༈རྨེ་བའི་མཁན་ཆེན་འཇིགས་མེད་བློ་གྲོས་ཀྱི་མཛད་སྤྱོད་ལ་བསྔགས་པ་ཀཱ་ལིའི་ང་རོ།



                       ཀ་སྡེ།


ཀ་དག་མ་བཅོས་གཉུག་མའི་དོན་ལ་ངང་གིས་སྐྱོང་།།

ཁ་ཆོས་མ་མིན་སྒོམ་མེད་སྒོམ་ཆེན་དམ་པ་སྟེ།།

ག་ནས་བལྟས་ཀྱང་མཐོང་ན་མི་མཐུན་མེད་པ་ཉིད།།

ང་ཁྱོད་གཟུང་འཛིན་ཞི་བའི་དོན་དམ་བླ་མར་འདུད།།

                    ཅ་སྟེ།

ཅ་ཅོ་མི་མངའ་མ་འདྲེས་བཅོ་བརྒྱད་དཔལ་ལ་རོལ།།

ཆ་ཤས་ཀུན་བྲལ་ཡོན་ཏན་ཆུ་གཏེར་རབ་རྒྱས་ཤིང་།།

ཇ་ཡུན་ཙམ་ལ་བག་མེད་འདུ་འཛིའི་གར་མ་འཁྲབ།།

ཉ་རྒྱས་ཟླ་བཞིན་ཞི་བསིལ་ཀུན་གསལ་ཁྱོན་ན་མཛེས།།

                     ད་སྟེ།

ད་ལྟའི་དགེ་སྦྱོང་ཆོས་བརྒྱད་ཆང་གིས་རབ་བཟི་སྟེ།།

ཐ་མལ་སྣང་བས་མི་ཆོས་སྤྲིན་ནག་བསྲུབས་པ་ལས།།

ཏ་ཐཱའི་བསྟན་པ་རག་ཏུ་བསྒྱུར་བས་དུད་རླངས་ཀྱིས།།

ན་བུན་འཁྲིགས་ཀྱང་ཁྱེད་ནི་ལྷ་ཆོས་དྭངས་མའི་ཁམས།།


WechatIMG7 1.jpeg

                    


 པ་སྡེ།

པ་ཊུའི་མཁས་པའི་སྙན་གྲགས་བྲག་ཆ་ཡལ་དོར་ཏེ།།

ཕ་གཅིག་བླ་མའི་གསུང་གི་གསང་བ་མ་ལུས་ཀུན།།

བ་དན་དཀར་པོས་གཞལ་མེད་ཡོངས་སུ་སྤུད་པ་བཞིན།།

མ་ལུས་བསྒྲེང་པས་ད་ལྟའི་རྒྱལ་ཚབ་ཁྱེད་མིན་སུ།།

                       

                      ཙ་སྟེ།

ཙ་འཕྲུའི་གཟུགས་འདྲ་གཅུས་མིན་དཀྱེལ་ཡངས་དབུ་མ་པ།།

ཚ་གྲང་དབལ་གྱིས་གཞོམ་གཞིག་ཡེ་བྲལ་གོ་ཆ་བརྟན།།

ཛ་ལང་སྤྱོད་པས་འཇིགས་བྲལ་ཧ་རཱིའི་ང་རོ་སྒྲོག།

ཝ་སྐྱེས་སྡར་མས་གཟི་བརྗིད་མི་བཟོད་ཕྱོགས་ལས་རྒྱལ།།

                      ཞ་སྡེ།

ཞྭ་གོས་ངུར་སྨྲིག་ཀླུབ་པའི་ཚུལ་ཁྲིམས་དྲི་བསུང་འཐུལ།།

ཟ་འཐུང་ཙམ་ཡང་ག་ཎའི་འཁོར་ལོར་སྤྱོད་མཁས་ཤིང་།།

འ་འུར་ཟང་ཟིང་མཆི་མའི་ཐལ་བ་བཞིན་བོར་བའི།།

ཡ་མཚན་དམ་པ་གང་དེའི་མཛད་རྗེས་ཨེ་མ་རྨད།།


                        ར་སྡེ།

ར་བ་གངས་དཀར་ལྷུན་པོའི་ལྗོངས་ཀྱི་ཡུལ་འདི་ནས་།

ལ་གཏམ་ལུང་གཏམ་ཁོ་ནར་བརྟེན་ནས་མ་བཞུགས་པར།།

ཤ་སྐམ་རུས་ཟད་སྙིང་པོའི་དོན་ལ་རྩེ་གཅིག་ཏུ།།

ས་བཅུ་ལམ་ལྔར་སྐད་ཅིག་བགྲོད་འདིར་སུ་མི་གུས།།


                    སྡེ་ཕྱེད།


ཧ་ལས་འགྲོ་སའི་མདོ་དང་སྔགས་ཀྱི་ཉམས་ལེན་དག།

ཧ་ཅང་བླུན་པོས་རྟོགས་ལ་མི་བཟོད་བསྐལ་བས་ན། 

ཨ་དོན་སྐྱེ་མེད་དོན་དུ་གཉེར་མཁས་ཀློང་ཆེན་པ།།

ཨ་ལ་ལ་ཧོ་དད་གསུམ་ཀཱ་ལིའི་ང་རོས་བསྟོད།།


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།