མཚུངས་མེད་ཁྱབ་བདག་བླ་མར་དད་པ་ནང་ནས་རྙེད་པའི་གསོལ་འདེབས་མེ་ལ་ཤིང་བསྣན་ལྟ་བུའི་མོས་གུས་རབ་འབར་མ་བཞུགས་སོ།།
ཨེ་མ།
པདྨ་དཀར་པོ་ལྟར་བསྔགས་ཤཱཀྱའི་ཏོག།
སྐལ་བཟང་འདིར་བྱོན་སྔགས་སྟོན་དགའ་རབ་རྗེ།།
དབྱེར་མེད་མཚུངས་བྲལ་ཁྱབ་བདག་བླ་མ་ལ།།
ལྷད་མེད་གུས་པའི་གསོལ་འདེབས་རོལ་མོ་འཁྲོལ།།
རྫོགས་ཆེན་ཆོས་རྗེ་བརྒྱུད་པའི་བྱིན་རླབས་ཅན།།
རྫོགས་ཆེན་རིག་འཛིན་ཌཱཀྐིའི་གསང་གཏམ་ཅན།།
རྫོགས་ཆེན་བླ་མ་སྣང་བཞི་མཐར་སོན་ཅན།།
རྫོགས་ཆེན་སློབ་དཔོན་སངས་རྒྱས་ལག་འཆང་ཅན།།
ཁྱེད་ཉིད་པདྨ་བི་མའི་སྙིང་ཐིག་བདག།
ཁྱེད་ནི་ཀུན་མཁྱེན་གོང་འོག་སྒྱུ་འཕྲུལ་གར།།
ཁྱེད་ཅིག་བསྟན་པའི་སྲོག་མཐུད་བསྟན་འཛིན་དངོས།།
ཁྱེད་ལ་ཡིན་ལུགས་ཤེས་ནས་གསོལ་བ་འདེབས།།
སྙིགས་ཆེན་རྣམ་ལྔའི་བཅིང་བའི་ཁོར་ཡུག་གི།།
དུག་ཆེན་སྣ་ལྔའི་གདུང་བའི་ཉམ་ཐག་འགྲོ།།
བརྩེ་ཆེན་ཡེ་ཤེས་འོད་ལྔའི་ཀྱོ་བ་ཡིས།།
ཐེག་ཆེན་གསང་ལམ་འཁྲིད་པར་བླ་མ་མཁྱེན།།
བློ་ལྡོག་རྣམ་བཞིས་བློ་སྦྱོང་ཚད་དུ་ཕྱིན།།
འབུམ་ལྔའི་བསགས་སྦྱང་གྲངས་མིན་དོན་གྱིས་འཁྱོལ།།
བླ་མ་སངས་རྒྱས་དངོས་མཐོང་དད་པས་ཕྱུག།
རྟེན་འབྲེལ་དབུ་ནས་འགྲིག་པར་བླ་མ་མཁྱེན།།
སྔོན་བསགས་མཐུ་ལས་སྔར་མེད་གདམ་པར་འཕྲད།།
བླ་མའི་དྲིན་གྱིས་བློ་འདས་རིག་ངོ་འཕྲོད།།
ཡིན་ཡང་ཚེ་ལྷག་ཉི་མ་མི་མང་བས།།
ལོངས་མེད་རྒྱུད་ལ་སྐྱེ་བར་བླ་མ་མཁྱེན།།
སོ་སོར་ཐར་བའི་བསྲུང་སྡོམ་མིག་བཞིན་འཚོ།།
སེམས་ཅན་མར་ཤེས་དྲིན་གཟོ་དུས་དྲུག་འབད།།
སྔགས་ཀྱི་སྤྱི་ཁྱད་དམ་ཚིག་སྲོག་ལས་གཅེས།།
སྡོམ་གསུམ་དྲི་མེད་འཆང་ནུས་བླ་མ་མཁྱེན།།
རྩ་གསུམ་ལྷ་ཡི་དབང་ལུང་ཁྲིད་ཀྱིས་སྨིན།།
རིམ་གཉིས་བསྙེན་སྒྲུབ་འབྲས་བཟང་གཡུར་དུ་ཟ།།
རྩ་རླུང་ཐིག་ལེའི་རྩལ་འབྱོངས་བོགས་ཡང་ཐོན།།
ཐེག་རྩེའི་སྣོད་རུང་འགྱུར་བར་བླ་མ་མཁྱེན།།
ཆོས་ཀུན་སེམས་འདུས་སེམས་སྡེའི་གོ་བ་ལོན།།
སྣང་སྲིད་ཀློང་ཆུབ་ཀློང་སྡེའི་དགོངས་པ་མྱོང་།།
འཁོར་འདས་གཞི་གྲོལ་གཞི་ལམ་འབྲས་བུར་རྫོགས།།
སྡེ་གསུམ་དགོངས་ཉམས་ལོན་པར་བླ་མ་མཁྱེན།།
ཞེ་སྡང་མེ་འབར་མ་ཧཱའི་ཆར་གྱིས་གཞིལ།།
འདོད་ཆགས་ཆུ་འཁྲུག་ཨ་ནུའི་མཚོ་མོར་འདྲེས།།
གཏི་མུག་སྨག་འཐིབ་ཨ་ཏིའི་ཉི་མས་སངས།།
དུག་གསུམ་གྲོགས་སུ་འཆར་བར་བླ་མ་མཁྱེན།།
བསྐྱེད་རིམ་ཨ་འཐས་མ་ཡིན་འཛིན་པ་བྲལ།།
རྫོགས་རིམ་བདེ་བར་མ་ཞེན་ལྷན་སྐྱེས་གདངས།།
ཟུང་འཇུག་ཡེ་གྲོལ་གཉིག་སེམས་དྭངས་མའི་གཤིས།།
རྒྱུད་ལ་ལྷོད་འབོལ་སྐྱེ་བར་བླ་མ་མཁྱེན།།
༷
རིག་ངོ་ཤེས་ན་གླང་རྫི་གྲོལ་བར་གསུངས།།
མ་ཤེས་ལྔ་རིག་སྨྲ་མཁན་འཁྲུལ་བར་བཤད།།
གནད་དེས་རྟོག་གེའི་གཞལ་བྱའི་ཡུལ་མིན་པའི།།
རིག་གསང་ཆོས་ཉིད་མཐོང་བར་བླ་མ་མཁྱེན།།
འདུ་འཛིའི་རྣམ་གཡེང་བྲེལ་ཟིང་འཚུབ་པའི་དུས།།
ཆགས་སོགས་ཉོན་ལྔའི་འདུ་ལོང་རྒོད་པའི་དུས།།
སྣང་ཚད་རིག་པ་ཟང་ཐལ་གཅིག་གི་ངང་།།
མ་བཅོས་ཙེན་ནེར་འཇོག་ནུས་བླ་མ་མཁྱེན།།
སྐྱེས་སྟོབས་ཤེས་རབ་དགོས་ཀྱང་སྐྱེས་ནས་དབེན།།
སྦྱངས་སྟོབས་ཡོན་ཏན་མཁོ་ཡང་སྐལ་བས་དབུལ།།
ཡིན་ཡང་ལྡོག་མེད་དད་གདུང་མི་ཞན་པས།།
མོས་པས་དགོངས་རྟོགས་འདྲེན་པར་བླ་མ་མཁྱེན།།
འཆད་མཁས་ལྕེ་ཡིས་མ་ཤོད་ཀ་དག་གཤིས། །
རྩོད་དགའ་བློ་ངོར་མ་ཤོང་ལྷུན་འགྲུབ་གདངས། །
རྩོམ་ཚིག་བཟང་བས་གཞལ་མིན་མན་ངག་གནད།།
རྟོགས་པས་རྟོགས་པ་སྤོར་ཅིག་བླ་མ་མཁྱེན།།
བརྗོད་མེད་དོན་གྱི་གནས་ལུགས་མ་ནོར་བ།།
ཟང་ཐལ་རྗེན་པའི་རིག་ངོར་མ་གྲོལ་བར།།
ཐོབ་ཡིག་ཟིན་ཐོས་ཁེངས་བའི་ཆོས་འཚོང་བའི།།
ལུས་སུ་ནམ་ཡང་མི་སྐྱེ་བླ་མ་མཁྱེན།།
རིག་སྟོང་བླ་མ་ནང་ནས་མཇལ་བའི་རྗེས།།
དཔེ་མང་ལྟ་རྟོག་འཁྲུལ་བའི་སྣོན་མར་ལྷག།
ལྷ་མང་བསྒྲུབ་འདོད་ལེ་ལོའི་ཁ་བསྐང་འཕར།།
རིག་པ་གུ་རུ་འགྲུབ་པར་བླ་མ་མཁྱེན།།
འདི་ལ་ཚུལ་འཆོས་བཅའ་བཅོས་མི་མཁོ་ལ།།
ཁ་མཁས་རྩོད་པའི་བཤད་ཉོག་མི་མཛའ་ཞིང་།།
ཁ་འདོན་རིམ་གྲོའི་རྒྱབ་དཔུང་མི་དགོས་པའི།།
ཁུ་སིམ་བཞག་ཆོག་ཟིན་པར་བླ་མ་མཁྱེན།།
དགའ་རབ་དཔའ་བོའི་ཞལ་ཆེམས་གསང་ཚིག་རྣམས།།
ཕྱི་འདྲེས་ནང་འདྲེས་གཏིང་འདྲེས་མ་སོང་བར།།
མ་གྲོལ་གྲོལ་བརྫུས་མི་མགོ་མི་སྐོར་བར།།
དབེན་པར་མི་ཚེ་སྐྱེལ་ནུས་བླ་མ་མཁྱེན།།
ལ་ལས་མཁས་སྙམ་ཆོས་ཉིད་ཚིག་གིས་བསྒྲིབས།།
ལ་ལས་གྲགས་འདོད་གནས་ལུགས་གཏམ་གྱིས་གབ།།
རིག་པ་བློས་བྱས་རབ་རིབ་གཟེབས་བཅུག་པ།།
གཅེར་ཕྱུང་རྗེན་པར་སྟོན་ཅིག་བླ་མ་མཁྱེན།།
བཅོས་མའི་ཤུབ་ལས་བཏོན་པའི་རིག་པའི་གཤིས།།
མ་བཟུང་མ་བཏུང་ངང་ནས་བསྐྱངས་བ་ལ།།
ཀུན་ཤེས་གཅིག་རྡུགས་འཕྲང་ལས་དཀའི་ཚེ།།
གཅིག་ཤེས་ཀུན་ཀྱང་གྲོལ་བར་བླ་མ་མཁྱེན།།
རིག་སྟོང་བུ་ཆུང་ལག་ཏུ་ལོན་ན་ཡང་།།
གོམས་པ་ཀློང་གྱུར་ན་ཚོད་མ་རྫོགས་ན།།
འཁྲུལ་རྟོག་གཡུལ་ངོར་འཆི་བར་ཚེགས་མེད་པས།།
ཉིན་མཚན་དུས་དྲུག་གཉོར་ནུས་བླ་མ་མཁྱེན།།
ཞི་གནས་ལྷག་མཐོང་མདོ་སྔགས་སྤྱི་སྐད་དང་།།
བསྐྱེད་དང་རྫོགས་རིམ་གསར་རྙིང་སྔགས་སྐད་ལས།།
ཁྱད་པར་དུ་མའི་འཕགས་པའི་རྫོགས་ཆེན་གསང་།།
སོ་སོར་མ་འདྲེས་རྟོགས་པར་བླ་མ་མཁྱེན།།
ཆེ་གཉན་ཚིག་གིས་གྲོལ་བ་མི་འགྱུར་བས།།
བློ་བྲལ་གཤིས་ངོར་འཇོག་པ་ཁོ་ན་གནད།།
རྩོལ་བཅས་བསྐྱེད་རྫོགས་ལམ་འདིའི་གེགས་ཡིན་ན།།
གོལ་ཤོར་འཕྲང་ལས་སྒྲོལ་ཅིག་བླ་མ་མཁྱེན།།
རྩོལ་མེད་རང་གདེངས་ལྷག་གེར་སྐྱོང་ཤེས་ན།།
རྩོལ་བཅས་རྟོག་བཏགས་ཆོས་གཞན་མི་གལ་བས།།
སྡུག་བཙུར་བློས་བྱས་ཆོས་ལ་མི་རེ་བར།།
རིག་ངོར་ལྷན་ནེར་གནས་པ་བླ་མ་མཁྱེན།།
རྫོགས་ཆེན་སྙན་བརྒྱུད་གསེར་ནག་ཐུར་མ་ཡིས།།
ནད་ཆེན་དུག་ལྔའི་ལིང་ཏོག་རྩད་བཏོན་ཅིང་།།
གཉིས་འཛིན་ལས་ཉོན་གཉིས་མེད་དབྱིངས་སུ་བཞུས།།
སེམས་གསང་རྣལ་མ་རྟོགས་པར་བླ་མ་མཁྱེན།།
ཁྱབ་བདག་མགོན་པོའི་ལེགས་བཤད་སྐྱ་རེངས་ཀྱིས།།
སྒྲོན་དྲུག་སྣང་བཞིའི་ཉི་མ་ལེགས་བསུས་ནས།།
དུ་མའི་གནད་ཀྱི་ཁྲེགས་ཆོད་ལས་འཕགས་པའི།།
ལྷུན་གྲུབ་མངོན་སུམ་མཇལ་བར་བླ་མ་མཁྱེན།།
བཞུགས་སྟངས་གསུམ་གྱི་གནད་ཚང་ལུས་ཚུགས་དང་།།
གཟིགས་སྟངས་གསུམ་གྱིས་གཅུན་པའི་འོད་ལམ་ནས།།
མངོན་སུམ་དབང་པོའི་སྤྱོད་ཡུལ་ཨ་ཏིའི་དོན།།
མཇལ་ནས་སྣང་བཞི་མཐར་ཕྱིན་བླ་མ་མཁྱེན།།
རིག་རྩལ་དབང་རྣོན་རིག་པ་རྐྱང་འདེད་ངང་།།
སྒོ་ཡུལ་རླུང་གི་གནད་ཚང་སྒྲོན་མ་བཞིའི།།
ངོ་སྤྲོད་འབེན་ལ་ཟུག་པའི་ལག་རྗེས་སུ།།
འཇའ་ལུས་གྲུབ་མཐའ་ཟིན་པར་བླ་མ་མཁྱེན།།
གསོན་དུས་སད་དུས་སྣང་ཚད་རིག་ངོར་གྲོལ།།
འཆི་དུས་གཉིད་དུས་འོད་གསལ་རྟོགས་པ་འབྱམས།།
མཉམ་བཞག་རྗེས་ཐོབ་དབྱེ་བ་མ་དམིགས་པའི།།
དོན་གྱི་སྔགས་པར་འགྱུར་བར་བླ་མ་མཁྱེན།།
མཁས་མིན་ལྟོ་འགྲོ་མཁས་རློམ་ཡིད་ཅན་འགས།།
སྔ་འགྱུར་ལ་འཁུ་སྔར་གྱི་ཚིག་རོ་བཟློ།།
སྙིང་པོའི་ཆོས་ལ་སྙིང་ནས་གཤེ་བ་རྣམས།།
དངོས་སྟོབས་རིགས་པས་བཟློག་ཅིག་ཁྱབ་བདག་རྗེ།།
རྟོག་གེ་དཔྱད་དགའི་བྲོ་བ་མ་མྱོང་ཞིང་།།
འོག་མའི་གྲུབ་མཐས་གབ་ནས་མ་བསྟན་དོན།།
ཐེག་རྩེ་ཤིན་ཏུ་རྣལ་འབྱོར་ཉི་འོད་ཀྱིས།།
སྙིང་གི་ཤེ་མུན་ཆོམས་ཤིག་ཁྱབ་བདག་རྗེ།།
རྫོགས་ཆེན་བོན་དང་སྦྱོར་མཁན་འུག་པའི་ངག།
རྫོགས་ཆེན་ཧ་ཤང་ཟེར་མཁན་ཝ་རྦེའི་གཏམ།།
རྫོགས་ཆེན་གངས་རིའི་ཁྱབ་བདག་གངས་སེང་གི།།
རྫོགས་ཆེན་ང་རོས་ནོན་ཅིག་ཁྱབ་བདག་རྗེ།།
སྙན་ངག་ཐན་ཐུན་བྲིས་རྗེས་མཁས་སྣང་ཤར།།
དཔེ་མང་བཤུ་འབྲི་བྲིས་རྗེས་རྩོམ་མཁན་རློམ།།
གོང་འོག་བསྲ་བསྲེས་ཞ་ར་གླང་མྱང་ཚོར།།
གནས་ལུགས་མིག་ཤེས་གནོངས་ཤིག་ཁྱབ་བདག་རྗེ།།
ཞེས་པ་འདི་ནི་ཕྱི་ཟླ་༨ པའི་ཚེས་༡༨ ཉིན་དབེན་གནས་ཚེ་རིང་ལྗོངས་སུ་རྡོ་རྗེ་ཐོག་མེད་རྩལ་གྱིས་འཁོར་འདས་རུ་གཉིས་ཀྱི་ས་མཚམས་ནས་རྙེད་པའི་ནོར་བུ་དམ་པའོ།། དགེའོ།། དགེའོ།། དགེའོ།། །།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།