༄༅།།སྐད་ཆ་དང་ཡི་གེ་ནི་རིག་པ་ཀུན་ལ་འཇུག་པའི་སྒོ་མོ་ཡིན།

WechatIMG2036.jpeg

དབང་པོའི་སྐྱེ་མཆེད་ཚང་བའི་མི་སུ་དང་གང་གིས་ཀྱང་རང་ཉིད་གནས་བཞིན་པའི་་ཚོགས་སུ་མི་གཞན་དག་དང་འབྲེལ་འདྲིས་བྱེད་ན་སྐད་ཆ་ཞིག་ངེས་པར་བཤད་དགོས་ཤིང་། དེ་ཡང་རང་ལ་དབང་ཞིང་འདྲིས་པ་ཟབ་པའི་སྐད་ཆ་དེ་ཉིད་བརྗོད་པར་བྱེད་པ་སྔོན་ནས་གོམས་པར་གྱུར་པའི་བསམ་བློ་གཏོང་སྟངས་དང་། སྐད་ཆ་དེ་བཤད་པའི་མཐའ་འཁོར་གྱི་མི་རྣམས་ལ་ཐུན་མོང་དུ་གྲགས་པའི་བརྡ་ཡི་སྤྲོད་ལུགས་དང་མཐུན་པར་མ་ཟད།  མི་རིགས་ཤིག་ལ་ཡོད་པའི་རིག་གནས་ཀྱི་སྣང་ཚུལ་ཐམས་ཅད་སྐད་ཆ་དེའི་སྦྱོར་བ་ལ་ཉར་ཅིང་། གོམས་ཆེ་བའི་སྐད་ཆ་བཤད་ན་སྤྱོད་བདེ་བའི་ལག་ཆ་སྤྱད་པ་བཞིན། སྐད་ཆ་དེ་ལ་བརྟེན་པའི་རིག་གནས་ཐམས་ཅད་བསླབ་པ་སྐྱེན་ཞིང་འཛིན་པ་བདེ་བའི་དགེ་མཚན་མང་པོ་རང་བཞིན་གྱིས་གྲུབ་གདའ་བའི་ཕྱིར་གྱིས། སྐད་ཆ་དང་ཡི་གེ་ནི་རིག་གནས་ཀྱི་བྱེ་བྲག་སོ་སོ་ལ་འཇུག་པའི་སྒོ་མོ་ཉག་གཅིག་ཏུ་གྱུར་འདུག་གོ།

དང་པོ། སྐད་ཆ་ནི་བཀོལ་བདེ་འཁྱེར་བདེའི་ལག་ཆ་ཁྱད་པར་བ་ཞིག་ཡིན།

      མི་རྣམས་ཀྱིས་རང་གི་ཁ་རྒྱབ་ཀྱི་འཚོ་བ་སྒྲུབ་པ་དང་། ཕྱི་རོལ་གྱི་གནོད་པ་འགོག་པ། ལུས་ཀྱི་སྟངས་སྟབས་བསྒྱུར་བ། ནང་གི་འགྱུར་བ་བརྗོད་པ།  མཁོ་བའི་ཡོ་བྱད་བཟོ་བ་བཅས་ལ་སྤྱོད་པའི་རང་གི་ལུས་སྟེང་གི་ནུས་པ་ཐམས་ཅད་ཀྱི་ནང་ནས་སྤྱོད་པ་ཆེས་བདེ་བ་ནི་ལག་པ་དང་སྐད་ཆ་གཉིས་ལས་མི་འདའ་ཞིང་། དེ་དག་ལས་ལག་པ་ནི་རང་ལུས་འགེབས་སྲུང་དང་། ནོར་སྒྲུབ་ཟས་འཚོལ། བརྡ་བྱེད་གར་སྒྱུར་སོགས་ལ་སྤྱོད་པའི་ལྷན་སྐྱེས་ཀྱི་ལག་ཆ་ཁྱད་པར་བ་དང་། རྩོལ་སྒྲུབ་ཀྱི་ལག་ཆ་གཞན་པ་བཟོ་བྱེད་ཀྱི་ཡོ་བྱད་ཁྱད་པར་བ་ཞིག་ཀྱང་ཡིན་པས། ལག་པས་བསྒྲུབས་པའི་ཡོ་བྱད་དག་ལ་ལག་པའི་ཆ་ཡ་སྟེ་ལག་ཆ་ཞེས་པར་བཏགས་ཤིང་། ལག་པས་ཀྱང་བརྗོད་དོན་སྟབས་བདེ་བ་ཞིག་སྟོན་པར་བྱེད་མོད།  ལག་པའི་བརྡ་ནི་འགྲོ་བ་མིའི་ཡབ་མེས་སུ་གྱུར་པའི་སྤྲ་དང་སྤྲེའུའི་ཕྱོགས་ནས་བརྒྱུད་ཅིང་འཕེལ་པར་སྨོས་ཀྱང་འགལ་བ་མེད་པར་མ་ཟད། “འགྲོ་བ་མིའི་སྤྱི་ཚོགས་ཀྱི་ནང་དུ།  ལག་པའི་བརྡ་ལ་བརྟེན་ནས་ཕ་རོལ་པའི་ཡིད་ཀྱི་ཤེས་པ་དག་དངོས་པོ་ག་གེ་མོ་ཞིག་གི་ངོས་ལ་འདྲེན་པར་བྱེད་པའི་བརྡ་ཐབས་ཤིག་བྱུང་ཡང་། “དེ་ལ་གོ་བརྡ་གཞན་པའི་སྒོ་ནས་སྤྱི་ཚོགས་ཀྱི་དམིགས་ཡུལ་ག་འདྲ་ཡོད་པ་ངོ་སྤྲོད་བྱེད་པ་བརྒྱུད་དེ། ཕ་རོལ་པོ་ལ་བརྡ་ཐབས་དེ་འདྲ་བ་ནི་ཅིའི་ཕྱིར་བྱུང་བ་དང་། གོ་བརྡ་རྒྱག་མཁན་གྱིས་བརྡ་གཏང་ཡུལ་ལ་དངོས་གནས་ཅི་ཞིག་བྱེད་དུ་འཇུག་པ་གསལ་བཤད་བྱ་དགོས་ཕྱིར།  ལག་པའི་བརྡ་ལ་གཏན་ཆགས་སུ་གྱུར་པའི་མཚོན་དོན་སྟབས་བདེ་བ་ཞིག་ལས་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་བསམ་བློའི་འདུ་ཤེས་དང་། ལྷག་པར་བསྟན་བྱ་རྒྱ་ཆེ་ཞིང་གཏིང་ཟབ་པའི་དངོས་པོའི་གནས་ལུགས་སྤྱི་མཚན་པ་གསལ་བར་མཚོན་པའི་ནུས་པ་མེད་ཕྱིར།  སྐད་ཆ་མི་བཤད་པར་ལག་བརྡ་ཁོ་ན་ལ་བརྟེན་པའི་མིའི་ཚོགས་པ་གང་ཡང་རུང་བ་ལོ་རྒྱུས་ཀྱི་དུས་སྐབས་གང་དུའང་མ་བྱུང་ཞིང་། སྐད་ཆ་བརྗོད་པའི་ནུས་པ་ཡོད་བཞིན་དུ་ལག་བརྡ་སོགས་ཀྱི་སྒོ་ནས་རིག་པ་སྦྱོང་བ་ད་ལྟར་ཡང་འབྱུང་གིན་མི་སྣང་བ་ནི། མི་རྣམས་ལ་མངའ་བའི་ནུས་པ་ཐམས་ཅད་ཀྱི་གྲས་ནས་རང་གི་ཡིད་ཀྱི་འགྱུར་བ་གཞན་ལ་བརྗོད་པ་དང་། གཞན་གྱི་མྱོང་བ་ཚུར་འདྲེན་པ་ལ་སྐད་ཆ་ལས་ལྷག་པའི་ཐབས་ཤིག་གཏན་ནས་མ་མཆིས་ཤིང་། བརྗོད་དོན་གྱི་གནས་ལུགས་དང་མཐུན་ཞིང་། གཏན་ཚིགས་ཀྱི་རང་བཞིན་མཐོ་བའི་དོན་ནི་སྐད་ཆ་ཁོ་ན་ལ་བརྟེན་པའི་ཁར། མྱང་བྱ་དོན་གྱི་སྦྱོར་བ་ཟབ་ཅིང་བསམ་བློའི་གཏོང་ལུགས་དང་མཐུན་པའི་སྒྱུ་རྩལ་གྱི་ཐབས་ཀྱང་སྐད་ཆ་ལ་བརྟེན་དགོས་ཕྱིར། གནའ་མི་བོད་པའི་གཏམ་དཔེ་ལའང་།  ཁ་གདངས་ན་ཁོག་པ་རིག   ཅེས་པ་དང་།  ཁོག་ཏུ་མེ་འབར་ན། ཁ་རུ་དུ་བ་མི་འབྱུང་། ཞེས་པ་སོགས་ནང་སེམས་ཀྱི་འགྱུར་བ་དང་སྐད་ཆའི་བརྗོད་ཐབས་བར་གྱི་རྟེན་འབྲེལ་གྱི་གནས་ལུགས་གསལ་བའི་བདེན་ཚིག་མང་དུ་འབྱུང་ཞིང་། “མཐོང་རུང་བའི་བརྡ་ཐབས་ཀྱིས་ངེད་ཅག་གིས་ཇི་བཞིན་ལད་ཟློས་བྱེད་པར་ཕན་སྐྱེད་ཅིང་། སྐད་གདངས་ཀྱིས་དེ་བས་ཀྱང་ངེད་ཅག་གི་སེམས་འདུན་ཚད་མཐོན་པོར་འདོན་ཞིང་སྤེལ་བར་མ་ཟད།” ཡིད་ཀྱི་འགྱུར་བ་དྲག་པོ་ཕྱི་རུ་འདོན་པ་ལ་ལུས་ཀྱི་ཉམས་དང་སྐད་ཆ་གཉིས་ཀར་བརྟེན་དགོས་ཤིང་། སྐད་ཆ་ནི་མ་གཞི་ནས་བསམ་བློ་ཡིན་པ་དང་།"  སྐད་ཆའི་ནང་དུ་རྟག་ཏུ་ཡིད་འགྱུར་གྱི་རྗེས་ཤུལ་ཉར་འདུག་པས།” ནམ་ཞིག་སྐད་ཆའི་བརྡ་ཐབས་ལ་བྱང་བར་གྱུར་ཚེ།  སྐབས་སྐབས་སུ་བརྗོད་འདོད་ཀྱི་དགོས་མཁོ་ལྟར་འཕྲལ་འཕྲལ་དུ་སྐད་ཆའི་སྦྱོར་བ་སྣ་ཚོགས་སྤེལ་ཏེ།  རང་གི་བསམ་བློའི་འདུན་པ་ཇི་བཞིན་གཞན་ལ་སྒྲོག་པར་བྱེད་ཅིང་།  གཞན་གྱིས་ཡུན་རིང་ལ་བསགས་པའི་མྱོང་བ་ཟབ་མོ་ཡུད་ཙམ་ལ་རྟོགས་པར་བྱས་ཏེ།  རྣ་བས་མཉན་བྱའི་སྐད་ཆ་ནི་ཤེས་བྱ་སྣ་ཚོགས་རྟོགས་བྱེད་ཀྱི་སྒོ་མོ་གཞན་འགྲན་མེད་པ་ཞིག་ཏུ་གྲུབ་གདའ་བས།  སྐད་ཆ་ལས་ལྷག་པའི་འཁྱེར་བདེ་སྤྱོད་བདེའི་ཡོ་བྱད་ཅིག་ཡོད་པ་མི་སྲིད་དོ། །

གཉིས་པ། ཡི་གེ་ནི་སྐད་ཆ་ཉར་འཇོག་བྱེད་སྤྱད་ཀྱི་བརྡ་ཐབས་གལ་ཆེན་ཞིག་ཡིན།

      མིའི་ངག་ནས་ཕྱུང་བའི་སྐད་ཆ་ནི་སྲོག་ཆགས་གཞན་གྱི་ཁ་ནས་འབྱིན་པའི་སྐད་སྒྲ་དང་མི་འདྲ་བར། ཆ་ཤས་དུ་མར་གསིལ་ཞིང་།  ཡང་ཡང་བསྐྱར་ཆོག་པ།  མཚོན་བྱ་དོན་དང་འབྲེལ་བ་གཏན་ཆགས་གྲུབ་པ་བཅས་ཀྱི་དབང་གིས། ཐོག་མར་བརྗེད་ཐོའི་རྟགས་སུ་བཀོད་པའི་རི་མོ་དག་རིམ་གྱིས་སྐད་ཆ་དང་འབྲེལ་བ་གྲུབ་སྟེ། འབྲི་སྟངས་གཏན་ཆགས་ཤིང་། ཁམ་རིས་ངེས་པ་ལྡན་པ། སྐད་ཆའི་ཆ་ཤས་ཀྱི་མཚོན་བྱེད་དུ་གྲུབ་པ་ནས།  བྲིས་རིས་བརྡ་རྟགས་དག་ལ་ཡི་གེའི་མིང་གིས་བཏགས་ཤིང་། སྐད་ཆ་ཟིན་འགོད་བྱེད་སྤྱད་ཀྱི་ཡི་གེའི་བརྡ་ཐབས་འཇིག་རྟེན་དུ་བྱུང་ན་ཡང་། སའི་གོ་ལའི་ཁྱོན་འདིར་སྐད་ཆ་མི་བཤད་པའི་མི་རིགས་ཤིག་མེད་ཀྱང་།  ཡི་གེ་མེད་པའི་མི་རིགས་ཤིན་ཏུ་མང་བས། བརྗོད་མ་ཐག་ཏུ་རླུང་གི་རྒྱུ་བ་དང་ལྷན་དུ་ཡལ་འགྲོ་བའི་སྐད་ཆའ་སྦྱར་བ་དག་ཡུལ་དུས་ཀྱས་བསྐལ་པའི་ཆ་ལ་ཡུན་རིང་དུ་ཉར་འཇོག་བྱས་ཏེ། འབྱུང་འགྱུར་ཀྱེ་དུས་ལ་ཡང་བསྐྱར་བལྟ་ཞིང་དཔྱད་དུ་ཡོད་པ་ལ་ཡི་གེ་ཞིག་མི་སྤྱོད་ཐབས་མེད་ཀྱང་། ཡི་གེ་ཡོད་པའི་སྐད་ཆ་ཞིག་ཡིན་ན།  སྐད་ཆའི་སྦྱོར་བ་ཡི་གེར་བཀོད་དེ་སྤྱི་ཚོགས་ཀྱི་འཕེལ་འགྱུར་མཚོན་པ་དང་། མིང་བརྡ་གསར་པ་བསྐྲུན་ཏེ་སྐད་ཆར་ཟུངས་སྐྱེད་ཅིང་ཚེ་སྲིང་བ། སྐད་ཆའི་སྦྱོར་བ་ཚགས་ཇེ་དམ་དུ་བཏང་སྟེ་རིག་གནས་ཀྱི་ཁྱད་ཆོས་བསྐལ་པའི་ཡུན་ལ་ཉར་པར་བྱེད་པས། ལོ་རྒྱུས་སྟེང་དུ་བྱུང་བའི་སྲིད་འཛིན་གྱི་ལམ་ལུགས་ཆ་ཚང་པའི་རྒྱལ་ཁབ་ཆེ་ཆུང་གང་གིས་ཀྱང་ཡི་གེ་གང་རུང་ཞིག་བེད་སྤྱོད་བྱས་མྱོང་བར་མ་ཟད།  ཡི་གེ་ཡོད་པའི་མི་རིགས་ཤིག་ཡིན་ན་རྒྱལ་ཁམས་འཇིག་ཀྱང་། སྐད་ཆར་ཉར་པའི་རིག་གནས་རྣམས་ཡི་གེ་ལ་བརྟེན་ནས་རྟོགས་ཐུབ་པ། གྲུ་གུ་དང་། མི་ཉག   མན་ཇུ་སོགས་ཀྱི་ལོ་རྒྱུས་ལས་རྟོགས་ཤིང་། “ཡི་གེ་ལ་ནུས་པ་གཉིས་ཏེ། བསམ་བློ་ཟིན་འགོད་བྱེང་པ་དང་། བསམ་བློ་བརྒྱད་སྐོག་བྱེད་པ་དེ་ཡིན་ཕྱིར།”ཡི་གེ་བྱུང་བ་ནས་མི་རིགས་སམ་རྒྱལ་ཁབ་དག་གི་རིག་གནས་འཕེལ་རྒྱས་ཀྱི་ཐེམ་ཁ་རིམ་པ་གསར་པ་ཞིག་ལ་སྙེགས་པའི་ཁར།  ཡི་གེའི་སྦྱོར་བས་མི་རིགས་དེའི་རིག་གནས་ཡུན་རིང་ལ་སྲུང་བའི་དབང་གིས། དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྤེལ་གྱི་ངར་སྐུལ་ཆེར་ལྡིང་བའི་དེང་གི་དུས་སུ། མདོ་ལ་རིང་མོའི་ཕར་རྒྱབ་ཀྱི་ཡུ་གུར་པས་ཡི་གེའི་རིན་ཐང་གློ་བུར་དུ་རྟོགས་ཏེ། རང་གི་སྐད་ཆ་མཚོན་བྱེད་ཀྱི་ཡི་གེ་བཟོ་བའི་ལས་ལ་བརྩོན་པ་དང་། དེ་སྔར་ཡི་གེ་འཛམ་གླིང་སྤྱི་ལུགས་ཅན་དུ་བསྒྱུར་པ་ལ་འབད་པའི་ལྗར་པན་དང་།  རྒྱ་རིགས་ཀྱིས་ཀྱང་ཡིག་སྲོལ་རྙིང་པ་སྐྱོང་བའི་གཡར་དམ་བརྟན་པོ་བཅས་ཏེ་རྙིང་བསྐྱུར་གསར་བསྒྱུར་གྱི་གོམ་མཚམས་བཞག་པ་དང་།  འཇང་གི་སྟོན་པ་དག་གིས་ཆོས་ཕྱོགས་ཁོ་ནར་སྤྱོད་པའི་འདྲ་གཟུགས་ཡི་གེའང་ཆེས་ཆེར་བྲིན་པ་ནི། “མི་རིགས་ཤིག་གི་སྐད་ཆ་ནི་མི་རིགས་དེ་ཡི་བསམ་བློ་དང་། མི་རིགས་ཤིག་གི་བསམ་བློ་ནི་མི་རིགས་དེ་ཡི་སྐད་ཆ་ཡིན་ཞིང་།” སྐད་ཆ་ནི་མི་རིགས་ཀྱི་ཁྱད་རྟགས་ཤིག་ཡིན་པར་མ་ཟད། མི་རིགས་དེ་འཕེལ་རྒྱས་འགྲོ་བ་ལ་ངེས་པར་བརྟེན་དགོས་པའི་ཡོ་བྱད་ཅིག་ཀྱང་ཡིན་པ་དང་།”སྐད་ཆ་མི་འདྲ་བ་ཡིས་རིག་གནས་མི་འདྲ་བ་མཚོན་པར་བྱེད་མོད། སྐད་ཆ་མེད་པའི་མི་རིགས་ཀྱི་རིག་གནས་ནི་སོག་མའི་ཕང་ཕུང་ཇི་བཞིན་སྙིང་པོས་སྟོང་བ་དང་། སྐད་ཆ་ཡོད་ཀྱང་ཡི་གེ་མེད་པའི་རིག་གནས་ནི་བྱེ་མའི་ཆངས་བུ་ཇི་བཞིན་ཕོག་ཐུག་ཅི་ཡང་མི་ཐེག་པའི་ཕྱིར་ན། སྐད་ཆའི་སྦྱོར་བ་དང་མཐུན་པའི་ཡི་གེ་རང་མཚན་པ་ཞིག་མེད་ཚེ། རྒྱལ་སྤྱིའི་སྒྲ་རྟགས་ཙམ་ལ་བརྟེན་ནས་སྐད་ཆ་ཟིན་འགོད་བྱེད་པ། བོད་སྐད་ལའང་རྒྱལ་སྤྱིའི་སྒྲ་རྟགས་དང་བོད་ཡིག་ལ་ལ་ཏིང་གི་ཡི་གེ་སྤྱོད་པའི་སྐབས་ཡོད་ཀྱང་། དེ་དག་གིས་བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་སྦྱོར་བ་ཇི་བཞིན་མཚོན་ཐབས་མེད་པ་དང་། ལྷག་པར་བོད་སྐད་ཀྱི་རིག་གནས་ཁྱད་ཆོས་ཇི་བཞིན་མཚོན་པར་དཀའ་བས་མཚོན་ཏེ། སྐད་ཆ་རང་མཚན་པའི་ཁྱད་ཆོས་ནི་ཡི་གེ་རང་མཚན་པས་ཉར་ཞིང་སྤེལ་བར་བྱེད་དོ། །

གསུམ་པ།  སྐད་ཡིག་ནི་མི་རིགས་རང་ལ་དབང་བའི་ཕ་གཞིས་ཉག་གཅིག་ཡིན།

      མི་རིགས་ཞེས་པ་ནི་ཡོད་པའི་ཆོས་ཤིག་ཡིན་ཞིང་། སྐད་ཆ་ནི་ཡོད་པ་དེ་ཉིད་སྟོན་བྱེད་ཀྱི་ཡོད་པ་ཞིག་དང་། ཡི་གེ་ནི་ཡོད་པ་གང་ཞིག་ཡོད་པར་ཉར་བྱེད་ཀྱི་ཡོད་པ་ཞིག་ཡིན་པས། སྐད་ཆ་མ་ཉམས་པར་གནས་ཐུབ་པ་ཡིན་ན།  མཉན་དུ་རུང་བའི་སྐད་ཆའི་ཡོད་པ་ལ་བརྟེན་ནས་མངོན་སུམ་དུ་མི་སྣང་བའི་སྤྱི་མཚན་གྱི་ཡོད་པ་མཚོན་ཞིང་།  རང་མཚན་གྱི་སྣང་བ་དང་སྤྱི་མཚན་གྱི་ཡོད་པ་ནི་སྐད་ཆ་ལ་ཉར་པའི་རིག་གནས་ཀྱི་བསྟན་བྱ་ཡིན་ཞིང་།  དེ་ནི་ས་རྡོ་རི་བྲག་དང་། ཟས་གོས་གྱོན་པ་ལ་ལྟོས་པས་ཕྱི་ཡི་གནོད་པ་དང་། གཞན་གྱི་དྲག་ཤུགས།  དུས་ཀྱི་འགྱུར་བ་སོགས་ཀྱིས་བསླད་དཀའ་བ་སྟེ། “སྐད་ཆ་ཡོད་པའི་མི་རིགས་གང་ཡིན་ཡང་དེ་ལ་རིག་གནས་གཞན་དང་འབྲེལ་འདྲིས་ཀྱི་དབང་གཏོང་ཕྱོགས་དང་། སྐད་ཆའི་སྦྱོར་བ་གཉིས་ཡིན་སྟབས།”འཇར་མན་གྱི་མཁས་པ་ཆེན་པ་ཧོམ་པོ་ཐུའི་ཞལ་ནས།  “ནམ་རྒྱུན་ངེད་ཅག་གིས་ཕ་སྐད་ཀྱི་སྐད་གདངས་ཐོས་པའི་མོད་ལ།  འུ་བུ་ཅག་གནས་ཡོད་པའི་ཚོར་བ་སྐྱེས་པ་རེད།”ཅེས་པ་དང་།  རྒྱ་རིགས་མཁས་པ་ཆན་ཀོན་ལིན(钱冠连)གྱིས་ཀྱང་། “མི་རྣམས་ཀྱིས་སྐད་ཆ་ནི་ཕ་གཞིས་སུ་འཛིན་པ་ཡིན་ལ།”ཞེས་པ་སོགས་ཀྱིས་བསྟན་ཏེ། སྐད་ཆ་ནི་ས་གཞི་ལས་ཀྱང་གལ་ཆེ་བའི་མི་རིགས་ཀྱི་ཤིག་གི་གནས་མལ་དང་འཚོ་རྟེན་གཞན་འགྲན་མེད་པ་ཞིག་ཡིན་པས། རྒྱལ་ཁབ་ཕྱི་ནང་ཀུན་ཏུའང་སྐད་ཆ་ནི་མི་རིགས་ཤིག་གི་ཚེ་སྲོག་ལྟ་བུར་འཛིན་ཞིང་། དེ་བསྲུང་བ་ལ་རང་སྲོག་ཀྱང་གཏོང་བར་ཡ་མི་ང་བ་ནི། སྐད་ཆ་ནི་འགྲོ་བ་མིའི་མཐའ་མཇུག་གི་ཕ་གཞིས་ཡིན་པའི"གནས་ལུགས་ཟབ་མོ་དང་དམ་དུ་འབྲེལ་བའི་ཕྱིར་གྱིས།  ཡི་གེ་གསར་བཟོ་དང་འཕྲུལ་ཆས་སྣ་ཚོགས་གསར་དུ་བསྐྲུན་པའི་སྒོ་ནས་སྒྲ་ལྡན་གྱི་སྐད་ཆ་མི་ཉམས་པར་ཡུན་རིང་དུ་ཉར་ཐབས་ལ་འབད་པའང་མཐར་བདས་ན།  སྐད་ཆའི་ཕ་གཞིས་དེ་ག་བསྲུང་ཞིང་གནས་ཐབས་ལས་གཞན་དུ་མ་མཆིས་པས། སྐད་ཆ་ཞིག་བསྲུང་ཞིང་གནས་ཐུབ་པ་བྱུང་ན། སྐད་ཆ་དེ་ལ་བརྟེན་པའི་རིག་གནས་དང་། སྐད་ཆ་དེ་ཉིད་སྤྱོད་པའི་མི་རིགས་ཤིག་སྲུང་ཞིང་སྐྱོབ་པ་ཡིན་ཕྱིར། དེང་གི་དུས་འདིར་རྒྱལ་ཁབ་ཀྱིས་སྲིད་བྱུས་གང་ལེགས་ལག་ཏུ་བསྟར་ཏེ། སྐད་ཆ་ལ་བརྟེན་པའི་གཟུགས་མེད་རིག་གནས་མྱུར་སྐྱོབ་ཀྱི་ལས་ལ་འབུངས་པའང་སྐད་ཆའི་རིན་ཐང་ལ་འཆིང་བའི་ལས་ཀ་རླབས་ཆེན་པོ་ཞིག་ཏུ་ལགས་ན། ཡབ་མེས་ནས་བརྒྱུད་པ་བར་མ་ཆད་ཅིང་། བརྡ་སྤྲོད་ཀྱི་སྦྱོར་བ་གྱ་ནོམ་པ། གཏན་ཚིགས་ཀྱི་རང་བཞིན་མངོན་པར་མཐོ་བའི་ཕ་སྐད་ངོས་གཙང་བརྗོད་པ་ནི་མི་སུ་དང་གང་གིའང་འགན་འཁྲི་འབྱོལ་དུ་མེད་པ་ཞིག་ཏུ་བསམ་སྟེ། སྔར་ལྟར་ཡི་གེ་ཁྱད་པར་བ་འདི་ལ་བརྟེན་ནས་སྐད་ཆར་སྔར་མེད་ཀྱི་ཐ་སྙད་གསར་བའི་ཟུངས་བསྐྱེད་ཅིང་། ཡུལ་ལུང་གི་བརྗོད་སྟངས་ཐ་དད་པ་ཡིག་སྐད་ཀྱི་སྦྱོར་བ་ལ་མཐུན་པར་བསྡུས་ཏེ། མི་རབས་ཕྱི་མ་རྣམས་ལ་རིག་གནས་ཀྱི་གཤིན་ས་དང་ཕ་སྐད་ཀྱི་ཁྱིམ་གཞིས་འདི་ཆག་སྐྱོན་མི་ཤོར་བར་བདེ་བླག་ཏུ་བརྒྱུད་ཅིང་སྤེལ་བ་ཡིན་ན། མི་རིགས་རང་ལ་དབང་བའི་ཕ་གཞིས་ཉག་གཅིག་སྟེ།  སྐད་ཆའི་ཕ་ཁྱིམ་བསྲུང་བའི་འོས་འགན་ཡང་འགྲུབ་པར་བལྟའོ།།

བཞི་བ། སྐད་ཆ་ནི་བཀག་ཏུ་རུང་བའི་རིག་གནས་ཀྱི་ཞིང་ཁམས་ཤིག་ཡིན།

      སྐད་ཆ་མེད་ན་རྟོག་བཏགས་ཀྱི་འཇིག་རྟེན་དང་། སྤྱི་མཚན་གྱི་ཤེས་བྱ་ལྟ་སྨོས་ཀྱང་ཅི་དགོས། དངོས་པོའི་གནས་སྟངས་རང་མཚན་པའང་གཞན་ལ་སྒྲོག་ཅིང་བརྒྱུད་པའི་ཐབས་མེད་པས། སྐད་ཆ་བྱུང་བ་ནས་འདོད་རྒྱལ་དང་རྗེས་སྒྲུབ་སོགས་ཀྱི་ཐབས་ཅི་རིགས་ལ་བརྟེན་ཏེ། མིང་གིས་ཤེས་བྱའི་བྱེ་བྲག་དུམ་བུར་བསིལ་ཅིང་བློའི་ཡུལ་དུ་བྱ་རུང་དུ་བྱས་ནས།“མིང་འདོགས་པ་དང་དབྱེ་བ་དགར་བའི་ཐབས་ཀྱིས་ཕུན་སུམ་ཚོགས་ཤིང་འགྱུར་བ་ཆེ་བའི་འཇིག་རྟེན་འདི་ངེད་ཅག་གིས་ཁ་ལོ་བསྒྱུར་རུང་བའི་ཆ་ཤས་ཆུང་ངུར་བསིལ་བར་བརྟེན།”འཇིག་རྟེན་འདི་ལ་ཆ་ཤས་ཇི་འདྲར་བསིལ་རུང་བའི་གཏན་སྲོལ་ཞིག་སྔོན་ནས་གྲུབ་པ་སྐད་གང་དང་མི་སུ་ཞིག་ལའང་མེད་ཀྱང་། “སྐད་ཆ་ཞིག་གི་ནང་དུ་མིང་བརྡ་ཅི་ཙམ་སྣང་བ་དེ་ནི།  སྐད་ཆ་དེ་ལ་མཚོན་ན་འཇིག་རྟེན་ནི་གྲངས་འབོར་དེར་མཐུན་གྱི་གྲུབ་རྫས་དག་གིས་གྲུབ་པ་ཡིན་ཡང་།”མིང་ཅི་ལྟ་བུ་ཞིག་འདོགས་པ་ནི་མི་རིགས་དེ་ཉིད་ཀྱི་བློ་གྲོས་དང་། མིང་གི་རྣམ་གྲངས་ཅི་ཙམ་སྣང་བ་ནི་མིའི་ཚོགས་པ་ཞིག་གི་ཐོས་རྒྱ་དང་འབྲེལ་བ་དམ་པར་མཚིས་པས།  ཨ་མེ་རི་ཀའི་སྐད་ཆ་རིག་པའི་མཁས་དབང་ཨད་ཝར་ད་ས་ཕེར་མཆོག་གིས། ཀླ་ཀློ་བའི་སྐད་ཆའི་ནང་དུ་སྤྱི་མཚན་སྐོར་ཀྱི་ཐ་སྙད་མང་པོ་མི་གདའ་ཞིང་། རིག་གནས་ཀྱི་བསྟན་བྱ་ཅུང་ཟབ་པའི་མིང་བརྡ་གྱ་ནོམ་པ་དང་བཀྲག་མདངས་སྣ་དགུར་བཀྲ་བའི་ངེས་ཚིག་གསལ་པོའང་མེད་ཅེས་པར་གསུངས་པས་མཚོན་ཏེ། སྐད་ཆ་ཞིག་གི་ནང་དུ་མི་རིགས་གང་གི་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབ།  མ་འོངས་པའི་རེ་ལྟོས་སྣང་ཞིང་། སྐད་ཆ་ཞིག་གི་ནང་དུ་མིའི་ཚོགས་པ་ཞིག་གིས་འཇིག་རྟེན་ལ་ངོས་འཛིན་ཇི་ལྟར་བྱེད་པའི་རིག་པ་མངོན་གྱིན་ཡོད་ཕྱིར། སསྐད་རིགས་རེ་རེ་བ་ལ་འཇིག་རྟེན་གྱི་ལྟ་བ་ཁྱད་དུ་མཚར་བ་རེ་འདུ་བ་ཡིན་ན།”མི་རིགས་ཤིག་གི་འཚོ་གནས་ཀྱི་ཆ་ནས་བལྟས་ན། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ལྟོས་པས་སྐད་ཆའི་བརྗོད་པ་ཤིན་ཏུ་གལ་ཆེ་བར་མངོན་ནོ། །

དེའི་རྒྱུ་མཚན་ནི།“ཁྱོད་ཀྱིས་སྐད་ཆ་བཤད་ན།  ངས་ད་གཟོད་ཁྱོད་ཀྱི་རང་བཞིན་ཤེས་ཐུབ”ཅེས་པ་ལྟར། གནའ་བོའི་རྒྱ་གར་གྱི་རཱ་མ་ཎ་ཡི་དཔའ་ཉམས་དང་། བུ་མོ་སི་ཏཱའི་སྒེག་ཉམས།  གླིང་རྗེ་གེ་སར་རྒྱལ་པོའི་མཛད་རྗེས་དང་། ཨ་ཁུ་ཁྲོ་ཐུང་ཀྱིས་མཚོན་པའི་འདས་ཟིན་པའི་དངོས་ཡོད་ལོ་རྒྱུས་དང་། སྒྲོ་བཏགས་ཀྱི་གཏམ་རྒྱུད་ཡོད་དོ་ཅོག་ནི་སྐད་ཆའི་སྦྱོར་བ་ལ་ཉར་ཅིང་། སྐད་ཆ་ལ་བརྟེན་ནས་རྟོགས་པར་བྱེད་པའི་དབང་གིས། སྐད་ཆ་ཞིག་ནི་བཀླག་ཏུ་རུང་བའི་རིག་གནས་ཀྱི་ཞིང་ཁམས་ཤིག་ཡན་ཞང་། སྐད་ཆ་ཞིག་གི་བསྟན་བྱ་རྟོགས་ན། འཇིག་རྟེན་ཞིག་ཏུ་ལྟད་མོར་ཕེབས་པ་ལྟ་བྲུ་ཡིན་པ་སྨོས་ཅི་དགོས་ཀྱང་ སྐད་ཆར་ཉར་པའི་གཏམ་རྒྱུད་རེ་རེ་དང་། ཡི་གེར་བཀོད་པའི་རྩོམ་ཡིག་རེ་རེ་བ་ལས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་བཏགས་ཅི་རིགས་ཀྱི་ལྟད་མོ་སྣ་ཚོགས་ཀྱང་ཤེས་ཐུབ་པའི་ཕྱིར་གྱིས།  རང་གི་ཕ་སྐད་ལས་གཞན་པའི་སྐད་ཆ་ཞིག་ཤེས་ཚེ། འཇིག་རྟེན་གཞན་ཞིག་ལ་བགྲོད་པའི་ལམ་ཁ་ཟིན་པར་གྱུར་ན་ཡང་།  “ཕ་ཡུལ་གྱི་འདུ་ཤེས་ནི། ཐོག་མར་རང་གི་མིང་གིས་བཏགས་པའི་ཞབས་འོག་གི་ས་གཞི་དེ་ཡིན་ཞིང་།”ཕ་གཞིས་དེ་རུ་རང་ཉིད་དང་འདུ་ཤེས་ཐུན་མོང་པ་འཚིང་བའི་མི་རབས་ཕྲེང་བརྒྱུད་ཀྱི་བསམ་བློའི་འཁྱེར་སོ་དང་། དགའ་འདུན་རེ་ལྟོས་། རིག་གནས་སྒྱུ་རྩལ་བཅས་ཉར་ཅིང་བཀོད་འདུག་པས། ཐོག་མར་རང་ཉིད་ཀྱི་སྐད་ཆའི་ཞིང་ཁམས་མྱུལ་ཏེ། ཡུལ་ཁམས་དེ་ལས་ཐོན་པའི་རིག་པའི་རྒྱགས་ཕྱེ་འཐོབ་ན། ད་གཟོད་འཇིག་རྟེན་གང་དུ་མྱུལ་ཡང་གཞན་གྱི་ངོ་མདོག་ལ་བལྟ་བའི་ངལ་བ་ནམ་ཡང་བསྟེན་མི་དགོས་སོ།།

ལྔ་པ། སྐད་ཡིག་ནི་སྤྱི་ཚོགས་འཚོ་བའི་ཐོན་ཁུངས་གལ་ཆེན་ཞིག་ཡིན།

      འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ།  ཨིན་ཇིའི་སྲིད་གཞུང་གིས་ཆབ་སྲིད་དང་།  དམག་དོན། དཔལ་འབྱོར། སྐད་ཡིག་བཞི་ནི་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་དག་ལ་འབྲེལ་བ་གཟུགས་པའི་ཐབས་ཇུས་གལ་ཆེན་བཞིར་བརྩིས་ཏེ། 1934ལོར་ཨིན་ཇིའི་རིག་གནས་མཐུན་ཚོགས་ཞེས་པ་བཙུགས་ཏེ། ཨིན་ཇིའི་སྐད་ཡིག་ཚད་ལྡན་གྱི་ཡིག་རྒྱུགས་སྤྲོད་ལུགས་ལག་ཏུ་བསྟར་བར་བརྟེན། ལོ་རེར་ཕྱི་རོལ་གྱི་རྒྱལ་ཁབ་མང་པོའི་མི་སྣ་འབུམ་ཕྲག་དུ་མ་ཨིན་ཇིའི་སློབ་གྲྭར་འགྲིམས་ཤིང་། ཨིན་ཇིའི་སྐད་ཡིག་སློབ་ཁྲིད་ཀྱི་ཐོན་རྫས་མང་པོ་གསར་དུ་སྤེལ་པ་དང་། ཨིན་ཇིའི་སྐད་ཡིག་གི་ཁྱབ་ཁོངས་ཆེས་ཆེར་སྤེལ་པར་བརྟེན། སྐད་ཡིག་གི་ཐོན་ཁུངས་ལ་བརྟེན་པའི་ཡོང་སྒོ་ནི་རྡོ་སྣུམ་དང་གཏེར་ཁའི་ཡོང་སྒོ་ལས་ཀྱང་ཆེས་ཆེར་བརྒལ་པ་བཞིན་དུ། རང་རེའི་རྒྱལ་ཁབ་འདིར་སྤྱི་ལོ1980ནས2011ལོའི་བར་ལ་སྐད་ཆའི་ཞབས་ཞུའི་ཁེ་ལས་ཀྱི་སྤྱི་གྲངས16ནས37197ལ་འཕར་ཅིང་།  2011ལོའི་ལོ་མཇུག་ཡན་ལ་སྐད་ཆའི་ཞབས་ཞུའི་ཆེད་ལས་པ་ས་ཡ་གཅིག་དང་ཆིག་འབུམ་དགུ་ཁྲི་ལྷག་ལ་འཕེལ་པ་ཡིས།“འགྲོ་བ་མིའི་ཆ་ནས་བལྟས་ན།  སྐད་ཆ་རེ་རེ་བ་ནི་རྒྱུ་ནོར་གྱི་ཐོན་ཁུངས་ཤིག་ཏུ་གཟུང་ཆོག་ལ། སྐད་རིགས་ཚང་མས་རིག་གནས་ཐུན་མོང་པ་བཟོ་ཞིང་སྐྲུན་པ་ལ་མཛད་རྗེས་ཆེན་པོ་བཞག་ཡོད་པའི”དངོས་དོན་བདེན་དཔང་བྱས་ཤིང་།  ལྷག་པརསྐད་ཆ་ནི་ཐོན་ཁུངས་ཡིན་ལ།  སྐད་ཆའི་ནུས་པ་ནི་ཐོན་སྐྱེད་ནུས་ཤུགས་དང་།  མི་ཤུགས་ཀྱི་མ་རྩའང་ཡིན་པའི”དེང་གི་སྤྱི་ཚོགས་ཀྱི་ངལ་རྩོལ་ནུས་ཤུགས་དང་། ཐོན་རྫས་གསར་པའི་འཛད་མེད་ཀྱི་ཐོན་ཁུངས་ཤིག་ཡིན་པའང་གསལ་བར་བསྟན་འདུག་པ་རེད་དོ། །

      དེ་ལྟ་ནའང་།“རང་རེའི་རྒྱལ་ཁབ་ཀྱི་ཕ་སྐད་སློབ་གསོ་མར་འགྲིབ་ཀྱིན་ཡོད་པ་ཡིས་མི་རིགས་ཀྱི་སྤུས་ཀ་དང་། རིག་གནས་ཀྱི་བདེ་འཇགས། རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་ལ་ཤན་ཤུགས་ཐེབས་ཀྱིན་ཡོད་པའི་དབང་གིས།”སྐད་ཡིག་ཅིག་ནི་སྐད་ཆ་དེ་ལ་བརྟེན་པའི་མི་རིགས་དེ་ཉིད་ཀྱི་སྤུས་ཀ་མཐོ་རུ་འདེགས་པ་དང་། རིག་གནས་ཀྱི་འདུ་ཤེས་གསོ་བ། འཚོ་ཚིས་ཀྱི་རིམ་པ་གོང་དུ་འདེགས་པའི་ཐོན་ཁུངས་གཞན་འགྲན་མེད་པ་ཞིག་ཏུ་བཟུང་སྟེ། སྐད་ཆ་དང་སྒོས་སུ་ཡི་གེ་ཡོད་པའི་མི་རིགས་དག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སྦྱང་བ་ཡག་པོ་བྱེད་པ་དང་ཆབས་ཅིག མི་རིགས་རང་གི་སྐད་ཡིག་བེད་གང་ལེགས་སྒོས་སྐད་ཡིག་གི་ལས་སྒོ་གསར་པ་དང་། ཐོན་རྫས་གསར་སྐྲུན་བྱ་བ་ནི། རང་གི་རིན་ཆེན་མཆོག་བཟང་། རང་ཕན་ནོར་བུར་ཤེས་པའི་ལེགས་ལམ་ཉག་གཅིག་ཏུ། ངེས་པའི་དབང་གིས། “མི་རིགས་རེ་རེའི་སྐད་ཆ་དང་ཡུལ་སྐད་རེ་རེ་པ་ནི་མཛེས་སྡུག་བཀྲ་བའི་རིག་གནས་ཀྱི་ལྗོངས་རིས་དང་། ཀྲུང་ཧ་མི་རིགས་ཀྱི་རིག་གནས་ཐོན་ཁུངས་ཆེན་པོའི་རིན་ཆེན་གཏེར་མཛོད་རེ་ཡིན་པར་བརྟེན། དེ་དག་ལ་དགོས་འོས་ཀྱི་བརྩི་འཇོག་དང་། སྲུང་སྐྱོང་། བཀོལ་སྤྱོད་ལུགས་མཐུན་མཐུན་བྱ་དགོས་པའི”རེ་སྐུལ་གནང་གིན་ཡོད་པ་འདི་ལགས་ན། སྲུང་སྐྱོང་བྱེད་པའི་ཐབས་ལམ་ལེགས་ཤོས་ནི་བེད་སྤྱོད་བྱེད་པ་དང་། བེད་སྤྱོད་ཀྱི་ཕན་འབྲས་ལེགས་ཤོས་ན། མི་རིགས་རང་གི་སྤྱི་ཚོགས་འཚོ་བའི་ཐོན་ཁུངས་གལ་ཆེན་ཞིག་ཏུ་གཟུང་དགོས་པ་དེ་རེད་དོ། །


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།