བོད་མིའི་འཛུམ་མདངས་ཀྱི་ངོ་མཚར་གླེང་བ།

timg-1.jpeg

བོད་ཁམས་ཁུལ་ལི་ཐང་ཕོ་གཞོན་བསྟན་འཛིན་ཅིའི་ཕྱིར་རྒྱལ་ཁབ་འདྲ་མིན་གྱི་དྲ་ལམ་དུ་གྲགས་པ་རྒྱས་པ་རེད། འགའ་ཞིག་གིས་བསམ་ན་དུས་རབས་འདིའི་མི་རྣམས་རྒྱུ་མཚན་ཅི་ཡང་མེད་པར་ཧོལ་རྒྱུག་གྲགས་འུར་མཁན་ཡིན་པས་རྒྱུ་མཚན་ཅི་ཡང་མེད་བསམ་པ་དང་། འགའ་ཞིག་གིས་ཁོ་རང་སྟབས་ལེགས་ལམ་འགྲོ་རླུང་རྟ་རྒྱུག་པ་རེད་བསམ་པ་དང་། ཡང་ན་སོ་དཀར་འཛུམ་མདངས་ཅན་གྱི་ཕོ་གཞོན་ཡིན་པས་རེད་བསམ་པ་སོགས་དྲན་སྲིད། རྒྱུན་མཚན་དེ་དག་ལས་ཆ་ཤས་རེ་ཡོད་པ་སྲིད་ཀྱང་གཙོ་ཆེ་བ་བོད་མིའི་བཅོས་མིན་གྱི་འཛུམ་མདངས་དང་། ལྷད་མེད་དྭངས་གཙང་གི་མིག་མདངས་ཀྱིས་ཡིན་ཞེས་དྲ་གྲོགས་དག་གིས་དཔྱད་བརྗོད་བྱས་ཡོད། 

timg-2.jpeg

བོད་ཕྲུག་བསྟན་འཛིན་ལ་འདི་འདྲའི་ཐུན་མིན་གསང་བའི་འཛུམ་མདངས་ཤིག་ཡོད་པ་རིགས་མཐུན་བོད་མི་དག་གིས་ཤེས་ཀྱི་མེད་ལ། བསྟན་འཛིན་ཁོ་རང་ནས་ཀྱང་བསྟོད་བསྔགས་ཀྱི་ཚིག་ཙམ་ལས་དོན་ངོ་མ་ཁོ་རང་གི་ངོ་གདོང་ནས་གཞན་གྱིས་ཅི་ཞིག་མཐོང་བཞིན་ཡོད་ཤེས་ཀྱི་མེད་པའི་ཚོད་རེད། བོད་མིའི་གདོང་ལ་འདི་འདྲའི་ཐུན་མིན་འཛུམ་མདངས་ཡོད་པ་དང་། འདི་འདྲའི་འཛུམ་མདངས་དེ་གང་ལས་འབྱུང་བའི་རྒྱུ་རྐྱེན་དྭངས་གཙང་རང་བྱུང་གི་ཁོར་ཡུག་དང་། གཞན་ཕན་དང་ཞི་བདེའི་ཆོས་རིག་ལས་བྱུང་བའི་སེམས་ཁམས་ཀྱིས་བསྐྲུན་པའི་འཛུམ་མདངས་ཡིན་པ་བོད་མི་མང་པོ་ཞིག་གིས་ཤེས་ཀྱི་མེད་པར་འདོད། ཡང་འགའ་ཞིག་གིས་བསྟན་འཛིན་ལ་ངོ་མཚར་བ་ཅི་ཡོད། ཁོ་ནི་རྒྱ་ཡིག་སོགས་ཡིག་རྨོངས་ཙམ་ཡང་སེལ་མེད་པའི་ནོར་རྫི་ཞིག་རེད་ཅེས་སྨད་པར་བྱེད། བསྟན་འཛིན་རང་ཉིད་ནས་ཀྱང་ད་ནས་རྒྱ་ཡིག་སོགས་ལ་སྦྱང་བ་བྱས་ཏེ་ཚོང་ལས་སྒོར་བསོགས་བྱ་རྒྱུ་དང་། མང་པོ་ཞིག་གིས་ཀྱང་དེ་ལྟར་བྱེད་རྒྱུའི་རེ་བ་ཡོད་ཟེར། དེ་ལྟར་མི་བྱེད་པར་སུས་ཀྱང་འགོག་ཐབས་བྲལ་ཞིང་ལམ་ཁ་དེར་བསྐྱོད་རྒྱུ་ཡིན་པ་སྨོས་ཅི་དགོས། ཡིད་ཕངས་པ་ཞིག་ལ་ད་ནས་ཁོའི་གདོང་གི་བཅོས་མིན་གྱི་འཛུམ་མདངས་དང་དྭངས་གཙང་མིག་འོད་ཡལ་ངེས་རེད་ལ། འདི་འདྲའི་འཛུམ་མདངས་མཐོང་འདོད་པ་དག་གིས་ཕྱིན་ཆད་སླར་ཡང་མཐོང་མི་སྲིད། 

timg-7.jpeg

རྗེས་སོར་མང་པོ་ཞིག་གི་འཁྲབ་ཁྲིད་འོག་ཁོས་ཆེད་དུ་འཛུམ་མདངས་སྟོན་སྲིད་ཀྱང་དེ་ནི་བཅོས་མིན་དེ་མིན་པས། གསང་བའི་འཛུམ་མདངས་བལྟ་ཤེས་མཁན་དག་སྔར་ལྟར་ཡིད་འཕྲོག་མི་སྲིད། མཐའ་དོན་འཛུམ་མདངས་འདི་ནི་ལི་ཐང་བསྟན་འཛིན་ཁོ་ནའི་འཛུམ་མདངས་མིན་པར་བོད་མིའི་གདོད་མའི་འཛུམ་མདངས་རེད་ལ། འཛུམ་མདངས་འདི་ནི་ཞི་བདེའི་ཆོས་རིག་ལས་བྱུང་བའི་སེམས་ཁམས་ཀྱི་འཛུམ་མདངས་ཀྱང་རེད། འཛུམ་མདངས་འདིས་དུས་རབས་གསར་པའི་འཛམ་གླིང་མི་དམངས་ཀྱི་ཡིད་འཕྲོག་པར་བྱས། ངས་སེམས་གཏིང་ནས་བོད་མི་རིགས་ཀྱི་གདོང་ལ་དུས་ནམ་དུའང་འཛུམ་མདངས་འདི་ཡལ་བར་མེད་པར་སྨོན་བཞིན་ཡོད་ལ། འཛམ་གླིང་མི་དམངས་ཀྱི་གདོང་ལ་བཅོས་མིན་འཛུམ་མདངས་ཀྱི་མེ་ཏོག་འདི་ཡོངས་སུ་བཞད་པར་སྨོན་བཞིན་ཡོད། ཕྱི་ལོ་༢༠༢༠ལོའི་ཟླ་བ་༡༢པའི་ཚེས་༡༧ཉིན། རྒྱལ་ཁམས་སྐོར་བའི་བསམ་གཞིག་པ་བསྟན་འཛིན་ལུང་རྟོགས་ཉི་མས་ཡིད་ཀྱི་འགྱུ་བ་ལྟར་འཕྲལ་མར་བྲིས།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།