༄༅།།རྡུང་ལེན་ནམ་དཀྲོལ་ལེན་ཞེས་པའི་ཐ་སྙད་བརྡ་དོན་ལ་ཅུང་ཙམ་དཔྱད་པ་མིག་མཐོང་ལག་ཟིན།
རྡོ་རེད་ཀྱིས།
[ནང་དོན་གནད་བསྡུས] དཔྱད་རྩོམ་འདིར་བོད་ཀྱི་སྲོལ་རྒྱུན་རོལ་ཆ་འབུད་རྡུང་དཀྲོལ་གསུམ་དུ་དབྱེ་སྟངས་དང་། སྒྲ་སྙན་ཞེས་པ་རོལ་ཆ་གང་ལ་ངོས་འཛིན་དགོས་པ། དེ་འབུད་རྡུང་དཀྲོལ་གསུམ་གང་དུ་གཏོགས་པ་ལ་གཞིག་ནས། བོད་ཀྱི་གླུ་གཞས་རིག་གནས་སྒྱུ་རྩལ་གྱི་བྱེ་བྲག་རྡུང་ལེན་ནམ་དཀྲོལ་ལེན་གྱི་ཐ་སྙད་བརྡ་དོན་ལ་རགས་ཙམ་དཔྱད་ཡོད།
[བརྡ་ཆད་གཙོ་བོ།] རྡུང་ལེན། དཀྲོལ་ལེན། འབུད་རྡུང་དཀྲོལ་གསུམ། གླེང་གཞི། འཇམ་མགོན་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་རོལ་མོའི་བསྟན་བཅོས་སུ།
བློ་ངན་གཟུགས་ཀྱིས་ཕོངས་པའང་རུང་།།
རིགས་ངན་ནོར་དང་བྲལ་ཡང་སླ།།
རོལ་མོའི་ཆ་ལ་མཁས་གྱུར་ན།།
ཚོགས་ཀྱི་ནང་ན་རྒྱན་ལྟར་མཛེས།།
ཞེས་པ་སྟེ་རོལ་མོའི་རྣམ་བཞག་ལ་ཅིས་ཀྱང་མཁས་པར་བྱ་ཡི། རིག་པའི་ཡོན་ཏན་དང་མི་ལྡན་པར་བློ་ངན་པའམ། གཟུགས་ཡིད་དུ་མི་འོང་བ། རིགས་རུས་ངན་ལ་རྒྱུ་ནོར་ལོངས་སྤྱོད་དང་བྲལ་ཡང་། རོལ་མོའི་སྒྱུ་རྩལ་ལ་མཁས་པས་ན་ཚོགས་པ་མང་བོའི་ནང་ནས་ཐམས་ཅད་ཀྱི་གཙུག་རྒྱན་ལྟ་བུར་འགྱུར་རོ།། ཞེས་རོལ་མོ་ལ་མཁས་
པའི་དགེ་མཚན་གསུངས་ལ། ཡང་བསྟན་བཅོས་དེ་རུ་རོལ་མོའི་མཛེས་པ་བཤད་པ་ལ།
འགའ་ཞིག་འགའ་ལ་མི་མཛེས་ཤིང་།།
ལ་ལ་གཞན་ལ་མཛེས་མ་ཡིན།།
མཁས་རྨོངས་སྐྱེས་པ་བུད་མེད་སོགས།།
ཀུན་ལ་མཛེས་པ་རོལ་མོ་ཡིན།།
ཞེས་ཆས་གོས་ཡིད་དུ་འོང་བ་དང་གསེར་དངུལ་ཀྱི་རྒྱན་ཆ་སོགས་འཇིག་རྟེན་པར་མཛེས་ཀྱང་ཚངས་སྤྱོད་རབ་བྱུང་བ་ལ་མི་མཛེས་པ། སྐྱེས་པར་མཛེས་ཀྱང་བུད་མེད་ལ་མི་མཛེས་པ། བུད་མེད་ལ་མཛེས་སྐྱེས་ཀྱང་སྐྱེས་པར་མི་མཛེས་པ། ལ་ལ་མཁས་པར་མཛེས་ཀྱང་རྨོངས་པར་མི་མཛེས་པ། རྨོངས་པར་མཛེས་ཀྱང་མཁས་པར་མི་མཛེས་པ་སོགས་མང་ཡང་། ཆོས་པ་དང་འཇིག་རྟེན་པ། མཁས་པ་དང་རྨོངས་པ། སྐྱེས་པ་དང་བུད་མེད་ཀུན་ལ་མཛེས་པ་ནི་རོལ་མོའི་རྣམ་གཞག་ལ་མཁས་པ་ཉིད་ཡིན་པར་གསུངས། ཉེ་བའི་ལོ་འདི་དག་གི་རིང་ལ་དྲྭ་འབུ་འགའ་རེས་བོད་ཀྱི་གླུ་གར་རིག་གནས་སྒྱུ་རྩལ་གྱི་མིང་ཚིག་རེ་འགའ་ལ་ལུང་རིགས་ཀྱི་སྒྲུབ་བྱེད་བྲལ་བའི་ལོག་འགྲེལ་བྱས་ཏེ། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་གཞུང་ལུགས་ཀྱི་འདབ་མ་རྒྱས་ཡོད་པའི་བོད་ཀྱི་གླུ་གར་རིག་གནས་སྒྱུ་རྩལ་གྱི་འོ་མའི་མཚོ་མོ་རུ་ཁྲག་གི་ཐིགས་པ་འཕངས་ནས། རིག་གནས་གཅིག་གི་བདག་པོ་བོད་མདོ་དབུས་ཁམས་གསུམ་གྱི་བརྡ་ཆད་དག་ཀྱང་སོ་སོར་གྱེས་བཞིན་པའི་ཚོར་བ་ཞིག་ངང་གིས་བྱིན། དེ་བས་རིག་གནས་འདི་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱོགས་སུ་མི་ཚེ་ཧྲིལ་བོ་བཏང་དང་གཏོང་བཞིན་པའི་དམ་པ་ཚོས་ཕྱག་རྩོམ་གནང་བའི་གཞུང་ལུགས་དང་བསྟན་བཅོས་རྒྱ་མཚོའི་ཀློང་ནས་གསུངས་རྒྱུན་ཆུ་རྡུལ་ཙམ་ཞིག་བསྟན་ན་ཡིད་ལ་ཤོང་བར་མཛོད།
གཅིག རྡུང་ལེན་ནམ་དཀྲོལ་ལེན་གྱི་ཐ་སྙད་བརྡ་དོན།
ད་བར་ང་ཚོས་གླེང་བཞིན་པའི་རྡུང་ལེན་ནམ་དཀྲོལ་ལེན་ཞེས་པ་དེ་བོད་ཀྱི་གླུ་གར་རིག་གནས་སྒྱུ་རྩལ་གྱི་བྱེ་བྲག་ཅིག་སྟེ། ལོ་ངོ་བཞི་བཅུ་ཡས་མས་ཤིག་གི་ལོ་རྒྱུས་མངའ་ཞིང་། སྒྱུ་རྩལ་གང་ལ་འཇུག་པའི་མགོ་མཇུག་བར་གསུམ་གྱི་འཇོག་དེ་མངའ་རིས་སྒྲ་སྙན་གྱི་སྙན་འཇེབས་དབྱངས་རྟ་ཡིས་སྣ་དྲངས་ནས་ལེན་པའི་རྣམ་པ་ཅན། བརྗོད་བྱེད་སྒང་བ་བོད་ཀྱི་ཕ་སྐད་རྣལ་མའི་ལམ་ནས། འཇིག་རྟེན་གྱི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་གང་ཡང་སྟོན་པ། ངག་གི་ང་རོ་ལ་བོད་མི་རིགས་ཀྱི་དབྱངས་གསལ་སོ་བཞིའི་སྲོག་གི་གདངས་དབྱངས་སྒྱུར་ལུགས་ཀྱིས་ལེགས་པར་འཁྱུད་ཅིང་། འགྲོས་རྡབ་དང་འགྲོས་སྟངས་ཀྱི་དྲག་ཞན་འགྱུར་ལུགས་གསལ་བའི་ཨ་ཁུ་པདྨ་ཚབ་མཚོན་དུ་གྱུར་བའི་ངག་གི་སྒྱུ་རྩལ་དེ་ལ་ཟེར། སྤྱིར་སྒྱུ་རྩལ་འདིར་རྡུང་ལེན་ནམ་དཀྲོལ་ལེན་ཞེས་པའི་མིང་འདི་ཇི་ལྟར་བཏགས་པ་རེད་ཅེ་ན། དེ་ནི་གཞས་པས་མངའ་རིས་སྒྲ་སྙན་ཕྱག་ཏུ་འཆང་ནས་གླུ་ལེན་པའི་རྣམ་པ་གཙོ་བོར་བཟུང་ནས་བཏགས་པ་ཞིག་ཡིན་པ་ང་ཚོས་སྒྲ་སྙན་དཀྲོལ་ལེན་ཞེས་པ་རུ་ཡང་ཧ་ཅང་གསལ། མི་རིགས་དང་མི་རིགས་ཀྱིས་ཕྱི་དངོས་ལ་ལྟ་སྟངས་མི་འདྲ་བའི་ཆ་ནས་མིང་འདོགས་སྟངས་ཀྱང་མི་འདྲ་བ་མང་བོ་ཡོད། སྤྱིར་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ལ་མིང་ཟེར་ཞིང་། རང་རེའི་བོད་ལ་མཚོན་ན། མིང་ལ་འདོད་རྒྱལ་གྱི་མིང་འདོགས་སྟངས་དང་རྗེས་གྲུབ་ཀྱི་མིང་འདོགས་སྟངས་ཏེ་རིགས་གཉིས་ཡོད། ཐ་སྙད་ཀྱི་ཆ་དུ་མ་མ་འདུས་པར་ངེས་ཚིག་གི་འགྲེལ་བཤད་དང་རྒྱུ་མཚན་གང་ཡང་བརྗོད་རྒྱུ་མེད་པར་རང་འདོད་ལྟར་སྦྱར་བའི་ཐ་སྙད་ཀྱི་སྤྱི་མིང་ལ་འདོད་རྒྱལ་གྱི་མིང་དང་། ཐ་སྙད་ཀྱི་ཆ་དུ་མ་འདུས་ཤིང་ངེས་ཚིག་གམ་རྒྱུ་མཚན་ལ་བརྟེན་ནས་བཏགས་པའི་མིང་ལ་རྗེས་གྲུབ་ཀྱི་མིང་ཞེས་ཟེར། འོ་ན་ང་ཚོས་རྡུང་ལེན་ནམ་དཀྲོལ་ལེན་དུ་འབོད་པའི་མིང་དེ་འདོད་རྒྱལ་གྱི་མིང་ཞིག་རེད་དམ་རྗེས་གྲུབ་ཀྱི་མིང་ཞིག་རེད་ཅེ་ན། སྒྲ་སྙན་རྡུང་ལེན་ནམ་སྒྲ་སྙན་དཀྲོལ་ལེན་ཞེས་པའི་ཚིག་གྲོགས་དེ་སྦྱར་དུས་རོལ་ཆ་སྒྲ་སྙན་དེ་རྡུང་བའམ་དཀྲོལ་ཏེ་གླུ་ལེན་པའི་རྣམ་པ་གཞིར་བཟུང་ནས་བཏགས་པ་ཞིག་ཡིན་པས། ངེས་ཚིག་ལ་བརྟེན་ནས་བཏགས་པའི་མིང་ཞིག་ཡིན་པ་ཤེས་ཐུབ། དེ་བས་མིང་དེ་རྗེས་གྲུབ་ཀྱི་མིང་ཞིག་རེད་ཅེས་པ་དེ་ཡིན། འོ་ན་སྒྲ་སྙན་དེ་བོད་ཀྱི་རོལ་ཆ་འབུད་རྡུང་དཀྲོལ་གསུམ་དུ་དབྱེ་སྟངས་ལས་རིགས་གང་ལ་གཏོགས་ཞེ་ན། དེ་ནི་རྡུང་ལེན་ནམ་དཀྲོལ་ལེན་ཞེས་པའི་མིང་འདིའི་བརྡ་དོན་འཁྲུལ་སྤོང་གི་གནད་གཙོ་བོ་ཡིན། གལ་ཏེ་སྒྲ་སྙན་དེ་བརྡུང་བྱའི་རོལ་ཆ་རུ་གཏོགས་ན་སྒྲ་སྙན་རྡུང་ལེན་ཟེར་དགོས་ལ། སྒྲ་སྙན་དེ་དཀྲོལ་བྱའི་རོལ་ཆ་རུ་གཏོགས་ན་སྒྲ་སྙན་དཀྲོལ་ལེན་ཞེས་བོས་ན་འགྲིག་ཅེས་པ་ཡིན།
གཉིས་པ། སྒྲ་སྙན་ཞེས་པ་རོལ་ཆ་གང་ལ་ངོས་འཛིན་དགོས།
སྤྱིར་སྒྲ་སྙན་ཞེས་པ་དོན་གྱི་ཁྱད་པར་སྟོན་པའི་ཚིག་གི་དབང་དུ་བྱས་ན། སྒྲ་དེ་རྣ་པར་འབབ་པའི་དོན་དུ་གོ་ཡང་། དོན་གྱི་ངོ་བོ་སྟོན་པའི་མིང་གི་དབང་དུ་བྱས་ན་བོད་ཀྱི་གནའ་བོའི་ལོ་རྒྱུས་ཡིག་ཚགས་སུ་ཏམ་བུ་ར་དང་། མངའ་རིས་པ་རྣམས་ཀྱིས་རྒོད་པོ་རུ་འབོད་ཅིང་། དབུས་གཙང་ཁུལ་དང་ཨ་མདོ་བས་མངའ་རིས་སྒྲ་སྙན་ནམ་སྒྲ་སྙན་དུ་འབོད་པའི་རོལ་ཆ་བྱེ་བྲག་ཅིག་སྟེ། གཤམ་གྱི་རི་མོ་ལྟར་གྲུབ་གཞིར་སྒྲ་མགོ་དང་ཡས་སྒ། གཞུང་རྟ། ཁ་ཤིང་། རྫིང་ཆེན། རྫིང་ཆུང་། ཏི་པི། སྤ་ལོ། སྒྲ་ཁ། རྒྱུད་སྐུད། (སྲོལ་རྒྱུན་ལྟར་ན་སྒྲ་སྙན་གྱི་རྒྱུད་སྐུད་ར་ལུག་གི་རྒྱུ་མ་དང་ཟོག་གི་རྒྱུས་པ། དར་སྐུད་སོགས་ལས་བྱས་པ་དང་། དེང་འདིར་འགྱིག་སྐུད་དང་། རྣོ་སྐུད་ཐོག་འགྱིག་སྐུད་དམ་དར་སྐུད་ཀྱིས་དཀྲིས་པའང་མཐོང་རྒྱུ་འདུག)རྒྱུད་ལོང་སོགས་འཛོམས་པའི་སེན་དཀྲོལ་རྒྱུད་སྦྲེང་རོལ་ཆ་དེར་ངོས་འཛིན་དགོས་མོད། དེང་འདིར་དེ་ལ་པི་ཝང་དུ་འབོད་མཁན་ཡང་མང་བོ་འདུག
ཏམ་བུ་ར་ཞེས་པ་དེ་བོད་ཀྱི་དག་ཡིག་དང་ཚིག་མཛོད་སོགས་སུ་ལེགས་སྦྱར་སྐད་ཀྱིས་རྒྱུད་མངས་ཞེས་འགྲེལ་ཡོད་པ་མང་ཡང་། བོད་ཀྱི་གདངས་རྩོམ་འབུམ་རམས་པ་ནག་འདུའི་ཇོ་དཀར་གྱིས་བརྩམས་པའི་ 《བོད་ཀྱི་སྲོལ་རྒྱུན་རོལ་ཆ་སྒྲ་སྙན་ལ་དཔྱད་པ་》ཞེས་པ་རུ་། ཏམ་བུ་ར་(tanbur/tambura)དེ་ཡིན་པ་ཏ་ཟིག་གི་སྐད་ཀྱིས་རྒྱུད་སྦྲེང་རོལ་ཆ་སྤྱི་ལ་འབོད་པའི་མིང་ཞིག་ལེགས་སྦྱར་སྐད་དུ་སྒྲ་བསྒྱུར་བྱས་པ་ཡིན་པར་གསུངས། བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་སློབ་དཔོན་ཞོལ་ཁང་བསོད་ནམས་དར་རྒྱས་ཀྱིས་བརྩམས་པའི་《སྟོད་གཞས་དང་ནང་མའི་གཞས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ།》ཞེས་པ་རུ་ཏམ་བུ་ར་དེ་སྒྲ་སྙན་ལ་གོ་དགོས་ཞེས་ཆེད་དུ་གསལ་བཤད་བྱས་འདུག་ལ། 《བོད་ཀྱི་སྲོལ་རྒྱུན་རོལ་ཆ་སྒྲ་སྙན་ལ་དཔྱད་པ།》ཞེས་པ་རུ་དུས་རབས་བཅུ་བདུན་བའི་ནང་གཙང་བ་སྡེ་སྲིད་ཀྱིས་གཙང་དུ་གར་གླུའི་ཚོགས་པ་བཙུགས་པར་མ་ཟད། སྐབས་དེར་ཏམ་བུ་ར་ཞེས་གར་གླུའི་རོལ་དབྱངས་ནང་སྤྱོད་པའི་རྒྱུད་སྐུད་བདུན་ལྡན་གྱི་རྒྱུད་དཀྲོལ་རོལ་ཆ་དེ་དང་། དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་མངའ་རིས་པ་རྣམས་ཀྱིས་རྒོད་པོ་ཞེས་འབོད་བའི་རྒྱུད་སྐུད་དྲུག་ལྡན་གྱི་རྒྱུད་དཀྲོལ་རོལ་ཆ་དེ་གཉིས་ཀྱི་སྤྱི་མིང་དུ་སྒྲ་སྙན་ཞེས། སྒྲ་སྙན་པའི་རོལ་ཆ་སྤྱི་ལ་འབོད་པའི་མིང་དེ་རོལ་ཆ་བྱེ་བྲག་གཅིག་ཏུ་བཏགས་ཡོད་ཅེས་ཧ་ཅང་གསལ། དེ་བས་ང་ཚོས་ཀྱང་ཏམ་བུ་ར་ཞེས་པ་རྒྱུད་སྦྲེང་རོལ་ཆ་སྤྱི་ལ་འབོད་པའི་དུས་ཡོད་མྱངས་ཀྱང་། རིམ་བཞིན་སྒྲ་སྙན་དང་འདྲ་བར་མིང་དེ་གཉིས་གདགས་གཞི་གཅིག་ཏུ་གྱུར་ཡོད་པ་མིག་མཐོང་ལག་ཟིན་རེད། རྒོད་པོ་ཞེས་པ་མངའ་རིས་ཕྱོགས་ནས་སྒྲ་སྙན་ལ་འབོད་པའི་མིང་ཞིག་ཡིན་ལ། མིང་དེར་བོད་རང་གི་ཐ་སྙད་བརྡ་དོན་གྱི་ཆ་ནས་ངེས་ཚིག་གིས་ཟིན་པའི་རོལ་ཆ་ཞིག་ལ་འབོད་པའི་འབྲེལ་མ་ཆགས་པས། ཐུར་ཁིའི་སྐད་དུ་ཁོད་ཕུ་ཙེ་(qubuz/qupuz)ཞེས་འབོད་པའི་རོལ་ཆ་དེའི་སྒྲ་ཟུར་ཆགས་པ་ཡིན་པར་སྣང་ལ། རོལ་ཆ་དེའི་བཟོ་དབྱིབས་དང་རྒྱུད་སྐུད་བསྒྲིགས་སྟངས་སོགས་གང་གི་ཆ་ནས་ཀྱང་སྒྲ་སྙན་དང་འདྲ་བོ་འདུག་པས། སྒྲ་སྙན་གྱི་བྱུང་བ་དང་འབྲེལ་བ་ཡེ་ནས་མེད་པ་ཞིག་མ་རེད་ཅེས་ནག་འདུའི་ཇོ་དཀར་ལགས་ཀྱིས་གསུངས། གང་ལྟར་མངའ་རིས་པ་རྣམས་ཀྱིས་རྒོད་པོ་ཞེས་པའི་གདགས་གཞི་སྒྲ་སྙན་ཡིན་པ་ཤེས་དགོས། རྒྱུད་མངས་ཞེས་པ་བོད་ཀྱི་ཚིག་མཛོད་སོགས་སུ་པི་ཝང་ངམ་སྒྲ་སྙན་ཞེས་བོད་རང་གི་སྐད་ཀྱིས་རྒྱུད་སྦྲེང་རོལ་ཆ་སྤྱི་ལ་འབོད་པའི་མིང་ཞིག་ཏུ་གྲུབ་ཡོད་པ་ལས། རོལ་ཆ་བྱེ་བྲག་གཅིག་ཏུ་ངོས་འཛིན་སྲོལ་ཡེ་ནས་མི་འདུག པི་ཝང་ལ་《དུང་དཀར་ཚིག་མཛོད་ཆེན་མོ་》རུ། གནའ་རབས་ནས་དར་བའི་རོལ་མོའི་རིགས་ཏེ་འབྱར་རྩི་ཅན་གྱི་སྐུད་པ་ཕན་ཚུན་བརྡར་བ་ལས་སྒྲ་མཐོ་དམན་སྣ་ཚོགས་རང་གི་འདོད་པ་ལྟར་བསྒྱུར་ཆོག་པ་ཞིག་ཅེས་དང་། 《དག་ཡིག་གསར་བསྒྲིགས་》དང་《བོད་རྒྱ་ཚིག་མཛོད་ཆེན་མོ་》སོགས་སུ་པི་ཝང་ནི་ཏམ་བུ་རའམ་སྒྲ་སྙན་དང་། ཡུལ་སྐད་དུ་ཧར་ཟེར་ཞིང་། རྒྱ་སྐད་དུ་འེར་ཧུ་ཟེར་བའི་རོལ་མོ་རྒྱུད་ཅན་ལའང་པི་ཝང་ཟེར་བ་ཡོད་ཅེས་འགྲེལ་བར་གཞིག་ན། པི་ཝང་དང་ཏམ་བུ་ར་གཉིས་རོལ་ཆ་གཅིག་ཏུ་ངོས་འཛིན་དགོས་པར་སྣང་ཡང་། བོན་གྱི་དཔེ་རྙིང་《མི་ནུབ་མཚན་མདོ་》རུ། ལ་ལ་ཞིག་གིས་པི་ཝང་དཀྲོལ་ལོ།། ལ་ལ་ཞིག་ནི་གླིང་བུ་འབུད་དོ།། ལ་ལ་ཞིག་ནི་ཏམ་བུ་ར་སྒྲོགས་སོ།། ཞེས་པི་ཝང་དང་ཏམ་བུ་ར་གཉིས་སོ་སོར་བགྲང་ཡོད་པས། དུས་དེ་ཙམ་ནས་དེ་གཉིས་རོལ་ཆ་གཅིག་ཏུ་མ་ངེས་པ་མིག་མཐོང་ལག་ཟིན་རེད། ཡུལ་སྐད་དུ་གྲགས་པའི་ཧར་ཞེས་པ་དེ་སོག་པོ་མི་རིགས་ཀྱིས་གཞུ་འཐེན་རྒྱུད་དཀྲོལ་རོལ་ཆ་ལ་འབོད་པའི་མིང་ཞིག་ཡིན་ལ། མོ་རེན་ཧར་ཞེས་པ་དེ་པི་ཝང་རྟ་མགོ་མ་ལ་གོ་དགོས། རྒྱ་སྐད་དུ་འེར་ཧུ་ཞེས་པའང་རྒྱུད་གཉིས་པི་ཝང་ལ་གོ་དགོས། ཡང་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་དགེ་འདུན་འཕེལ་རྒྱས་ཀྱིས་མཛད་པའི་《བོད་ཀྱི་རོལ་དབྱངས་ལོ་རྒྱུས་བསྡུས་གསལ་དཔྱིད་ཀྱི་ཕོ་ཉ་》རུ། པི་ཝང་ནི་བསྟན་པ་ཕྱི་དར་སྐབས་སུ་བོད་ལ་བྱུང་བའི་གཞུ་འཐེན་རྒྱུད་དཀྲོལ་རོལ་ཆ་ཞིག་ཅེས་པ་ལས། ང་ཚོས་པི་ཝང་ནི་ཏམ་བུ་རའམ་སྒྲ་སྙན་ལྟར་སེན་དཀྲོལ་རྒྱུད་སྦྲེང་རོལ་ཆ་ཞིག་མ་ཡིན་པར་གཞུ་འཐེན་རྒྱུད་དཀྲོལ་རོལ་ཆ་སྟེ། གཤམ་གྱི་རི་མོ་ལས་མཐོང་བ་བཞིན། གྲུབ་གཞིར་རྫ་མ་(རྫ་མ་འབྲོང་གཡག་གི་རྭ་ཅོ་ལས་བཟོས་པའི་པི་ཝང་ལ་རྭ་པིའམ་འབྲོང་རྭའི་པི་ཝང་ཞེས་ཀྱང་འབོད་སྲོལ་མཆིས།)དང་མདའ། རྒྱུད་སྐུད།(རྟ་རྔ་ཡིན།)རྒྱུད་ལོང་། གཞུ། གཅུས་ཕུར། སྒ། ཐེམ་ཐག་བཅས་ཆ་ཤས་དུ་མས་གྲུབ་པའི་གཞུ་འཐེན་རྒྱུད་དཀྲོལ་རོལ་ཆ་དེར་ངོས་འཛིན་བཞིན་ཡོད། པི་ཝང་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གི་ཁྱད་པར་ཕྱེ་ནས་དབྱེ་ན། སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་པི་ཝང་ཞེས་པ་གཞུ་འཐེན་རོལ་ཆ་སྤྱི་ལ་གོ་ཞིང་། དེ་ལ་པི་ཝང་རྒྱུད་གཅིག་མ་དང་། པི་ཝང་རྒྱུད་གཉིས་མ། པི་ཝང་རྒྱུད་གསུམ་མ་དང་རྒྱུད་བཞི་མ་སོགས་ཡོད་ལ། སྒྲ་དོག་འཇུག་གི་དབང་དུ་བྱས་ན། རྒྱུད་གཉིས་གཞུ་འཐེན་རོལ་ཆ་འབའ་ཞིག་ལ་གོ་བས། དེ་ལ་རྭ་པི་དང་དལ་ཆིངས་ཞེས་རིགས་གཉིས་སུ་དབྱེ་སྲོལ་ཡོད།
ཞིབ་ཏུ་བསམས་ན་པི་ཝང་ཞེས་པ་གདགས་གཞི་ངེས་ཚིག་གིས་ཟིན་པ་ཞིག་སྟེ། དེ་ནི་པི་པི་འདྲ་བའི་རྫིང་དང་ལྡན་ལ། རོལ་ཆ་དེའི་རྒྱུད་སྐུད་དང་གཞུ་རྒྱུད་ཕན་ཚུན་བརྡར་བ་ལས་བྱུང་བའི་རང་གི་བདག་རྐྱེན་རྣ་བའི་དབང་པོ་ལས་དངོས་སུ་སྐྱེས་པའི་གཞན་རིག་རྟོག་བྲལ་མ་འཁྲུལ་བའི་སྒྲ་དེ་ཝང་ཝང་དུ་གྲག་པས་ན་པི་ཝང་ཞེས་མིང་བཏགས་པ་ཞིག་རེད་སྙམ། གོང་གི་ཡིག་ཚགས་སོགས་སུ་བཀོད་པར་གཞིག་ན། རྒྱུད་མངས་ཏེ་རྒྱུད་སྦྲེང་རོལ་ཆ་སྤྱི་ལ་འབོད་པའི་མིང་དང་། བྱེ་བྲག་ཏུ་སེན་དཀྲོལ་རོལ་ཆ་སྒྲ་སྙན་(ཏམ་བུ་ར་དང་རྒོད་པོ། མངའ་རིས་སྒྲ་སྙན། སྒྲ་སྙན་སེང་མགོ་མ། ཁྱུང་མགོ་མ། རྟ་མགོ་མ། འབྲུག་མགོ་མ་བཅས་རོལ་ཆ་གཅིག་གི་མིང་གི་རྣམས་གྲངས་ཡིན།) དང་། གཞི་འཐེན་རྒྱུད་དཀྲོལ་རོལ་ཆ་པི་ཝང་སོགས་རོལ་ཆ་གཅིག་ཏུ་མ་ངེས་པར་སོ་སོར་གནས་པ་ཤེས་དགོས།
གསུམ་པ། བོད་ཀྱིས་རོལ་ཆ་འབུད་རྡུང་དཀྲོལ་གསུམ་དུ་དབྱེ་སྟངས་ལས་སྤྲོས་པའི་སྒྲ་སྙན།
དེ་ན་འདིར་བརྗོད་པའི་རོལ་ཆ་སྒྲ་སྙན་དེ་དུས་ནམ་ཞིག་ནས་བོད་དུ་དར་བ་དང་རོལ་དབྱངས་གང་ཞིག་གི་རམ་དཀྲོལ་རོལ་ཆ་བྱས་པ། རོལ་ཆ་དེ་འབུད་རྡུང་དཀྲོལ་གསུམ་གང་དུ་གཏོགས་པ་ལ་བོད་ཀྱི་ཡིག་ཚགས་སོགས་སུ། བོན་གྱི་དཔེ་རྙིང་《མདོ་གཟེར་མིག་》ཏུ། ད་ནི་དང་བོ་སེམས་དང་ལྡན་པའི་མཆོད་པའོ།། དེའི་གཏིང་ལ་གུས་པའི་ལུས་དང་ལྡན་པའི་མཆོད་པ་འདི་ཡིན་ནོ།། གཟུགས་ཕུང་ཐམས་ཅད་འཁྲུས་ཀྱིས་དག་པར་ཁྲུས་ལ། རྒྱན་དང་ཆ་ལུགས་མཛེས་པར་གྱིས། ལྷའི་ཕྱག་རྒྱ་ཐལ་མོ་སྦྱོར་ལ་སྟོན་པ་ལ་བསྐོར་བ་གྱིས་ལ་ལྷ་ཕྱག་འཚལ། གར་དང་ཚོམ་ཚོམ་མཛེས་པར་བསྒྱུར། དེ་ནི་གུས་པའི་ལུས་དང་ལྡན་པའི་མཆོད་པའོ།། དེའི་གཏིང་ལ་སྙན་པའི་སྒྲ་དང་ལྡན་པའི་མཆོད་པ་བྱ་བ་འདི་ཡིན་ནོ།། སྐད་བཅོ་བརྒྱད་ཀྱི་གཏང་རག་ཤིན་ཏུ་སྙན་པར་བསྒྱུར། ལྷ་གཤེན་སྟོང་གི་མཚན་བརྗོད། རྔ་དང་གཤང་དང་དུང་དང་གླིང་བུ་དང་། ཏམ་བུ་ར་དང་པི་ཝང་དང་། སིལ་སྙན་ཐམས་ཅད་ཀྱི་སྙན་པའི་སྒྲ་བསྒྲགས། དེ་ནི་སྙན་པའི་སྒྲ་དང་ལྡན་པའི་མཆོད་པའོ།། ཞེས་འཁོད་པ་ལས་ཏམ་བུ་རའམ་སྒྲ་སྙན་ནི་གཡུང་དྲུང་བོན་ཆོས་དར་བའི་དུས་ནས་བོད་དུ་དར་ཡོད་པ་མིག་མཐོང་ལག་ཟིན་རེད། ངེས་གཏན་གྱི་ལོ་ཚིགས་ཤིག་ད་བར་དུ་སུས་ཀྱང་རྙེད་ཀྱི་མེད་པས་མཁྱེན་ལྡན་གྱི་སྐྱེས་བུ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་དཔྱད་ཞིབ་གང་རུང་གི་སྐབས་སུ་ཐུགས་ཁུར་མི་ཆུང་བར་ཞུ། 《བོད་ཀྱི་རོལ་དབྱངས་ལོ་རྒྱུས་བསྡུས་གསལ་དཔྱིད་ཀྱི་ཕོ་ཉ་》ཞེས་པ་རུ། སྒྲ་སྙན་དེ་ཐོག་མར་སྒོར་གཞས་ལ་རམ་འདེགས་ཀྱིས་འཁྲབ་སྲོལ་བྱུང་བ་ནས་བཟུང་། སྒོར་གཞས་ཀྱི་སྐྱེས་མར་སྟོད་གཞས་ཀྱི་མངལ་ཆགས་པ་ལྟ་བུ་བྱུང་སྟེ། ལོ་རྒྱུས་ཀྱི་རྒྱུད་རིམ་ངེས་གཏན་ཞིག་སོང་རྗེས་སྒོར་གཞས་ལས་ཁ་གྱེས་ཏེ་ལོགས་སུ་སྒྲ་སྙན་ཞབས་བྲོ་ཞིག་བྱུང་ཞེས་དང་། 《སྟོད་གཞས་དང་ནང་མའི་གཞས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ་》ཞེས་པ་རུ་ཡང་། གདངས་ཀྱི་འཁྱེར་བཟོའི་ཐོག་ནས་བཤད་ན་སྟོད་གཞས་ནི་སྒོར་གཞས་དང་འདྲ་བོ་ཡོད་པར་དཔྱད་ཚེ་དེ་ནི་སྒོར་གཞས་ཡར་རྒྱས་སུ་སོང་བ་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པར་བསམས། ཞེས་སོགས་གང་ལ་བརྟགས་ཀྱང་སྒྲ་སྙན་དེ་ཐོག་མར་སྒོར་གཞས་ཀྱི་རམ་འདེགས་རོལ་ཆ་ནས་སྟོད་གཞས་ཀྱི་རམ་འདེགས་རོལ་ཆ། དེ་ནས་ནང་མའི་གཞས་དང་མཆོད་སྤྲིན་གར་རོལ་སོགས་གྱི་རམ་འདེགས་རོལ་ཆ། ད་དུང་ཨ་མདོ་རུ་དར་ནས་རྣམ་ཐར་རོལ་དབྱངས་དང་བྲོ་གཞས་ཀྱི་རམ་འདེགས་རོལ་ཆ་བྱས་པར་མ་ཟད། རོལ་ཆ་འདིའི་མིང་གིས་ཟིན་པའི་གླུ་གཞས་རིག་གནས་སྒྱུ་རྩལ། རྒྱས་མིང་ལ་སྒྲ་སྙན་རྡུང་ལེན་ནམ་སྒྲ་སྙན་དཀྲོལ་ལེན་དང་། བསྡུས་མིང་ལ་རྡུང་ལེན་ནམ་དཀྲོལ་ལེན་དུ་འབོད་པ་འདི་སྨད་མདོ་ཁམས་སྒང་དྲུག་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ནས་བར་དབུས་གཙང་རུ་བཞི་བརྒྱུད་དེ། སྟོད་མངའ་རིས་སྐོར་གསུམ་སོགས་སུ་ཞིང་འབྲོག་དབྱེར་མེད་དུ་དར་ཡོད་པ་འདི་དང་། ལ་གཞས་དང་ཨ་རྩེད་སོགས་བོད་ཀྱི་དམངས་ཁྲོད་རོལ་དབྱངས་གང་མང་ཞིག་ལ་རམ་འདེགས་བྱས་ཤིང་། ཉེ་ལམ་ཆོས་ལུགས་རོལ་དབྱངས་ཀྱི་རམ་འདེགས་རོལ་ཆ་བྱས་ཡོད་པའང་མཐོང་རྒྱུ་འདུག དེ་ལྟར་བོད་ཀྱི་ངག་བཟོ་མཆོག་ཕལ་གྱི་རོལ་དབྱངས་དུ་མས་སྒྲ་སྙན་གྱི་གདངས་ཀྱི་འགྱུར་ཁུགས་ཁྲོད་ནས་ལང་ཚོའི་འཇོ་སྒེག་ཅི་དགར་ངོམ་བཞིན་པ་མཐོང་སྣང་ལྟར་རེད། དེ་བས་ང་ཚོ་སྒྲ་སྙན་འཚོལ་ཞིབ་ཀྱི་ལས་གཞི་འདིར་འཇུག་ན་སྟོད་གཞས་དང་ནང་མ་གཉིས་གཙོ་བྱས་པའི་བོད་ཀྱི་དམངས་ཁྲོད་རོལ་དབྱངས་ལ་རྒྱུས་ལོན་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། སྟོད་གཞས་དང་ནང་མའི་གཞས་ཀྱི་བརྗོད་དོན་དང་རྣམ་པ་འདི་ལྟར་ཏེ། སྟོད་གཞས་ནི་བོད་མི་རིགས་ཀྱི་འཚོ་བ་དང་ཡུལ་སྲོལ་གོམས་གཤིས། ངལ་རྩོལ་ལས་རིགས་སོགས་ཡང་སྙིང་བྱས་ནས་དམངས་ཁྲོད་དུ་དར་ཁྱབ་བྱུང་བའི་གར་གླུའི་རིགས་ཤིག་སྟེ། འཁྲབ་སྟོན་གྱི་རྣམ་པར་འགྱུར་བ་ཆེན་པོ་མེད་པར་གཏན་འཇགས་ཀྱི་རང་བཞིན་ལྡན་པ་ཞིག་དང་། ནང་མ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་གནས་སྐབས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ལོ་རྒྱུས་སོགས་ཀྱིས་རྒྱབ་ལྗོངས་བྱས་པར་མ་ཟད། གསར་རྩོམ་གྱི་ཤུགས་ཆེ་བའི་གར་གླུའི་རིགས་ཤིག་ཏུ་སྙམ། སྒྱུ་རྩལ་དེ་དག་གི་འཁྲབ་སྟོན་རྣམ་པ་ནི་མངའ་རིས་སྒྲ་སྙན་ཆིག་རྐྱང་གི་རམ་དཀྲོལ་རྣམ་པ་ནས་རིམ་བཞིན་འཕེལ་རྒྱས་བྱུང་སྟེ། འཕྲེད་གླིང་དང་རྭ་པི། དལ་ཆིངས། ཡང་ཆིན། གཡེར་དྲིལ་སོགས་རྒྱས་བསྒྲིགས་བྱས་ཏེ་འཁྲབ་གཏོང་བྱེད་སྲོལ་བྱུང་བར་གྲགས། སྒྱུ་རྩལ་དེའི་སྐོར་གྱི་ཆེད་རྩོམ་དང་དཔྱད་གཞིའི་ཡིག་ཚགས་གཙོ་བྱས་པའི་བོད་ཀྱི་དམངས་ཁྲོད་རོལ་དབྱངས་ཀྱི་ལོ་རྒྱུས་དང་སྒྲ་སྙན་སྐོར་གྱི་དཔྱད་གཞིའི་ཡིག་ཚགས་སོགས་སུའང་སྒྲ་སྙན་ནི་འབུད་རྡུང་དཀྲོལ་གསུམ་གང་དུ་ངོས་བཟུང་ཡོད་ཅེ་ན། བོད་ཀྱི་དག་ཡིག་དང་ཚིག་མཛོད་སོགས་སུ་འབུད་ཅེས་པ་བུས་ཀྱི་མ་འོངས་པ་དང་ད་ལྟ་བ་སྟེ། དུང་སོགས་ཀྱི་ཁོག་ལ་དབུགས་བཏང་ནས་སྒྲ་འབྱིན་པར་བྱེད་པ་ལ་ཟེར་ཅེས་དང་། རྡུང་ཞེས་པ་རྔ་སོགས་རོལ་ཆ་ལ་དབྱུ་གུས་བསྣུན་པའམ་ཕན་ཚུན་བརྡབ་རྡེག་བྱས་ནས་སྒྲ་འབྱིན་པའི་དོན་དུ་གོ་ཞེས་དང་། དཀྲོལ་ཞེས་པ་འཁྲོལ་གྱི་མ་འོངས་པ་དང་འདས་པ། རོལ་མོ་ལས་སྒྲ་འབྱིན་པར་བྱས་པའི་དོན་དང་། བསིལ་སྙན་དཀྲོལ་ཅིང་མཁར་རྔ་རྡུང་བ་ཞེས་སོགས་འཁོད་པ་ལས། ང་ཚོས་འབུད་རྡུང་དཀྲོལ་གསུམ་ཞེས་པའི་གདགས་གཞི་དེ་ནི། ལས་ཀྱི་རྣམ་པ་མི་འདྲ་བའི་སྒོ་ནས་སྒྲ་འབྱིན་སྟངས་ལ་གཞིག་སྟེ་རོལ་ཆའི་རིགས་དགར་ཚུལ་ཞིག་ཡིན་པ་རྟོགས་ཐུབ།
《བོད་ཀྱི་སྲོལ་རྒྱུན་རོལ་ཆ་སྒྲ་སྙན་ལ་དཔྱད་པ་》ཞེས་པ་རུ། སྤྱིར་བོད་མི་རིགས་ཀྱི་སྲོལ་རྒྱུན་རོལ་ཆར་དབྱེ་ན། རྒྱུད་དཀྲོལ་རོལ་ཆ་དང་། འབུད་བྱའི་རོལ་ཆ། རྡུང་བྱའི་རོལ་ཆ་བཅས་གསུམ་ཡོད་པ་དང་། དེ་དག་ཁྲོད་ཀྱི་རྒྱུད་དཀྲོལ་རོལ་ཆར་ཡང་། དཀྲོལ་བྱའི་རོལ་ཆ་དང་། འཐེན་བྱའི་རོལ་ཆ། དཀྲོལ་འཐེན་རོལ་ཆ་བཅས་རིགས་གསུམ་ཡོད། རྒྱུད་དཀྲོལ་རོལ་ཆར་དཀྲོལ་གཏོང་གི་རྣམ་པའི་ཐོག་ནས་དབྱེ་ན། སྒྲ་སྙན་དང་། ཡང་ཆིན་སོགས་དཀྲོལ་བྱའི་རོལ་ཆ་དང་། པི་ཝང་དང་། ཙེར་ཙེར། གན་ཆག དལ་ཆིན། ཅིང་ཧུའུ་སོགས་འཐེན་བྱའི་རོལ་ཆ། དེ་བཞིན་འཐེན་དཀྲོལ་གཉིས་ཀ་ཆོག་པའི་རོལ་ཆ་རེ་མ་ཞེས་པ་སོགས་སྣེ་རིགས་མང་བོ་ཡོད། དེ་དག་ཁྲོད་ཀྱི་སྒྲ་སྙན་ནི་བོད་རིགས་ཀྱི་རོལ་ཆའི་ནང་ནས་ལོ་རྒྱུས་ཡུན་རིང་བ་དང་། ཁྱད་ཆོས་མངོན་གསལ་དོད་པ། དར་ཁྱབ་ཆེ་བ་བཅས་ཀྱི་བོད་རིགས་རོལ་ཆའི་ཚབ་མཚོན་རུང་བ་ཞིག་ཡིན་ཞེས་བཀོད་པ་རུའང་སྒྲ་སྙན་དེ་འབུད་རྡུང་དཀྲོལ་གསུམ་གང་དུ་གཏོགས་པ་མིག་མཐོང་ལག་ཟིན་རེད། ད་དུང་རྒྱུད་དཀྲོལ་རོལ་ཆར་ཡང་ནང་གསེས་ཀྱི་དཀྲོལ་བྱའི་རོལ་ཆ་དང་འཐེན་བྱའི་རོལ་ཆ། དཀྲོལ་འཐེན་རོལ་ཆ་བཅས་རིགས་གསུམ་དུ་དབྱེ་ཞེས་པ་རུའང་། དཀྲོལ་བྱའི་རོལ་ཆ་རུ་སྒྲ་སྙན་ཞེས་དམིགས་སུ་བརྗོད་ཡོད། དཀྲོལ་འཐེན་རོལ་ཆ་སྟེ་རེ་མ་ཞེས་པའི་རོལ་ཆ་དེ་ཕལ་ཆེར་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་ལ། བོད་ཉིང་ཁྲི་ས་ཁུལ་དུ་དར་ཁྱབ་ཆེ་ཞིང་། རྒྱུད་སྐུད་གསུམ་ལྡན་གྱི་འཐེན་དཀྲོལ་རོལ་ཆ་ཞིག་ཡིན། རོལ་ཆ་དེའི་རྒྱུད་སྐུད་རྟ་རྔ་ཡིན་ལ། རྒྱུད་སྐུད་སྒྲིག་སྟངས་ནི་སྒྲ་སྙན་དང་འདྲ་བར། A, D, G, ཡི་མཐོ་དམན་འབྲེལ་བ་ལྟར་བསྒྲིགས་ཡོད། དེ་རྒྱུད་ལ་གཞུ་རྒྱུད་ཀྱིས་བརྡར་དེ་དཀྲོལ་ཆོག་ལ་སེན་ལྡེ་ཡིས་དབུར་ཏེ་དཀྲོལ་ཡང་ཆོག་པས་ན་འཐེན་དཀྲོལ་རོལ་ཆ་རུ་ངོས་བཟུང་བ་རེད། གོང་གི་རོལ་མོ་གཏོང་ལུགས་ལས་རྒྱུད་དཀྲོལ་རོལ་ཆ་དང་། སོར་དཀྲོལ་རོལ་ཆ། སེན་དཀྲོལ་རོལ་ཆ་ཞེས་པ་སོགས་ལས་དཀྲོལ་ཞེས་པའི་ལས་ཚིག་དེ་སོར་མོ་དང་སེན་ལྡེ་སོགས་ཀྱིས་རྒྱུད་སྐུད་ལ་དབུར་ཏེ་སྒྲ་འབྱིན་པའི་རྣམ་པ་གཅིག་པུ་ལ་གོ་ཆོག་པ་སེམས་སུ་གསལ་ལྷང་ངེར་མ་རེད་དམ། དེ་ལྟར་དབྱངས་འབྱིན་སྟངས་ཀྱི་རྣམ་པ་དེ་རིགས། གཞུ་འཐེན་རོལ་ཆ་པི་ཝང་དང་སིལ་འཁྲོལ་རོལ་ཆ་སིལ་སྙན། ཌ་དྲིལ་སོགས་ཀྱང་དཀྲོལ་བྱའི་རོལ་ཆའི་ཁོངས་སུ་འདུ་བ་ལྟར་རེད། རོལ་ཆས་འབུད་རྡུང་དཀྲོལ་གསུམ་དུ་དབྱེ་སྟངས་འགའ་རེ་ན་ཌ་མ་རུ་དང་། དྲིལ་བུ་སོགས་རྡུང་བྱའི་རོལ་ཆའི་ཁོངས་སུ་བྲིས་པའང་མཐོང་རྒྱུ་འདུག 《བོད་ཀྱི་རོལ་དབྱངས་ལོ་རྒྱུས་བསྡུས་གསལ་དཔྱིད་ཀྱི་ཕོ་ཉ་》རུ། གཞན་ཡང་ད་དུང་བརྡུང་བའི་རོལ་ཆ་རྫ་རྔ་དང་། ལག་རྔ། མཆོད་རྔ། མཁར་རྔ། ཅང་ཏེའུ། ཌ་མ་རུ། ཅོང་། ཆ་ལང་། ཕེག་རྡོབ། སིལ་སྙན། ཏིང་ཤགས། རྡོར་དྲིལ་སོགས་དང་། འབུད་པའི་རོལ་མོ་དུང་ཆེན། རྐང་གླིང་། སུར་ཎ། དུང་དཀར། གླིང་བུ་སོགས་དང་། དེ་བཞིན་སོར་དཀྲོལ་རོལ་ཆ་ཏམ་བུ་ར་དང་པི་ཝང་སོགས་མང་བོ་ཡོད་པར་གྲགས། ཞེས་པ་རུ་ཌ་མ་རུ་དང་དྲིལ་བུ་སོགས་རྡུང་བྱའི་རོལ་ཆ་རུ་ངོས་བཟུང་ཡོད་ལ། ཏམ་བུ་ར་དེ་དཀྲོལ་བྱའི་རོལ་ཆ་རུ་ངོས་བཟུང་འདུག་པ་མཐོང་སྣང་ལྟར་རེད། ཌ་དྲིལ་སོགས་ཀྱི་སྒྲ་འབྱིན་སྐབས་བྱེད་པ་པོ་གཙོ་བོ་དང་ཕལ་བ་གཉིས་ལ་གཞིག་ནས་འགའ་རེས་དཀྲོལ་བྱའི་རོལ་ཆ་དང་འགའ་རེས་རྡུང་བྱའི་རོལ་ཆ་རུ་ངོས་འཛིན་བཞིན་འདུག བྱེད་པ་པོ་གཙོ་བོའི་ལས་ཀྱི་རྣམ་པར་དཀྲོགས་པའི་ཆ་འདུས་པས་དཀྲོལ་བྱའི་རོལ་ཆ་རུ་ངོས་འཛིན་མཁན་ཡོད་ལ། བྱེད་པ་པོ་ཕལ་བ་ཌར་རྡོ་དང་དྲིལ་ལྕེ་ཡིས་ཌ་མ་རུའི་པགས་ངོས་དང་དྲིལ་བུམ་གྱི་ནང་ངོས་སུ་རྡེག་བའི་རྣམ་པ་གཙོ་བོར་བཟུང་ནས་རྡུང་བྱའི་རོལ་ཆ་རུ་ངོས་འཛིན་མཁན་ཡང་མཐོང་རྒྱུ་འདུག་པས། སོ་སོའི་བསམ་བློ་མ་ནོར་བར་ངེས་རྒྱུ་ཧ་ཅང་གལ་ཆེ། གཞན་ཡང་མཁས་དབང་ཧོར་གཙང་འཇིགས་མེད་ཀྱིས་མཛད་པའི་《བོད་ཀྱི་རོལ་མོའི་ལོ་རྒྱུས་ལ་ཐོག་མར་དཔྱད་པ།》རུ། པི་ཝང་དེ་རྡུང་བའི་རོལ་མོའི་ཁོངས་སུ་བཀོད་འདུག་ཀྱང་། ཁོང་གིས་པི་ཝང་གི་རིགས་ལ་“རྡུང་”འདི་མི་འབྲི་བར་“བདུངས་”འདི་འབྲི་བས་རྡུང་བའི་རོལ་མོའི་ནང་འཇུག་པ་ལ་དོགས་པ་ཞིག་མེད་དམ་སྙམ་ཞེས་ཐེ་ཚོམ་གྱི་བློ་དེ་ལས་ཡང་ང་ཚོས་སྒྲ་སྙན་རྡུང་ལེན་ཞེས་འབོད་པའི་ཐ་སྙད་ཀྱི་བརྡ་དོན་དེ་གཞིར་བཟུང་ནས་པི་ཝང་དེ་རྡུང་བྱའི་རོལ་མོའི་ཁོངས་སུ་བཞག་པ་མ་ཡིན་ནམ་སྙམ། ད་དུང་ཁོང་གིས་པི་ཝང་ལ་སོར་དཀྲོལ་པི་ཝང་དང་གཞུ་འཐེན་པི་ཝང་གཉིས་ཡོད་ལ། མངའ་རིས་སྒྲ་སྙན་ལྟ་བུ་སོར་དཀྲོལ་དང་གོང་དུ་བཤད་པའི་རྒྱའི་ཨར་ཧྭའོ་ལས་བྱུང་བ་དག་ནི་གཞུ་འཐེན་གྱི་རིགས་སུ་གཏོགས་པ་ཡིན། ཞེས་མངའ་རིས་སྒྲ་སྙན་དེ་དཀྲོལ་བྱའི་རོལ་ཆ་རུ་ངོས་འཛིན་དགོས་པ་གསལ་བར་བསྟན་ཡོད། པི་ཝང་བདུངས་ཞེས་བྲིས་ཡོད་པ་མང་བོ་མཐོང་རྒྱུ་འདུག་ཀྱང་། བདུང་ནི་བདུང་བྱའི་གཞུ་ཞེས་གཞུ་རྒྱུད་མཐེབ་ཤུགས་ཀྱིས་འཐེན་པའི་དོན་དུ་འཇུག་ལ། པི་ཝང་འཐེན་དང་གཞས་འཐེན་ཞེས་པ་དེ་གཏང་བྱའི་གཞས་དེའི་དབྱངས་རྟ་འགྱུར་ཁུག་ལ་དྲངས་བའི་དོན་ཡིན་པས། གཞུ་རྒྱུད་འཐེན་པ་དང་པི་ཝང་འཐེན་པ་གཉིས་གཞི་གཅིག་ཏུ་མི་འགྲོ་བར་སེམས། གཞན་ཡང་ཞོལ་ཁང་བསོད་ནམས་དར་རྒྱས་ཀྱིས་ཀྱང་། ཕྱིས་སྡེ་བ་གཙང་བ་མི་ཐོག་གཉིས་པ་མཐུ་སྟོབས་རྣམ་རྒྱལ་གྱི་དུས་སྐབས་ལ་སྟོད་མངའ་རིས་ཁུལ་ནས་གར་མཁན་ཁྱི་གུ་དོན་གྲུབ་དང་། དགའ་གཡུ་ནི། ཇོ་བཟང་སོགས་ཆེད་འབོད་ཀྱིས་གླུ་གར་འཁྲབ་གཏོང་བྱེད་དུ་བཅུག་ཅིང་། མངའ་རིས་ཁུལ་གྱི་ཁྱད་ཆོས་དང་བསྟུན་པའི་“གར་རོལ་”ཞེས་པ་སྲོལ་མགོ་གཏོད་དུ་བཅུག་པ་རེད། དེ་རྗེས་རིག་རྩལ་གླུ་གར་སོགས་ཀྱི་ཐད་ལའང་དོ་སྣང་ཆེན་པོ་གནང་མཁན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྟོད་ཁུལ་ནས་རོལ་མོ་མཁས་པ་གུ་ཏི་དང་། རོལ་མོར་བྱང་ཆུབ་པ་གུ་ཏིའི་བུ་བཀྲ་ཤིས་དང་། ཚེ་བརྟན་སོགས་སྐོང་འགུགས་གནང་བ་ལྟར་ཁོང་རྣམ་པས་རོལ་མོས་སྒྲ་གདངས་དང་བསྟུན་པའི་ལུས་ཀྱི་རྣམ་འགྱུར་ཉེར་གཅིག་བྱ་བ་དང་འབྲེལ་གར་རོལ་པ་གཞོན་ནུ་མང་བོ་གསོ་སྐྱོང་བྱས་ཏེ། གར་དང་། མདོ་དར་མ། སུར་སྣ། ཏམ་བུ་ར་(སྒྲ་སྙན་ལ་ཟེར།)སོགས་འབུད་རྡུང་དཀྲོལ་བའི་རོལ་མོ་གཏོང་ལུགས་མི་འདྲ་བ་མང་བོ་བསླབས། ཞེས་བརྡུང་བྱའི་རོལ་ཆའི་ཚབ་ཚོན་དུ་མདོ་དར་མ་དང་། འབུད་བྱའི་རོལ་ཆའི་ཚབ་མཚོན་དུ་སུར་སྣ། དཀྲོལ་བྱའི་རོལ་ཆའི་ཚབ་མཚོན་དུ་ཏམ་བུ་ར་ཞེས་དེའི་མཇུག་ཏུ་གུག་རྟགས་སུ་སྒྲ་སྙན་ཞེས་གསལ་བཤད་གནང་ཡོད་པ་དེས་ཏམ་བུ་ར་དེ་སྒྲ་སྙན་ལ་གོ་དགོས་པ་མ་ཟད་དཀྲོལ་བྱའི་རོལ་ཆ་རུ་ངོས་བཟུང་ཡོད་པ་ཧ་ཅང་གསལ། ད་དུང་ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩམས་པའི་《ཟློས་གར་གྱི་སྐོར་》ཞེས་པ་རུ། སྟོད་གཞས་ཀྱི་ཁྱད་ཆོས་གཙོ་བོ་ནི། གཞི་རྒྱ་ཆེ་ཆུང་དང་། རྐང་རྡབ་ལག་འཁྱེར་སོགས་ལ་ཚད་བཀག་དེ་ཙམ་མེད་པར་སྒྲ་སྙན་ལག་ཏུ་འཆང་ནས་རང་དཀྲོལ་རང་བརྒྱབ་བྱེད་པ་ཞེས་འཁོད་ཡོད་པར་གཞིག་ན་སྒྲ་སྙན་དེ་དཀྲོལ་བྱའི་རོལ་ཆ་རུ་ངོས་བཟུང་ཡོད། ཡང་དགྲ་ལྷ་ཟླ་བ་བཟང་བོའི་མཛད་པའི་《བོད་ཀྱི་རོལ་ཆའི་རྣམ་གྲངས་མུ་ཏིག་ཕྲེང་མཛེས་》ཞེས་པ་རུ། སྒྲ་སྙན་ནི་དཀྲོལ་བའི་རོལ་མོའི་རྣམ་གྲངས་ཤིག་སྟེ་ཞེས་དཀྲོལ་བྱའི་རོལ་ཆ་རུ་ངོས་བཟུང་ཡོད། དེ་བཞིན་ལྷ་ས་གྲོང་ཁྱེར་དགེ་འོས་མཐོ་རིམ་ཆེད་ལས་སློབ་གྲྭའི་སྒྱུ་རྩལ་སློབ་གླིང་གི་སྒྲ་སྙན་དང་ཡང་ཆིན་སློབ་ཁྲིད་ཀྱི་གདན་ཞུའི་དགེ་རྒན། བཀྲ་ཤིས་རྡོ་རྗེ་དང་ཁོང་གི་སློབ་བུ་བློ་བཟང་ཉི་མ་གཉིས་ཀྱིས་བརྩམས་པའི་《སྒྲ་སྙན་བློ་གསལ་འཇུག་སྒོ།》ཞེས་སྟོད་གཞས་དང་ནང་མའི་གཞས་ཀྱི་དབྱངས་རྟ་དཀྲོལ་སྟངས་སུའང་། འབུད་རྡུང་དཀྲོལ་གསུམ་གྱི་རོལ་ཆ་ཆེད་དུ་དབྱེ་མེད་ཀྱང་། སྒྲ་སྙན་དཀྲོལ་གཏོང་གི་གོམས་གཤིས་སྐོར་དང་། སྒྲ་སྙན་དཀྲོལ་གཏོང་བྱེད་ཐབས། སྒྲ་སྙན་རོལ་དབྱངས་དཀྲོལ་གཏོང་ཞིབ་ཁྲིད་སོགས་ཁ་བྱང་བཀོད་པ་ལས་ཀྱང་སྒྲ་སྙན་དེ་དཀྲོལ་བྱའི་རོལ་ཆ་རུ་ངོས་བཟུང་ཡོད་པ་གསལ་བོར་ཤེས་ཐུབ། ཨ་མདོའི་དབྱངས་རྩོམ་ཆེད་མཁས་པ་གསང་བདག་གིས་མཛད་པའི་《རོལ་མོའི་འཇུག་སྒོ་སྒྲ་དབྱངས་བློ་མདུད་ཀུན་གྲོལ།》ཞེས་པ་རུ། ཁྲོལ་སྐྱེས་ནི་སོར་མོས་འཁྲོལ་བ་ལས་བྱུང་བའི་དབྱངས་ལ་ཟེར། དཔེར་ན། པི་ཝང་འབྲུག་མགོ་མ། རྒྱུད་མངས། རྒྱུད་གསུམ་སོགས་ལས་སྐྱེས་པའི་དབྱངས་སོ། ཞེས་གསུངས་ཡོད་ལ། དེབ་དེའི་མཇུག་ཏུ་པི་ཝང་འབྲུག་མགོ་མར་(龙头琴)ཞེས་བྲིས་འདུག་པས་ཕལ་ཆེར་སྒྲ་སྙན་ལ་ངོས་འཛིན་དགོས་པར་སེམས། འོ་ན་སྒྲ་སྙན་ལས་བྱུང་བའི་དབྱངས་དེ་འཁྲོལ་སྐྱེས་ཡིན་ན་སྒྲ་སྙན་དཀྲོལ་བྱའི་རོལ་ཆ་ཡིན་པ་སྨོས་ཅི་དགོས། དེ་ན་ང་ཚོས་ངོས་འཛིན་བཞིན་པའི་མངའ་རིས་སྒྲ་སྙན་དང་དབུས་ཁུལ་གྱི་སྒྲ་སྙན་ཞེས་པ་དེ་རོལ་ཆ་གཅིག་པ་ཡིན་ནམ་ཞེ་ན། 《བོད་ཀྱི་སྲོལ་རྒྱུན་རོལ་ཆ་སྒྲ་སྙན་ལ་དཔྱད་པ་》ཞེས་པ་རུ། སྟོད་མངའ་རིས་སྐོར་གསུམ་ནས་དར་ཞིང་། བར་དབུས་གཙང་རུ་བཞི་བརྒྱུད་སྨད་མདོ་ཁམས་སྒང་དྲུག་ཏུ་ཁྱབ་པའི་རོལ་ཆ་དེ་རིགས་ལ་མངའ་རིས་སྒྲ་སྙན་ཞེས་འབོད་ཅེས་པས། དེ་ནི་གཙང་ཆུ་དྭངས་མོའི་བཞུར་རྒྱུན་བཞིན། ད་ལྟ་སྟོད་མངའ་རིས་སུ་འབོད་པའི་ཡུལ་དེ་ནས་དར་ཞིང་གཙང་བ་སྡེ་སྲིད་ཀྱིས་སྲོལ་བཏོད་པའི་གར་གླུའི་ཚོགས་པ་དེ་བརྒྱུད་ནས། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཙུགས་པའི་ལྷ་སའི་ནང་མའི་སྐྱིད་སྡུག་ཚོགས་པ་སོགས་ལས་དར་ཁྱབ་བཏང་པའི་སྒྲ་སྙན་དུ་འབོད་པའི་རོལ་ཆ་དེ་གཅིག་པ་གཅིག་རྐྱང་རེད། རོལ་ཆ་དེ་མདོ་སྨད་དུ་དུས་ནམ་ཞིག་ལ་དར་བ་རེད་ཅེ་ན། བླ་བྲང་དགོན་པའི་མདོ་དར་བ་ཨ་ཁུ་འཕྲིན་ལས་ལགས་ལ་བཅར་འདྲི་ཞུས་པར། ཀུན་མཁྱེན་སྐུ་ཕྲེང་དང་བོ་འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་ཚང་(སྤྱི་ལོ་༡༦༤༨ནས་༡༧༢༡)ཨེར་ཏེ་ནི་ཇུ་ནང་གིས་དགོན་གསར་འདེབས་ཀྱི་ཆེད་དུ་མདོ་སྨད་དུ་གདན་ཞུ་གནང་སྐབས་ཁོང་གི་སྐུ་འཁོར་དུ་དབུས་གཙང་ནས་ཡོང་བའི་འབུད་རྡུང་དཀྲོལ་གསུམ་ལ་མཁས་པའི་རོལ་མོ་བ་རེ་ཡོད་པར་རྒན་པ་ཚོའི་ངག་རྒྱུན་དུ་ཡོད་ལ། དེའི་ནང་སྒྲ་སྙན་དང་གླིང་བུ་སོགས་ཡོད་པར་གསུངས། གཞུ་འཐེན་རོལ་ཆའི་དབྱངས་འབྱིན་སྟངས་ཏེ། གཞུ་དང་རྒྱུད་ཕན་ཚུན་བརྡར་བ་རུ་རྡུང་བ་དང་འབུད་པའི་ཆ་མི་འདུས་པ་མིང་གི་བརྡ་དོན་ལ་དཔྱད་ནའང་སེམས་སུ་གསལ་ལྷང་ངེར་ཡིན་པས། བོད་ཀྱི་རོལ་ཆ་སྤྱིའི་ཆ་ནས་འབུད་རྡུང་དཀྲོལ་གསུམ་དུ་འདུ་ན་འབུད་བྱའི་རོལ་ཆ་དང་རྡུང་བྱའི་རོལ་ཆ་གཉིས་ཀ་མ་ཡིན་ན་དཀྲོལ་བྱའི་རོལ་ཆ་ཡིན་པར་དགོས། དེ་ན་སྒྲ་སྙན་གྱི་སྒྲ་འབྱིན་སྟངས་ཀྱང་སེན་ལྡེ་ཡིས་རྒྱུད་སྐུད་ལ་དབུར་ནས་སྒྲ་འབྱིན་པ་ཡིན་པས་དཀྲོལ་བྱའི་རོལ་ཆ་ཡིན་དགོས་ཞེས་པ་ཡིན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་སྟོད་གཞས་དང་ནང་མའི་གཞས་ཀྱི་དབྱངས་རྟ་སྒྲ་སྙན་རྒྱུད་ཐེབ་ལས་ངོས་འཛིན་བྱེད་སྟངས་《མིག་ཡིད་རྣ་བའི་དགའ་སྟོན།》ཞེས་པ་རུའང་སེན་ལྡེ་ཡིས་རྒྱུད་སྐུད་ལ་ཡར་འདྲད་མར་འདྲད་ཅེས་པ་ལས་ཀྱང་སེན་ལྡེ་དང་རྒྱུད་སྐུད་གཉིས་ཕན་ཚུན་བརྡར་ཏེ་སྒྲ་འབྱིན་བཞིན་པ་མིག་མཐོང་ལག་ཟིན་རེད། སྒྲ་སྙན་དཀྲོལ་མཁན་ཞིག་ཡིན་ན་མ་བཤད་ཀྱང་ཤེས་ཏེ། སེན་ལྡེ་ཡིས་རྒྱུད་སྐུད་ལ་དབུར་པའི་ཚད་ག་ཙམ་མཐོ་ན་སྒྲ་སྙན་གྱི་སྒྲར་དེ་ཙམ་སྙན་ཆ་དང་ལྷོད་ཆ་ཐོན་ཐུབ། དེ་ནི་རང་ཉིད་སྒྲ་སྙན་དཀྲོལ་གཏོང་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ལག་ལེན་ལས་ཟིན་པའི་མྱོང་ཚོར་ཡིན། གོང་གི་མཁས་དབང་རྣམས་ཀྱི་གསུངས་པར་གཞིག་ན་བོད་ཀྱི་རོལ་ཆ་འབུད་རྡུང་དཀྲོལ་གསུམ་དུ་དབྱེ་སྟངས་འདི་ལྟར་དུ་འདོད་དེ། དངོས་གཟུགས་འདར་འགུལ་བྱས་པར་སྒྲ་ཡོད་པའི་ངེས་པ་མེད་ཀྱང་། སྒྲ་ནི་དངོས་གཟུགས་འདར་འགུལ་ཁྲོད་ནས་བྱུང་བ་ཡིན་ཞེས་དངོས་ལུགས་རིགས་པ་རུ་གསུངས། དེས་ན་རོལ་ཆ་ལས་བྱུང་བའི་སྒྲ་ཡང་དངོས་གཟུགས་འདར་འགུལ་ལས་བྱུང་པ་ཡིན་པ་སྨྲོས་ཅི་དགོས། སྤྱིར་དངོས་གཟུགས་ལ་སྲ་གཟུགས་དང་གཤེར་གཟུགས། རླུང་གཟུགས་ཞེས་རིགས་གསུམ་དུ་བཤད། རོལ་དབྱངས་སུའང་དངོས་གཟུགས་རིགས་དེ་གསུམ་པོ་འདར་འགུལ་བྱས་ནས་བྱུང་བའི་སྒྲ་ལས་མ་འདའ། ང་ཚོ་དེ་གངས་རི་ར་བས་ཡོངས་སུ་བསྐོར་བའི་བོད་གངས་ཅན་གྱི་ལྗོངས་འདིར་ལོ་ངོ་སྟོང་ཕྲག་འགའི་སྔོན་ནས་དེང་གི་དངོས་ལུགས་རིག་པའི་རིག་ལམ་དང་ཡོངས་སུ་མཐུན་པའི་དངོས་གཟུགས་འདར་འགུལ་ལས་སྒྲ་དབྱུང་སྟངས་རྣམས་ལྷུག་པར་གསུངས་ཡོད། དཔེར་ན། བོད་ཀྱིས་སྲོལ་རྒྱུན་རོལ་ཆ་དེ་འབུད་རྡུང་དཀྲོལ་གསུམ་ཞེས་སྤྱིའི་ཆ་ནས་རིགས་གསུམ་དུ་དགར་སྲོལ་ཡོད་ལ། དེ་དག་སོ་སོར་ནང་གསེས་ཀྱི་དབྱེ་བའང་མང་དུ་མཆིས་མོད། ང་ཚོས་བཤད་པའི་འབུད་བྱའི་རོལ་ཆ་ཞེས་པ་དེ་དབུགས་ཀྱི་རྩོལ་བ་ལ་བརྟེན་ནས་དངོས་གཟུགས་འདར་འགུལ་ལས་སྒྲ་དབྱུང་བའི་རྣམ་པ་ཅན་གྱི་རོལ་ཆ་སྤྱི་ལ་ཟེར་བ་དང་། བརྡུང་བྱའི་རོལ་ཆ་ཞེས་པ་ནི་དངོས་གཟུགས་དེ་རིགས་ཕན་ཚུན་བརྡབ་རྡེག་འདར་འགུལ་ལ་བརྟེན་ནས་སྒྲ་འབྱུང་བའི་རྣམ་པ་ཅན་གྱི་རོལ་ཆ་ལ་ཟེར་ཞིང་། དཀྲོལ་བྱའི་རོལ་ཆ་ཞེས་པ་ནི་དངོས་གཟུགས་དེ་དག་ཕན་ཚུན་རྩུབ་བརྡར་འདར་འགུལ་ལས་སྒྲ་འབྱུང་བའི་རྣམ་པ་ཅན་གྱི་རོལ་ཆ་ལ་ཟེར་བཞིན་ཡོད། དེ་བས་ང་ཚོའང་མགོ་བོ་མ་རྨོངས་པར་བོད་ཀྱི་སྲོལ་རྒྱུན་རོལ་ཆ་འབུད་རྡུང་དཀྲོལ་གསུམ་དུ་དབྱེ་སྟངས་འདིར་འཇུག་ཤེས་དགོས། དེ་དག་ཏུའང་ནང་གསེས་སུ་རྡུང་དཀྲོལ་རོལ་ཆ་དང་། འཐེན་དཀྲོལ་རོལ་ཆ་སོགས་རིགས་དགར་སྟངས་མང་བོ་ཡོད། དཔེར་ན། སྦུག་ཆལ་ལྟ་བུར་མཚོན་ན་ཕན་ཚུན་རྡབ་བརྡེག་བྱས་ནས་དབྱངས་འབྱིན་སྲོལ་ཡོད་ལ། སིལ་འཁྲོལ་བྱས་ཏེ་དབྱངས་འབྱིན་སྟངས་ཀྱང་ཡོད་པས། ང་ཚོས་རོལ་ཆ་དེ་ལྟ་བུ་ལ་རྡུང་དཀྲོལ་རོལ་ཆ་ཟེར། རོལ་ཆ་འབུད་རྡུང་དཀྲོལ་གསུམ་དུ་དབྱེ་སྐབས་རོལ་ཆ་དེ་རྒྱུན་བཀོལ་གྱི་ཤུགས་གང་ཆེ་ན་དེའི་ཁོངས་སུ་འཇོག་གི་ཡོད། ད་དུང་པི་ཝང་རྒྱུད་གཉིས་མ་དང་རེ་མ་ལྟ་བུར་འཐེན་དཀྲོལ་རོལ་ཆ་ཟེར། དེ་གཞུ་རྒྱུད་ཕན་ཚུན་བརྡར་དེ་འཐེན་ཆོག་ལ་སེན་མོ་སོགས་དབུར་ཏེ་དཀྲོལ་ཡང་ཆོག་པས་ན་འཐེན་དཀྲོལ་རོལ་ཆ་ཟེར། དབྱངས་འབྱིན་སྟངས་དེ་གཉིས་ཀ་རྩུབ་བརྡར་སྒྲ་འབྱུང་ཡིན་རྐྱེན་དཀྲོལ་བྱའི་རོལ་ཆ་ལས་ནང་གསེས་ཀྱི་རིགས་དབྱེ་སྟངས་ཤིག་ཡིན་པ་ཤེས་གསལ་ལྟར་རེད། ཡང་རྐྱེན་གཞན་སྐྱེས་ཏེ་རོལ་ཆ་ལས་བྱུང་བའི་དབྱངས་དེ་ནང་གསེས་ཀྱི་སྐྱེ་གནས་ལ་གཞིག་སྟེ་རིགས་དགར་སྟངས་ཡོད་དེ། འབུད་བྱའི་རོལ་ཆ་ལས་ཕྱུང་བའི་དབྱངས་ལ་ཁུང་སྐྱེས་དང་། རྡུང་བྱའི་རོལ་ཆ་ལས་ཕྱུང་བའི་དབྱངས་ལ་རྡུང་སྐྱེས། དཀྲོལ་བྱའི་རོལ་ཆ་ལས་ཕྱུང་བའི་དབྱངས་ལ་རྒྱུད་སྐྱེས་དང་སིལ་སྐྱེས་སོགས་སུ་དབྱེ་སྲོལ་ཡོད་ལ། ཡང་ཆིན་ལྟ་བུའི་རྡུང་དཀྲོལ་རོལ་ཆ་ལས་ཕྱུང་བའི་དབྱངས་དེ་རྒྱུད་སྐྱེས་དང་རྡུང་སྐྱེས་གང་ལ་ངོས་འཛིན་བྱས་ཀྱང་ཆོག འདི་ལྟར་རང་ཅག་བོད་མི་རིགས་ལ་བློ་དང་རིག་པའི་ཁུངས་བཙུན་ཞིང་ལོ་རྒྱུས་ཀྱི་རྒྱུན་རིང་བའི་ཕུལ་དུ་བྱུང་བའི་རིག་གཞུང་གི་རྣམ་བཞག་ཅིག་ཡོད་པར་དོ་སྣང་དང་བདག་བཟུང་མི་བྱ་བར། རང་སྣང་དུ་ཤར་བའི་རྨོངས་བློ་དེ་ཨུ་ཚུགས་ཀྱིས་འཛིན་པའི་བྱ་བ་དང་སྤྱོད་པ་ལ་ངོ་མི་གནོང་ངམ། འོ་ན་རྡུང་ལེན་ཞེས་པའི་མིང་དེ་དུས་ནམ་ཞིག་ནས་བྱུང་བ་རེད་ཅེ་ན། དེ་ནི་སྤྱི་ལོ་༡༩༧༦ལོ་ཡས་མས་ཤིག་ལ་རྒན་དཔལ་མགོན་དང་རྒན་འཇིགས་མེད། འཇིགས་བྱེད་འཚོ་སོགས་ཀྱིས་མཚོ་སྔོན་དང་ཀན་ལྷོའི་རླུང་འཕྲིན་ཁང་ནས་དཀྲོལ་ལེན་འགའ་རེ་སྒྲ་བླངས་ཏེ་གཏོང་བའི་སྐབས་སུ། སྐབས་དེའི་ལེ་ཚན་མདོ་འཛིན་པས་“གཞུག་ནས་ཁྱེད་ཚོས་སྒྲ་སྙན་རྡུང་ལེན་ཞིག་ལ་གསན་རོགས་”ཞེས་གླུ་དེ་དག་བཏངས་པས། བོད་ཀྱི་ཡུལ་ཕྱོགས་མང་བོར་སྒྲ་སྙན་རྡུང་ལེན་ཞེས་ད་བར་དུ་མ་དག་རྒྱུན་འབྱམས་སུ་སོང་བ་རེད། དེའང་རང་དང་རང་འདྲ་བའི་དཀྲོལ་ལེན་རིག་གནས་སྒྱུ་རྩལ་གྱི་རྐང་འཛིན་པ་ཚོས་རིག་གནས་འདི་ལ་འཇུག་པར་དོ་སྣང་མ་བྱས་པའི་འབྲས་བུ་ལས་བྱུང་བ་ཡིན་པས། ང་ཚོ་སྟེ་དཀྲོལ་ལེན་པ་རེ་འགའ་ད་དུང་ཨུ་ཚུགས་སྐམ་པོས་རང་འཕོངས་འགེབས་པའི་ཐ་ཤལ་གྱི་ལས་ལ་འཇུག་པར་ཡིད་ཕངས་པ་ལ། ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་ཨ་མདོའི་དམངས་ཁྲོད་ངག་རྒྱུན་དུ་རྡུང་བྱའི་རོལ་ཆ་དང་དཀྲོལ་བྱའི་རོལ་ཆ་དབྱེ་བ་གསལ་བོར་མི་འདུག་པ་དང་། གཉིས་ནས་རོལ་ཆ་གཅིག་དེ་རྡུང་དཀྲོལ་གཉིས་ཀ་རུང་བ་ཡང་མང་བས། སྐབས་དེར་རླུང་འཕྲིན་ལས་ཁུངས་ཀྱི་ལས་བྱེད་པ་དང་དཀྲོལ་ལེན་པས་ཀྱང་ཡིད་འཇོག་དེ་ཙམ་མ་བྱས་པའི་རྐྱེན་གྱིས་སྒྲ་སྙན་རྡུང་ལེན་ཞེས་བོས་ཀྱང་། ལོ་འགའི་སྔོན་ལ་མཚོ་སྔོན་རླུང་འཕྲིན་ཁང་གིས་གཙོ་བསྒྲུབས་བྱས་པའི་མདོ་ཁམས་ཡུལ་གྱི་དཀྲོལ་ལེན་འགྲན་བསྡུར་སྐབས་ལྔ་བའི་དུས་སུ་དངོས་སུ་གསལ་བཤད་གནང་དེ་རྡུང་ལེན་ཞེས་པར་དཀྲོལ་ལེན་དུ་བོས་ན་འགྲིག་ཅེས་བསྒྲགས་ཟིན།འོན་ཀྱང་ཉིན་འདི་འགར་ཡང་མདོ་ཁམས་ཡུལ་གྱིསྐབས་དྲུག་པའི་སྒྲ་སྙན་རྡུང་ལེན་འགྲན་བསྡུར་ཞེས་སྒྲོག་གིན་འདུག་ཀྱང་། བརྙན་འཕྲིན་འཕྲུལ་ཆས་དང་སྒྲ་སྡུད་འཕྲུལ་ཆས་མདུན་གྱི་ང་ཚོ་ནི་གནའ་དང་ད་མི་འདྲ་སྟེ། ང་ཚོས་ཨ་མདོ་བརྙན་འཕྲིན་ཁང་མི་ཟེར་བར་ཨ་མདོའི་བརྙན་འཕྲིན་ཁང་ཟེར་དགོས་པ་ཤེས་ཡོད། ཁ་ཆེ་རུང་སྣའི་འོག་ཟེར་བ་བཞིན། ཁྱེད་ཅག་ཀྱང་ཆབ་སྲིད་ཀྱི་བཅིང་ཐག་ལས་གྲོལ་རྒྱུ་ལས་སླ་མོ་ཞིག་མིན་པས་སུ་ལའང་ལེ་བདའ་མེད། གཞན་ཡང་། བོན་གྱི་དཔེ་རྙིང་《དུས་གསུམ་ནུབ་པ་མེད་པའི་མཚན་ཡོངས་སུ་གྲགས་པ་》ཞེས་པ་རུ། ལ་ལ་ཞིག་ནི་ཏམ་བུ་ར་འབུད་དོ།། ཞེས་ཀྱང་འཁོད་འདུག ཏམ་བུ་ར་ནི་ང་ཚོས་སྒྲ་སྙན་ལ་ངོས་འཛིན་བཞིན་པས་ན། སྒྲ་སྙན་འབུད་ལེན་ཟེར་ཡང་ཆོག་པ་མ་རེད་དམ། ང་ཚོས་ལོ་རྒྱུས་ཀྱི་ཡིག་ཚགས་ཀློག་སྐབས་རོལ་ཆ་དེའི་མིང་ཐོན་པ་ན་དུས་དེ་ཙམ་དུ་རོལ་ཆ་དེ་ཡོད་པ་ཤེས་ཐུབ་ཀྱང་། རོལ་ཆ་དེའི་ཞིབ་ཕྲའི་རྣམ་བཞག་དང་བྱེད་ནུས་ལ་དབྱེ་ཞིབ་བྱ་ཚེ་རིག་གནས་དེའི་སྐོར་གྱི་བསྟན་བཅོས་དང་གཞུང་དངོས་གཞིར་བཟུང་ན་འགྲིག་པར་སེམས། ཡང་འགའ་རེས་དེའི་མིང་ལ་འགྱུར་བ་བཏང་ཚེ་སྒྱུ་རྩལ་དེའི་ངོ་བོར་འགྱུར་བ་འབྱུང་བཞིན་པར་སེམས་བཞིན་ཡོད་པ་འདྲ། སྒྱུ་རྩལ་དེ་སྒྱུ་རྩལ་དུ་གྲུབ་ཟིན་པས་ན་དེའི་མིང་ཙམ་བསྒྱུར་བ་ཡིས་སྒྱུ་རྩལ་ལ་འགྱུར་བ་ཅི་ཡང་འབྱུང་མི་སྲིད། དཔེར་ན། མིང་དུ་བློ་བཟང་ཞེས་འབོད་པའི་མི་ཞིག་གི་མིང་བརྗེས་ཏེ་བཀྲ་ཤིས་ཞེས་བཏགས་ཀྱང་།བཀྲ་ཤིས་ཞེས་པའི་མིང་དེས་གདགས་གཞིའི་དོན་སྟོན་ཡུལ་ནི་སྔར་གྱི་མི་དེ་ཡིན་པས་དེ་ལ་འགྱུར་བ་ཅི་ཡང་མི་འབྱུང་བ་ལྟ་བུ་རེད། ད་དུང་མི་འགའ་རེས་རྡུང་ལེན་ཞེས་རང་སོར་འཇོག་པ་ལས་དེ་དཀྲོལ་ལེན་དུ་སྒྱུར་དགོས་དོན་མི་འདུག་ཅེས་ཀྱང་ཟེར། དེ་ན་མི་རྣམས་ཀྱིས་རང་བྱུང་ཁམས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཆོས་ཉིད་ཤེས་པའི་བརྒྱུད་རིམ་ལས་བྱུང་བའི་ཤེས་ཡོན་དེའང་མ་དགོས་པ་རེད་དམ། མེས་པོ་ཚོས་ལག་ལེན་ལས་ཕྱོགས་བསྡུ་བྱས་ཤིང་ལག་ལེན་གྱི་ཁྲོད་ནས་བདེན་དཔང་བྱས་པའི་གཞུང་ལུགས་དེའང་ངལ་བ་འབྲས་མེད་བྱ་རྒྱུ་ཡིན་ནམ། རང་རེའི་བོད་ཀྱི་ཡི་གེར་ཡང་བཀས་བཅད་ཐེངས་གསུམ་ལ་མཛད་པ་མ་རེད་དམ། རིག་གནས་གང་དེ་རིམ་བཞིན་དུ་གཞུང་ལུགས་ཅན་དུ་འགྱུར་བ་དང་། བོད་མདོ་དབུས་ཁམས་གསུམ་ཀྱི་ཐ་སྙད་སྒྲིག་འཛུགས་གཅིག་གྱུར་གྱི་ལམ་ལ་ཆས་པར་འབད་འབུང་མ་བྱས་ན། ཉིན་ཞིག་སྐད་ཡིག་མི་འདྲ་བ་གསུམ་དུ་འགྱུར་བར་ཉེན་ཁ་ཆེ་སྙམ་མོ།།
མཇུག་སྡོམ།
མདོར་ན་རྡུང་ལེན་ཞེས་པའི་གདགས་གཞིའི་དོན་སྟོན་ཡུལ་ནི་རོལ་ཆ་སྒྲ་སྙན་གྱི་དབྱངས་རྟ་དང་འགྲོགས་ནས་གཞས་འཐེན་པའི་རྣམ་པ་གཞིར་བཟུང་ནས་བཏགས་པའི་བོད་ཀྱི་གླུ་གཞས་རིག་གནས་སྒྱུ་རྩལ་གྱི་བྱེ་བྲག་ཅིག་ཡིན་ལ། རོལ་ཆ་སྒྲ་སྙན་དེ་བོད་ཀྱི་རོལ་ཆ་འབུད་རྡུང་དཀྲོལ་གསུམ་དུ་དབྱེ་སྟངས་ལས་དཀྲོལ་བྱའི་རོལ་ཆའི་ཁོངས་སུ་གཏོགས་པས་ན། ང་ཚོས་ཨུ་ཚུགས་ཀྱིས་ཞྭ་དཔེ་ལྷམ་འགེབས་མི་བྱ་བར་མི་རིགས་གཅིག་གི་རིག་གནས་དེ་རི་རབ་བཞིན་དཔུང་བརྟན་པ་དང་གཙང་བོ་བཞིན་རྒྱུན་རིང་ཆེད། དེ་སྔོན་མ་དག་རྒྱུན་འབྱམས་སུ་སོང་བའི་རྡུང་ལེན་ཞེས་པའི་མིང་དེར་དཀྲོལ་ལེན་ཞེས་ངེས་ཚིག་གིས་ཟིན་མའི་མིང་འདི་བོས་ན་ལེགས་ཞེས་པ་དེ་ཡིན།
དཔྱད་གཞིའི་ཡིག་ཚགས།
༡《རོལ་མོའི་བསྟན་བཅོས།》 རྩོམ་པ་བོ། ས་པཎ་ཀུན་དགའ་རྒྱལ་མཚན། ༡༩༨༨ལོར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་།
༢《མིག་ཡིད་རྣ་བའི་དགའ་སྟོན།》 སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས། ཕྱག་བྲིས་མ།
༣《སྟོད་གཞས་དང་ནང་མའི་གཞས་ཀྱི་བྱུང་ཚུལ་མདོ་ཙམ་བརྗོད་པ།》རྩོམ་པ་བོ། ཞོལ་ཁང་བསོད་ནམས་དར་རྒྱས། ༢༠༡༡ལོར་ཀྲུང་
གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༤《བོད་ཀྱི་རོལ་དབྱངས་ལོ་རྒྱུད་བསྡུས་གསལ་དཔྱིད་ཀྱི་ཕོ་ཉ།》རྩོམ་པ་བོ། དགེ་འདུན་འཕེལ་རྒྱས། ༢༠༡༣ལོར་བོད་ལྗོངས་མི་
དམངས་དཔེ་སྐྲུན་ཁང་།
༥《བོད་ཀྱི་རོལ་ཆའི་ལོ་རྒྱུས་བསྡུས་གསལ་མུ་ཏིག་ཕྲེང་མཛེས།》རྩོམ་པ་བོ། དགྲ་ལྷ་ཟླ་བ་བཟང་བོ། ༢༠༡༡ལོར་ཀྲུང་གོའི་བོད་རིག་པ་
དཔེ་སྐྲུན་ཁང་།
༦《བོད་ཀྱི་སྲོལ་རྒྱུན་རོལ་ཆ་སྒྲ་སྙན་ལ་དཔྱད་པ།》རྩོམ་པ་བོ། ནག་འདུའི་ཇོ་དཀར། ༢༠༠༦ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༧《ཟློས་གར་གྱི་སྐོར།》རྩོམ་པ་བོ། ཤར་ཡུལ་ཕུན་ཚོགས་ཚེ་རིང་། ༢༠༡༡ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༨《རོལ་མོའི་འཇུག་སྒོ་སྒྲ་དབྱངས་བློ་འདུན་ཀུན་གྲོལ།》རྩོམ་པ་བོ། གསང་བདག ༢༠༠༡ལོར་མི་རིགས་དཔེ་སྐྲུན་ཁང་།
༩《སྒྲ་སྙན་བློ་གསལ་འཇུག་སྒོ།》རྩོམ་པ་བོ། བཀྲ་ཤིས་རྡོ་རྗེ། བློ་བཟང་ཉི་མ། ༢༠༡༣ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༡༠《དུས་གསུམ་ནུབ་པ་མེད་པའི་མཚན་ཡོངས་སུ་གྲགས་པ། 》 བོན་གྱི་དཔེ་རྙིང་ཞིག
༡༡《མདོ་གཟེར་མིག 》 བོན་གྱི་དཔེ་རྙིང་ཞིག
༡༢《མི་ནུབ་མཚན་མདོ།》 བོན་གྱི་དཔེ་རྙིང་ཞིག
༡༣《དུང་དཀར་ཚིག་མཛོད་ཆེན་མོ།》དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ༢༠༠༢ལོར་ཀྲུང་གོའི་བོད་རིག་པ་
དཔེ་སྐྲུན་ཁང་།
༡༤《བོད་རྒྱ་ཚིག་མཛོད་ཆེན་མོ།》ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས། ༡༩༨༤ལོར་མི་རིགས་དཔེ་སྐྲུན་ཁང་།
༡༥《དག་ཡིག་གསར་བསྒྲིགས།》པདྨ་རྡོ་རྗེས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས། ༡༩༧༩ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
༡༦《བོད་ཀྱི་རོལ་མོའི་ལོ་རྒྱུས་ལ་ཐོག་མར་དཔྱད་པ།》 ཧོར་གཙང་འཇིགས་མེད་ཀྱིས་བརྩམས། ༢༠༠༦ལོར་ལྡི་ལི་བོད་ཀྱི་ཁང་བ་ནས་
པར་སྐྲུན་བྱས།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།