སངས་རྒྱས་གཉིས་པ་ཨོ་རྒྱན་ཆེན་པོས་བསླུ་མེད་རྡོ་རྗེའི་བཀའ་ལུང་ལས།།
མ་འོངས་པ་ན་སྤྲེལ་གྱི་ལོ་བ་བློ་གསལ་ཤེས་རབ་ཅན་ཞིག་འཁྲུངས།།
ང་སྤྲུལ་རིན་ཆེན་གླིང་དང་འཕྲད་དེ་བུམ་ཐང་སྨད་ནས་གཏེར་སྒོ་འབྱེད།།
དེ་དུས་དྲི༵་མེད༵་འོད༵་ཟེར༵་ཞེས་གྲགས་ང་ཡིས་རྗེས་སུ་འཛིན་ཞེས་གསུངས།།
རབ་བྱུང་ལྔ་པའི་ས་ག་སྤྲེལ་ལོའི་གཅིག་སྟོང་གསུམ་བརྒྱ་ཐིག་བརྒྱད་ལོར།།
ཧོར་ཟླའི་ཚེས་པ་བཅུ་ཡི་ཉིན་མོར་དང་པོ་སྐུ་ཉིད་འཁྲུངས་མ་ཐག །
དབྱིངས་ཀྱི་རྒྱལ་མོ་ནམ་གྲུ་རེ་ཏིས་ཕྱག་ཏུ་བླངས་ཤིང་བསྲུང་ངོ་ཞེས།།
ཡུལ་དུས་སྐྱེ་བོ་ཀུན་གྱིས་མཐོང་བས་རྡོ༵་རྗེ༵་གཟི༵་བརྗིད༵་རྩལ་ཅེས་གྲགས།།
སྐུ་ན་ཆུང་དུས་ལོ་ལྔའི་སྟེང་ནས་འབྲི་ཀློག་བསླབ་ཙམ་མོད་ལ་མཁྱེན།།
བཅུ་གཉིས་སྟེང་ནས་རབ་ཏུ་བྱུང་བས་མཚན་ཡང་ཚུལ་ཁྲིམས་བློ་གྲོས་ཞེས།
འཇམ་དཔལ་དབྱངས་དང་དབྱངས་ཅན་མ་སོགས་ཡི་དམ་ལྷས་ཀྱང་ཞལ་གཟིགས་པས།།
ལུང་དང་རིགས་པའི་རྒྱལ་པོར་གྱུར་ཏེ་བས༵མ་ཡ༵ས་ལུང༵་མ༵ང་བ༵་ཞེས་གྲགས།།
བར་དུ་དགུང་ལོ་ཉེར་དགུར་སླེབ་དུས་ཚེ་རབས་ལས་ཀྱི་བླ་མ་མཆོག །
རིག་འཛིན་ཆེན་པོ་ཀུ་མ་རཱ་ཛཱས་ཐུགས་བརྩེ་ཆེན་པོས་རྗེས་བཟུང་ཤིང་།།
བཱི་མའི་ལུང་བཞིན་དབུ་རུ་ཞྭ་ཡི་ལྷ་ཁང་དེ་ལ་ཞིག་གསོ་བཛད།།
མོན་བུམ་ཐང་དུ་ཆོས་སྡེ་བཙུགས་པས་མཚན་ཡང་ཐར༵་བ༵་གླིང༵་དུ་བཏགས།།
ཐུན་མོང་སྤྱི་དང་ནང་གི་བསྟན་བཅོས་ཉིས་བརྒྱ་ཉི་ཤུ་རྩ་གསུམ་དང་།།
གསང་བའི་གནས་དེ་ཁོ་ན་སྟོན་པའི་བསྟན་བཅོས་ཆེན་མོ་སུམ་ཅུ་སྟེ།།
དགོངས་གཏེར་ཟབ་མོ་མཛོད་བདུན་དང་བཅས་སེམས་ཉིད་ངལ་གསོ་སྐོར་གསུམ་སོགས།།
མདོར་ན་སྙིང་ཐིག་ཡ་བཞིའི་གཙོར་བྱས་བསྟན་བཅོས་ཉིས་བརྒྱ་ལྷག་ཅིག་མཛད།།
ཐ་མ་ཀུན་མཁྱེན་ཀློང༵་ཆེན༵་རབ༵་འབྱམ༵ས་དགོང་ལོ་ལྔ་དྲུག་སོན་སྐབས་དེར།།
རབ་བྱུང་དྲུག་པའི་ས་ཡོས་སྤྱི་ལོ་གཅིག་སྟོང་གསུམ་བརྒྱ་རེ་གསུམ་ལོར།།
རྒྱལ་ཟླའི་ཚེས་པ་བཅོ་བརྒྱད་ནུབ་མོར་མཆིམས་ཕུ་ནགས་ཀྱི་དབེན་ཁྲོད་ནས།།
གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་ཏེ་གདོད་མའི་ཀློང་དུ་སངས་རྒྱས་སོ།།
དེ་ལྟར་མདོ་ཙམ་བྲིས་པ་འདི་ནི་དེ་རིང་དུས་དྲན་ཉིན་མོ་ལ།།
གསང་ཆེན་རྙིང་མའི་གྲས་ཀྱི་ཐ་མ་བཙུན་པའི་གཟུགས་ཙམ་འཛིན་པ་ངས།།
ངེས་འབྱུང་ཐན་ཐུན་ཞིག་གི་རྐྱེན་གྱིས་བདག་འདྲ་འགའ་ལ་ཕན་སྙམ་དུ།།
ཇ་སྐབས་ཞིག་གི་ཇ་ཡུན་ཙམ་ལ་འབད་པ་བགྱིས་ཏེ་འབྲི་ཁུལ་བྱས།།
བོད་ཟླ་༡༢་པའི་ཚེས་༡༨ཉིན། དགེའོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།