམ་པ་དང་། རིག་གསར་སོགས་དུས་ངན་གྱི་སྐབས་སུ་ཡང་ཉིན་མཚན་དུས་དྲུག་ཏུ་ཆོས་འཇིག་རྟེན་གྱི་བྱ་བ་གང་ཞིག་བསྒྲུབས་ཀྱང་བྱ་བ་དེ་འགོ་རྩོམ་སྐབས་སྦྱོར་བ་སེམས་བསྐྱེད་དམ་པའི་རྩིས་ལས་མ་འདས་ཤིང་། བྱ་བ་དེ་དངོས་སུ་སྒྲུབ་སྐབས་དངོས་གཞི་དམིགས་མེད་དམ་པས་རྒྱས་བཏབ་ཅིང་བྱ་བ་དེ་མཇུག་བསྡུ་སྐབས་རྗེས་ལ་བསྔོ་བ་དམ་པས་རྩིས་མ་ཟིན་པ་མེད་ཅིང་། ཁྱད་པར་དུ་སྔ་འགྱུར་རྙིང་མའི་རྒྱལ་བ་རྫོགས་ཆེན་པའི་ལུགས་ཀྱི་ཆོས་ཚན་སྐོར་ལ་ཐོས་བསམ་སྒོམ་གསུམ་མཛད་ཅིང་ལོ་ལྟར་དགུན་དུས་རྣམས་སུ་ཐུགས་དམ་བཅད་རྒྱ་ཁོ་ནར་བཞུགས་ཤིང་ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་པ་ནི། ཤེས་རབ་སྡོང་བུ་ལས། ཐམས་ཅད་མཁྱེན་པའི་ཡོན་ཏན་ནི།། ཐམས་ཅད་མཁྱེན་པ་ཉིད་ཀྱིས་མཁྱེན།། ས་གཞི་ཡི་ནི་ལྕི་བའི་ཚད།། མཐའ་ཡས་ཉིད་ཀྱིས་ཤེས་པ་ཡིན།། ཞེས་གསུངས་པ་ལྟར། དམ་པ་ཁོང་གི་ཉམས་རྟོགས་ཡོན་ཏན་གྱི་ཚད་ནི་དམ་པ་ཁོང་རང་ཉིད་ཀྱིས་རྟོགས་པ་ལས་ཉམས་ཆུང་བྱིས་བློ་བདག་ལྟ་བུ་ཞིག་གིས་གཞལ་བྱ་མ་ཡིན་ནོ།
༢ སྤྱི་ཚོགས་རིག་པའི་ངོས་ནས་བཤད་ན། སངས་རྒྱས་ཆོས་ལུགས་ཀྱི་གཞིའི་ལྟ་ཚུལ་ཏེ། མདོ་ལས། བདེར་བཤེགས་སྙིང་བོས་འགྲོ་བ་ཡོངས་ལ་ཁྱབ་ཅེས་པ་དང་། མདོ་སྡེ་རྒྱན་ལས། དེ་བཞིན་གཤེགས་ནི་ཐམས་ཅད་ལ།། ཁྱད་པར་མེད་ཀྱང་དག་གྱུར་བ།། དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར།། འགྲོ་ཀུན་དེ་ཡི་སྙིང་བོ་ཅན།། ཅེས་དང་། རྒྱུད་བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད།། འོན་ཀྱང་གློ་བུར་དྲི་མས་བསྒྲིབས།། དྲི་མ་དེ་བསལ་སངས་རྒྱས་དངོས།། ཞེས་གསུངས་པ་དང་། ཡང་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་བའི།། སེམས་ཅན་མེད་ཅིང་སངས་རྒྱས་མེད།། ཅེས་དང་། རྣམ་སྣང་མངོན་བྱང་ལས། བྱིས་པ་མི་ཤེས་པས་སྒྲིབ་པ།། ཚུལ་འདིར་ཤེས་པར་མ་གྱུར་རྣམས།། སངས་རྒྱས་གཞན་དུ་འཚོལ་བར་བྱེད།། འདི་ན་གནས་པར་ཡོད་མ་གཏོགས།། འཇིག་རྟེན་ཁམས་གཞན་གང་ནས་ཀྱང་།། སངས་རྒྱས་རྙེད་པར་ཡོང་མི་འགྱུར།། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ།། སངས་རྒྱས་གཞན་དུ་མ་བསྟན་ཏོ།། ཞེས་དང་། བཅོམ་ལྡན་འདས་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་གློ་བུར་དྲི་མའི་སྦུབས་ལས་མ་གྲོལ་བ་ལ་དེ་བཞིན་གཤེགས་པའི་སྙིང་བོ་ཞེས་བགྱིའོ།། ཞེས་དང་། སྙིང་བོ་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་བོ་ཅན་ཡིན་ནོ་ཞེས་དང་། མྱང་འདས་ལས་སྔོན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་བརྗོད་པ་ལས། ངས་ཆོས་ཐམས་ཅད་སྟོང་བ་ཉིད་དུ་གང་བསྟན་པ་དེ་ནི་བྱིས་པ་རྣམས་བདག་ཏུ་ཞེན་པ་ལས་ཡོངས་སུ་གྲོལ་བའི་ཕྱིར་བཤད་ཀྱི། ཡང་དག་པར་ནི་དེ་བཞིན་གཤེགས་པའི་སྙིང་བོ་ཉག་གཅིག་དོན་དམ་པའི་བདེན་པའོ།། ཞེས་པ་དང་། ཡང་དཔེར་ན་འོ་མ་ལ་མར་གྱིས་ཁྱབ་པར་གནས་སོ།། དེ་བཞིན་གཤེགས་པའི་སྙིང་བོས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་སོ།། ཞེས་པ་ལྟར། ཆོས་ཀྱི་སྐུ་གློ་བུར་གྱི་དྲི་མའི་སྦུབས་ལས་མ་གྲོལ་བའི་གནས་སྐབས་སུ་དེ་བཞིན་གཤེགས་པའི་སྙིང་བོ་ཞེས་བརྗོད་ལ། དེ་ལྟ་བུའི་དེ་བཞིན་གཤེགས་པའི་སྙིང་བོ་དེས་སེམས་ཅན་མཐོ་དམའ་རབ་འབྲིང་ཀུན་ལ་འདྲ་མཉམ་དུ་ཁྱབ་པར་བཞེད་པའི་བསམ་བློ་འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་གཞི་ལྟ་བའི་སྟེང་གི་འདྲ་མཉམ་གྱི་བསམ་བློ་ཟབ་མོ་ཞིག་རེད།
སེམས་ཅན་ཐམས་ཅད་ཀྱི་སེམས་སྟོང་ཉིད་དམ་འོད་གསལ་གྱི་རང་བཞིན་དང་དེར་བག་ལ་ཉལ་བའི་ཉོན་མོངས་པ་གཉིས་འབྲལ་རུང་གི་ཚུལ་དུ་གནས་ཡོད་པའི་གནད་ཕྱེས་ཡོད་པ་འདི་ནི་མིའི་རིགས་ཀྱིས་རང་གི་ནང་སེམས་ཉིད་ངོས་འཛིན་གྱི་ཟབ་ཚད་ནས་བཤད་ན། འགྲོ་བ་མིའི་རིགས་ཀྱི་སེམས་ཉིད་ངོས་འཛིན་ཐད་ཀྱི་འཕོ་འགྱུར་ཆེན་པོ་ཞིག་དང་གསར་བཏོད་ཆེན་པོ་ཞིག སེམས་ཉིད་ངོས་འཛིན་གྱི་གཞུང་ལུགས་ཆེན་པོ་ཞིག འདྲ་མཉམ་གྱི་གཞུང་ལུགས་ཆེན་པོ་ཞིག་བཅས་རེད། བསམ་བློ་འདིས་འགྲོ་བ་མིའི་རིགས་ལ་ཁྱབ་པ་དང་མཉམ་དུ་སྲོག་ལྡན་གྱི་སེམས་ཅན་རེ་རེ་ལ་ཁྱབ་ཅིང་། སེམས་ཅན་དེ་དག་རེ་རེའི་གཞི་སེམས་ཉིད་འདྲ་མཉམ་གྱིས་ཡར་རྒྱས་ཡོང་ཆོག་ཆོག་ཡིན་པ་དང་། ཡར་རྒྱས་ཆེན་པོ་དང་ཡང་རྒྱས་ཀྱི་ཡང་རྩེར་སོན་ཆོག་ཆོག་ཡིན་པར་བཞེད་པས། རང་བཞིན་གྱིས་འཆམ་མཐུན་གྱི་གཞུང་ལུགས་ཆེན་པོ་ཞིག་དང་། དཔལ་ཡོན་གྱི་གཞུང་ལུགས་ཆེན་པོ་ཞིག དྲང་བདེན་གྱི་གཞུང་ལུགས་ཆེན་པོ་ཞིག རང་དབང་གི་གཞུང་ལུགས་ཆེན་པོ་ཞིག་ཡིན་པར་མ་ཟད། སེམས་ཉིད་ཀྱི་གསང་བ་ཆེན་པོ་ཞིག་དང་གསར་བཏོད་ཆེན་པོ་ཞིག་རེད་སྙམ། མི་ཚེའི་རིན་ཐང་གི་རྒྱང་ཚད་ནས་བཤད་ན། འགྲོ་བ་སེམས་ཅད་ཐམས་ཅད་ལ་བདེར་གཤེགས་སྙིང་བོས་ཁྱབ་ཡོད་པས། མི་མཐོ་དམའ་དབུལ་ཕྱུག་སུ་ཞིག་ཡིན་ཀྱང་རང་གི་མི་ཚེ་ལ་སྙིང་བོ་ལེན་མི་ལེན་དང་། སྙིང་བོ་ལེན་ཤེས་མི་ཤེས། སྙིང་བོ་ལེན་ཐུབ་མི་ཐུབ་བཅས་ལ་རག་ལས་པ་མ་གཏོགས། དོན་གྱིས་མི་རེ་རེའི་མི་ཚེ་ལ་འདྲ་མཉམ་གྱི་སྒོ་ནས་རིན་ཐང་ལྡན་པ་ཞིག་དང་རེ་བས་ཁེངས་པ་ཞིག་ཡིན་པས། མི་སུ་ཞིག་ཡིན་ཀྱང་མུ་མཐུད་དུ་ཧུར་བརྩོན་དང་རང་ཉིད་འཐུས་ཚང་གཏོང་དགོས་པའི་ཡར་སྐུལ་རང་བཞིན་གྱི་བསམ་བློ་རླབས་ཆེ་བ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད། སངས་རྒྱས་ཆོས་ལུགས་ཀྱི་གཞི་སེམས་ཉིད་ཀྱི་ལྟ་ཚུལ་འདི་ནི་འདྲ་མཉམ་གྱི་ལྟ་ཚུལ་ཞིག་དང་། དྲང་བདེན་གྱི་ལྟ་ཚུལ་ཞིག རང་དབང་གི་ལྟ་ཚུལ་ཞིག འཆམ་མཐུན་གྱི་ལྟ་ཚུལ་ཞིག་དང་རྒྱུ་འབྲས་རྟེན་འབྲེལ་གཏན་ཚིགས་རིག་པའི་གཞུང་ལུགས་ཀྱི་ལྟ་བ་བསླུ་མེད་ཅིག་ཡིན་པས། འགྲོ་མ་མིའི་རིགས་ཀྱི་བདེ་འཇགས་མཐུན་སྒྲིལ་དང་། འཆམ་མཐུན་འཕེལ་རྒྱས། ལུས་སེམས་བདེ་ཐང་། ཞི་བདེ་མཉམ་གནས། དཔལ་ཡོན་དར་ཁྱབ་བཅས་ཀྱི་ཕྱོགས་ལ་གཞན་གྱིས་ཚབ་བྱེད་དཀའ་བའི་ནུས་ཤུགས་ཐུན་མོང་མ་ཡིན་པ་ཞིག་ཐོན་དང་འདོན་བཞིན་ཡོད་པར་བརྟེན་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བཞེངས་སྐྲུན་བྱེད་པར་ཐབས་ཤེས་འདོན་སྤྲོད་བྱེད་བཞིན་ཡོད་པ་རེད།
༣ རང་བྱུང་རིག་པའི་ངོས་ནས་བཤད་པ་ལ། ཡུལ་དུས་ཀྱི་ཐད་ནས་བལྟས་ན། སྐྱབས་འགྲོ་ལས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞེས་གསུང་པ་ལྟར། ཕྱོགས་ནི་བཅུ་དང་། དུས་ནི་འདས་མ་འོངས་ད་ལྟ་གསུམ་ཞེས་བཤད་ནའང་། དུས་ནི་ཕྱོགས་ཚད་ཡིན་ཏེ། ཆེ་ཆུང་དང་ཁ་ཕྱོགས་གཉིས་ཀ་ཡོད་པའི་ཕྱིར་དུས་གཅིག་ཏུ་བསྡུས་ཚེ་ཁྱོན་བསྡོམས་ཡུལ་དུས་ཀྱི་གནས་ཚད་བཅུ་གཅིག་ཡོད་པ་རེད། རང་བྱུང་ཚན་རིག་གི་ཞིབ་འཇུག་ལྟར་ན། སྤྱི་ལོ་༡༩༩༨ལོའི་ཟླ་༢པར་ཨ་མེ་རི་ཀའི་ཚན་རིག་ཅེས་པའི་དུས་དེབ་སྟེང་དུ་ M གཞུང་ལུགས་ཅེས་པ་མཚམས་སྦྱོར་བྱས་པའི་རྩོམ་ཡིག་ཅིག་བཀོད་ཡོད་ལ། དེའི་ནང་དུ་རྡུལ་རྫས་ཞིག་ལ་གློག་ཁུར་གྱི་འཇིབ་ཤུགས་ལྡན་པར་མ་ཟད་ད་དུང་སྡུད་རའི་བར་གྱི་ཕན་ཚུན་གྱི་བྱེད་ནུས་ཡང་ལྡན་པ་དང་། དེ་གཉིས་གཞི་གཅིག་ཏུ་འདུས་ནས་འགུགས་ཤུགས་གྲུབ་ཞེས་བཤད་ཡོད། ང་ཚོས་རྒྱུན་པར་རྡུལ་ཕྲ་རབ་ཞིག་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་དང་སའི་གོ་ལའི་ཆེ་ཆུང་ཡོད་པའི་སྐར་མའི་གོ་ལར་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་མི་འདྲ་བར་བསམ་བཞིན་ཡོད་པ་སྟེ། སྔར་ཡོད་ཀྱི་གཞུང་ལུགས་མཐའ་དག་གིས་དུས་མཉམ་གཅིག་ཏུ་རྡུལ་རྫས་དང་སྐར་མའི་གོ་ལའི་འགུལ་སྐྱོད་ལ་འགྲེལ་བཤད་བྱེད་དཀའ་བར་མ་ཟད་འགུགས་ཤུགས་ཀྱི་བྱུང་སྟངས་ལ་ཡང་འགྲེལ་བཤད་བྱེད་དཀའ་བའི་རྐྱེན་གྱིས་རེད། M གཞུང་ལུགས་ནི་ཆུང་བ་རྡུལ་ཕྲ་རབ་ནས་ཆེ་བ་སྐར་མའི་གོ་ལ་ལྟ་བུའི་འཇིག་རྟེན་ལ་འགྲེལ་བཤད་རྒྱག་ཐུབ་པའི་གཞུང་ལུགས་ད་ལྟ་གྲུབ་དང་འགྲུབ་བཞིན་པ་ཞིག་ཡིན་ཞིང་། གཞུང་ལུགས་དེར་དངོས་བཤེར་གང་མང་ཞིག་གིས་ར་སྤྲོད་བྱས་ཡོད་པས་ཨེ་དབྱིན་སི་ཐན་གྱི་བལྟོས་བཅས་གཞུང་ལུགས་རྗེས་ཀྱི་དུས་རབས་འདིའི་ནང་ཆེས་རླབས་ཆེ་བའི་དངོས་ལུགས་རིག་པའི་གཞུང་ལུགས་ཤིག་ཏུ་བརྩི་བཞིན་ཡོད། གཞུང་ལུགས་དེའི་ནང་དུ་ཡུལ་དུས་གནས་ཚད་༡༡ཡོད་པ་བེད་སྤྱད་ནས་འཇིག་རྟེན་ལ་འགྲེལ་བཤད་བྱེད་ཀྱིན་ཡོད་པ་དང་། ད་ལྟ་ང་ཚོས་ཚོར་མྱོང་བྱེད་ཐུབ་པའི་ཡུལ་དུས་གྱི་གནས་ཚད་བཞི་མ་གཏོགས་མེད་པ་དཔེར་ན་སྒྲ་རླབས་དང་འོད་ཤལ་ལྟ་བུར་མཚོན་ན་ང་ཚོས་སྒྲ་བརྒལ་རླབས་ཚོར་མི་ཐུབ་ལ་དམར་ཕྱིའི་འོད་མཐོང་མི་ཐུབ་ནའང་དེ་མེད་པར་བཟུང་མི་ཆོག་པ་ལྟ་བུ་རེད། དེང་རབས་དངོས་ལུགས་རིག་པས་ད་དུང་ཡུལ་དུས་གྱི་གནས་ཚད་༧ ལ་ཚོར་མྱོང་བྱེད་མི་ཐུབ་ནའང་ཡུལ་དུས་ནི་གནས་ཚད་༡༡ཅན་ཞིག་ཡིན་པར་ཁས་ལེན་བཞིན་ཡོད།
རྡུལ་རྫས་རིག་པའི་ཆ་ནས་བལྟས་ན། ཆེས་ཕྲ་བའི་རྡུལ་རྫས་མཐའ་དག་ནི་རྡུལ་གཡོ་གཤིས་གཉིས་ལྡན་པའི་རང་བཞིན་ཅན་ཏེ་རྡུལ་གྱི་རང་བཞིན་དང་རླབས་གཡོའི་རང་བཞིན་ཅན་ཡིན་པ་དེ་དུས་རབས་ཉི་ཤུ་བའི་རང་བྱུང་ཚན་རིག་གི་གསར་རྙེད་ཆེན་པོ་ཞིག་ཡིན་པ་ནང་བཞིན་དུ་། རང་ལུགས་ཀྱིས་བཤད་ན། རྡུལ་རྫས་བརྒྱད་འདུས་ཅན་གྱི་གོང་བུ་སྟེ་ས་རྫས་ཆུ་རྫས་མེ་རྫས་རླུང་རྫས། གཟུགས་རྡུལ་དྲི་རྡུལ་རོ་རྡུལ་རེག་རྡུལ་བཅས་འདུས་པའི་གོང་བུ་ཅན་རྡུལ་ཕྲ་རབ་དེ་ཡང་རྡུལ་གཡོ་གཤིས་གཉིས་ལྡན་པའི་རང་བཞིན་ཅན་ཤ་སྟག་ཡིན་པ་ཁམས་ས་ཆུ་མེ་རླུང་གི་མཚན་ཉིད་ཀྱི་ཟུར་དང་ཁམས་ས་ཆུ་མེ་རླུང་རྣམས་འདོད་པའི་ཡོན་ཏན་ལྔས་ལོངས་སུ་སྤྱོད་ཐུབ་མིན་ལས་མཐོང་ཐུབ་པ་དེ་འདྲ་རེད།
དེ་བཞིན་དུ་ཚན་རིག་ལག་རྩལ་གོང་དུ་འཕེལ་བ་དང་བསྟུན་ནས་ནང་བསྟན་ཆོས་ལུགས་ཀྱི་ནང་སེམས་ཉིད་ཀྱི་ལྟ་བ་དང་ཕྱི་དངོས་པོའི་ཆོས་ཉིད་ཀྱི་ལྟ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་མུ་མཐུད་དུ་སྔོག་འདོན་བྱེད་ཐུབ་པར་མ་ཟད། བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་དར་ཁྱབ་བྱེད་པར་སྔར་ན་མེད་པའི་ནུས་པ་འདོན་ཐུབ་པར་ང་རང་ཡིད་ཆེས་ཡོད།
གཉིས་པ་དུས་ཀྱི་སྒོ་ནས་བཤད་པ་ལ། སྤྱིར་རིག་ལམ་གྱི་འགྲོ་ཕྱོགས་ལྟར་ན་ཤེས་བྱ་ལ་རྟག་པ་དང་དངོས་པོ་གཉིས་ཡོད་ཅིང་། དངོས་པོ་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པ་དང་། ཡུལ་དུས་གཉིས་སུ་ཕྱེས་པའི་དུས་ནི་ལྡན་མིན་འདུ་བྱེད་ཀྱི་ཁོངས་སུ་གཏོགས་ནའང་། འདིར་རྗེ་ཞྭ་དམར་པས་མཛད་པའི་དབུ་མའི་བགྲེས་ཐོ་ལས་དངོས་པོ་ཡིན་ན་དུས་ཡིན་པས་ཁྱབ་པ་སྟེ་དངོས་པོ་ཆེ་ཆུང་ཕྲ་རགས་སྲིད་ཚད་ཐམས་ཅད་སོང་བའམ་འགྲོ་བཞིན་པའམ་འགྲོ་འགྱུར་གྱི་གནས་སྐབས་ཙམ་གྱི་དུས་ཀྱི་ཆ་དེ་ཡིན་པའི་རྗེས་སུ་འབྲངས་ནས་གླེང་ན། སངས་རྒྱས་ཆོས་ལུགས་ཀྱི་འདྲ་མཉམ་བསམ་བློ་ལྟ་བུར་མཚོན་ན། ཐོག་མར་གང་ཟག་མཐོ་དམའ་རབ་འབྲིང་ཐམས་ཅད་ལྷན་སྐྱེས་ནས་འདྲ་མཉམ་དུ་གནས་པ་གནས་ལུགས་གཞིའི་སྟེང་གི་འདྲ་མཉམ་དང་། བར་དུ་དེ་ཉིད་གང་ནུས་ཅི་ལྕོགས་ཀྱིས་ལག་ལེན་དུ་བསྟར་བ་ཐབས་ལམ་གྱི་སྟེང་གི་འདྲ་མཉམ། མཐར་ལག་ལེན་གྱི་སྟེང་ནས་འདྲ་མཉམ་མངོན་དུ་བྱེད་པ་ནི་ཐ་མ་འབྲས་བུའི་སྟེང་གི་འདྲ་མཉམ་ཡིན་ཞིང་། ཐོག་མཐའ་བར་གསུམ་གྱི་འདྲ་མཉམ་མམ་གཞི་ལམ་འབྲས་གསུམ་གྱི་འདྲ་མཉམ་དེ་མངོན་གྱུར་བྱེད་ཐུབ་མིནདེ་དུས་ཀྱིས་ཐག་གཅོད་བྱེད་པ་ཤ་སྟག་རེད། མི་སོ་སོར་རང་རང་གི་མི་ཚེ་རིན་ཐང་ལྡན་པའི་གོ་སྐབས་དང་དུས་ཚོད། རྨང་གཞི་འདྲ་མཉམ་དུ་ཡོད་པས། མི་ཚེ་རིན་ཐང་ལྡན་མིན་དང་མི་ལུས་དོན་ཡོད་ཡིན་མིན་སོགས་རང་རང་གི་དོན་གཉེར་དང་བརྩོན་འགྲུས་ལ་རག་ལས་ཡོད་པ་དང་། དོན་གཉེར་དང་བརྩོན་འགྲུས་འདྲ་མིན་གང་རུང་ནས་བསྐྱེད་པའི་འབྲས་བུ་སྣ་ཚོགས་དུས་ལ་བརྟེན་ནས་གྲུབ་དང་འགྲུབ་བཞིན་ཡོད་པར་བརྟེན། བདག་གིས་བལྟས་ན། ལས་སྣ་ཚོགས་བསགས་པ་ལས་གྲུབ་པའི་འབྲས་བུ་སྣ་ཚོགས་ནི་བརྟེན་པ་དང་། བརྟེན་པ་དེ་རྟེན་དུས་ཚོད་ལ་བརྟེན་ནས་ཡོད་ཅེས་བཤད་ཆོག དེའི་ཕྱིར། སེམས་ཅད་འགྲོ་བ་ཇི་རྙེད་ཀྱིས་དུས་ཚོད་དམ་འཛིན་དང་། དུས་ཚོད་གཙིགས་ཆེན། དུས་ཚོད་ཆུད་མི་ཟ་བར་དང་པོ་བླ་མ་བསྟེན་ནས་གདམ་ངག་སྲུང་། བར་དུ་ཉམས་ལེན་དུ་གནས། ཐ་མར་རང་རྒྱུད་དུ་སྒོམ་ནས་གོམས་པར་བྱས་ཚེ་རང་སེམས་སངས་རྒྱས་ཡིན་པ་ངོ་ཤེས་རྒྱུ་རེད་ལ། རྣམ་རྟོག་ཆོས་སྐུ་ཡིན་པའི་དོན་རྟོགས་རྒྱུ་རེད།
མཇུག་མཐར། དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་།། རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་།།
གསང་ཆེན་བསྟན་པའི་སྒྲོན་མེས་ས་གསུམ་གྱི།། འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན། རིག་འཛིན་ཚེ་བརྟན།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།