ཀུན་སྤངས་བྱ་བྲལ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་གྱི་རྗེས་དྲན།

WechatIMG425.jpeg

ཆོས་ཅན་རྡུལ་གྱི་སྤྲོས་པ་ལས་འདས་པའི། །ཆོ༵ས་དབྱི༵ངས་མཁའ་ཁྱ༵བ་ཡེ་ཤེས་ཆེན་པོའི་སྤྲིན། །མཐའ་བྲལ་ཞིང་གི་ཀུན་གསལ་ཁྱོན་བརྡ༵ལ་བས། །བསྟན་འགྲོའི་རྒུད་པ་གཞོམ་པའི་མགོན་དེར་འདུད། །   གྲུབ་བརྒྱའི་གཙུག་རྒྱན་རིག་འཛིན་པད་འབྱུང་རྗེས། །རྗེས་བཟུང་མཐའ་ཡས་ཤེས་བྱའི་ཆོས་ལ་མཁས། །མཁས་གྲུབ་རྒྱ་མཚོའི་གཙུག་ནོར་རོང་ཟོམ་རྗེ། །རྗེ་འདིའི་ཚུལ་དུ་སླར་ཡང་བྱོན་ཞེས་ཐོས། །དཔལ་ལྡན་མང་ཐོས་སྤྲིན་གྱི་ལྡིང་ཁང་ནས། །མཐའ་ཡས་ཆོས་ཀྱི་གྲུ་ཆར་རྟག་འཇོ་ཞིང་། །ངོ་མཚར་འཛད་དུ་མེད་པའི་རྣམ་ཐར་གྱིས། །རྒྱལ་བསྟན་མཛེས་པར་བྱས་པའི་གཏམ་བཟང་གླེང་། །རྒྱལ་དབང་པ༵དྨ༵འི་རིང་ལུགས་སྔ་འགྱུར་བའི། །རབ་འབྱམས་ཆོ༵ས་ཚུལ་འཆད་པའི་ཕྲིན་ལས་སྤྲིན། །མཐའ་བྲལ་མཁའ་དབྱི༵ངས་ཁྱ༵བ་པར་བརྡ༵ལ་བའི་གཟིས། །སྙིགས་ལྔའི་ཚ་གདུང་གཞོམ་པའི་ཚུལ་དེར་དད། །བཙུན་ཚུལ་རྨད་བྱུང་ཉེ་བར་འཁོར་གྱི་ཟླ། །གསུང་རབ་མང་ཐོས་དབྱིག་གཉེན་ཞབས་ཀྱི་མཆེད། །དཀའ་སྤྱད་མཐར་ཕྱིན་བཞད་པ་རྡོ་རྗེའི་སྤུན། །འཕགས་བོད་དམ་པའི་རྣམ་ཐར་རྫོགས་དེར་གུས། །རབ་འབྱམས་ཞིང་བཞུགས་སྲས་བཅས་རྒྱལ་བ་ཡི། །མཁྱེན་ནུས་བརྩེ་ཆེན་གཅིག་ཏུ་འདུས་པའི་དངོས། །གངས་ཁྲོད་སྨྲ་བའི་དབང་པོ་མི་ཕམ་པའི། །བཞེད་གཞུང་མཐའ་དག་མ་འདྲེས་ཐུགས་སུ་ཆུབ། །མཐོན་པོའི་ངོ་སྲུང་དམན་པར་རྙས་བཅོས་དང་། །མཉམ་པོར་འགྲན་དང་གོང་བཀུར་འོག་སྐྱོང་སོགས། །མི་དལ་ཟང་ཟིང་བྲེལ་ལས་རིང་འདས་པའི། །དོན་གྱི་བྱ་གཏང་བཤེས་གཉེན་ཡོངས་ཀྱི་གཙོ། །འཇིག་རྟེན་ཆོས་བརྒྱད་དྲི་མས་མ་གོས་པའི། །འཇིག་རྟེན་ལས་འདས་ཀུན་བཟང་སྤྱོད་པ་ཡིས། །འཇིག་རྟེན་ཁམས་ཀུན་བདེ་བར་བྱས་པའི་གཏམ། །འཇིག་རྟེན་འཛམ་གླིང་མཛེས་པའི་རྒྱན་དུ་གྲུབ། །ཚུལ་མིན་གཡའ་ཡི་དྲི་མས་མ་གོས་པའི། །མཛད་བཟང་གསེར་དམར་ལྕགས་ཀྱུ་རྣོན་པོ་ཡིས། །མཆོག་དམན་བར་མའི་ཡིད་སེམས་ཡོངས་བཀུགས་ཏེ། །དབང་མེད་བྲན་དུ་བྱས་པའི་རྣམ་ཐར་རྨད། །སྲིད་ལ་ངེས་པར་འབྱུང་བའི་མེ་དཔུང་གིས། །ཆོས་བརྒྱད་ཚང་ཚིང་རྨང་མེད་བསྲེག་པའི་སྒྲས། །ས་གསུམ་ཁྱོན་ཀུན་ཡོངས་སུ་འགེང་བའི་གཟིས། །བསྟན་འཛིན་ཟོལ་མའི་ཚོགས་ཀྱི་དབུ་འཕངས་སྨད། །སྐུ་ཡི་མཛད་པར་ཚུལ་འཆོས་མི་མངའ་ཞིང་། །རྫུན་གྱིས་མ་བསླད་དྲང་པོར་སྨྲ་བའི་གསུང་། །གཡོ་སྒྱུའི་སྐྱོན་གྱིས་མ་གོས་ཐུགས་ཀྱི་གཤིས། །ཁྱེད་ནི་དྲང་སྲོང་ཞེས་གྲགས་ཡོངས་ཀྱི་གཙོ། །བཀའ་གདམས་གོང་མའི་རྣམ་ཐར་གཙང་མ་ཡི། །རྨད་བྱུང་སྤྱོད་པས་སྙིགས་མའི་གདུལ་བྱ་རྣམས། །ཡང་དག་ཆོས་ལ་སྐུལ་བའི་མཛད་བཟང་རིས། །དུས་ཀྱི་མཐར་ཡང་མི་ཉམས་རྗེས་ཤུལ་བཀྲ། །ཕྱོགས་ལྷུང་ཕྲག་དོག་དུག་ཆུས་མྱོས་པ་ཡི། །ཁེངས་པའི་རྩལ་ཆེན་རྫོགས་པའི་གཉིས་མཐུང་དག །གང་ཁྱོད་མཛད་བཟང་འོད་ཀྱིས་རེག་པའི་མོད། །མགོ་བོ་དུད་དེ་མ་གུས་རང་དབང་བྲལ། །མཐོན་པོའི་ཐོབ་དང་ཕྱུག་པོའི་རྒྱུ་ནོར་དང་། །གྲགས་པའི་གཏམ་དང་མཛེས་པའི་གཟུགས་ལ་སོགས། །འཆིང་བ་དྲག་པོའི་གཞན་དབང་མ་གྱུར་བར། །དབེན་པར་བདུད་རྩིར་རོལ་དེར་སུས་མི་དད། །རྣམ་པར་དག་པའི་ཚངས་སྤྱོད་དབྱིག་འཛིན་གཞིར། །རྣམ་དག་བྱང་སེམས་ཆབ་ཀྱིས་བརླན་པ་ལས། །རྣམ་དག་བྱང་ཆུབ་སྤྱོད་པའི་འབྲས་བཟང་འབུམ། །རྣམ་མང་འགྲོ་བ་ཉེར་འཚོའི་བསོས་སུ་སྨིན། །དབང་བཞིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །རིམ་གཉིས་ཉམས་ལེན་གནད་དུ་སྨིན་པའི་འབྲས། །རྣམ་གཉིས་དངོས་གྲུབ་གྲུབ་པའི་དགའ་སྟོན་ལ། །ལོངས་སུ་སྤྱོད་པའི་རྡོ་རྗེ་འཛིན་དབང་རྨད། །གཏིང་ཟབ་སྲིད་མཚོ་ཡུད་ཀྱིས་སྐེམ་ནུས་པའི། །བྱིན་རླབས་ཚ་ཟེར་འབར་བའི་ཉིན་བྱེད་ཀྱིས། །རེག་པའི་སྐལ་བཟང་ཨུ་དུམ་ཝ་ར་ཡིས། །ཐུབ་བསྟན་པད་ཚལ་མཛེས་བྱས་བཀའ་དྲིན་དྲན། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །མཚན་ལྡན་བཤེས་གཉེན་མཆོག་གིས་རྗེས་བཟུང་ནས། །རྣམ་གཡེང་ཆོས་བརྒྱད་དབང་དུ་མི་འགྲོ་བར། །ཐུབ་པའི་བསྟན་ལ་ཚུལ་བཞིན་འཇུག་པར་ཤོག །

ཀུན་སྤངས་བྱ་བྲལ་བ་ངེས་པ་དོན་གྱི་བཤེས་གཉེན་ཆེན་པོ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་འཇིག་རྟེན་འདིར་བྱོན་ནས་བགྲང་བྱ་བརྒྱ་ཕྲག་གཅིག་ལོན་པའི་རྗེས་དྲན་ཚིགས་བཅད་མ་འདྲེས་བཅོ་བརྒྱད་ཀྱི་གྲངས་ལྡན་འདི་ཉིད་སྙོམས་ལས་པ་ཨོ་རྒྱན་རིག་འཛིན་དུ་འབོད་པས་་བྲིས་པ་འགྲོ་ཀུན་མཚན་ལྡན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག ། །མངྒ་ལཾ། །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།