ཨོཾ་བདེ་ལེགས་སུ་གྱུར་ཅིག
ཚོགས་གཉིས་བྱེ་བའི་ཆུ་གཏེར་འཁྱིལ་བའི་དབུས།།
སྐུ་བཞིའི་བང་རིམ་མཛེས་པའི་རི་དབང་ལ།།
མཁྱེན་གཉིས་ཉི་ཟླ་ཟུང་གིས་བརྒྱན་པ་ཡི།།
རྒྱལ་བ་ཀུན་གྱིས་ཤིས་པའི་མེ་ཏོག་སྩོལ།།
ཐོས་པ་ཙམ་གྱིས་དད་གསུམ་མེ་ཏོག་བཀྲ།།
བསམས་མ་ཐག་ཏུ་དགའ་བའི་ཕུན་ཚོགས་རྒྱས།།
སྒོམ་པའི་མོད་ལ་བློ་གྲོས་རྩི་བཅུད་མཚར།།
དམ་ཆོས་དཔྱིད་དཔལ་གསར་བས་དགེ་ལེགས་སྒྲུབས།།
རིག་གསུམ་མ་ཎི་ཀ་ཡིས་མཛེས་པའི་རྒྱན།།
གྲོལ་གསུམ་བཞིན་ལེགས་དཔལ་དུ་རྩེན་བཞིན་དུ།།
སྲིད་པའི་པདྨོར་སྙིང་བརྩེས་རོལ་བ་ཅན།།
འཕགས་ཚོགས་འདུས་པས་དགེ་མཚན་སྣང་བ་སྩོལ།།
རྒྱུད་དོན་བཀྲལ་ལ་དགའ་རབ་དཔའ་བོ་དངོས།།
ལུང་དོན་སྡེབ་ལ་དྲི་མེད་འོད་ཀྱི་ཟེར།།
མན་ངག་སྟོན་ལ་རྒྱལ་བ་མཁྱེན་བརྩེའི་ལྷ།།
ཁྱབ་བདག་བླ་མས་བློ་གྲོས་སྤོབས་པ་སྩོལ།།
དེ་ལ་ཇི་སྐད་དུ། ཕྱག་བྱ་ཤིས་བརྗོད་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་པ་ལྟར་དུ། ཕྱག་དང་ཤིས་པར་བརྗོད་པའི་ཚིགས་སུ་བཅད་པས་བཤད་པར་བྱ་བའི་དངོས་པོ་དེ་ཉིད་ངེས་པར་བསྟན་པའི་སྒོ་འཕར་ཕྱེས་ནས། སྐབས་སུ་བབ་པའི་གཏམ་དང་། དུས་སུ་སྨིན་པའི་ཆར། ཟེར་བ་བཞིན་དུ་ད་ལོ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ཡོས་ཀྱི་གནམ་ལོའི་སྟོན་འབྲུ་དྲུག་སྨིན་པའི་དུས་བཟང་གི་སྐབས་འདིར། ངེད་འབྲུག་ཆུ་གཡང་དར་གྱི་ལྷ་སྡེ་དཀར་པོའི། མཁྱེན་བརྩེ་ནུས་གསུམ་འཛོམས་པའི་བླ་སྤྲུལ་མཁན་གསུམ། མཁས་བཙུན་བཟང་གསུམ་འཛོམས་པའི་ཇོ་སེར་འདུས་པ། ཁ་ཁོག་ཤེས་གསུམ་འཛོམས་པའི་ཕ་ཁུ་རྒན་རབས། དཔའ་རྩལ་འཇོན་གསུམ་འཛོམས་པའི་སྟག་ཤར་གཞོན་ནུ། མཛེས་མཛངས་བཟང་གསུམ་འཛོམས་པའི་མ་སྲུ་མོ་སྨན་ཐམས་ཅད་ཀྱིས། མ་བགྲོས་བློ་མཐུན། མ་བགོས་དང་ལེན་གྱི་སྒོ་ནས་ད་ལོའི་བཅོམ་ལྡན་འོད་མཚན་སྟོང་འབར་གྱི་ཞིང་སྨོན་འབུམ་མཆོད་ཆེན་མོའི་ཚོགས་བསགས་ཀྱི་བགོ་སྐལ་ལེགས་འགྲུབ་བྱུང་བ་དང་ཆབ་ཅིག དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག ཁམས་གསུམ་འགྲོ་བ་ཡོངས་ཀྱི་འདྲེན་པ། བསྟན་འཛིན་དགེ་འདུན་བྱེ་བའི་གཙུག་རྒྱན། ལྷ་དང་བཅས་པའི་སྐྱེ་རྒུ་ཐམས་ཅད་ཀྱི་སྐྱབས་གནས། ཨོ་རྒྱན་རྡོ་རྗེ་འཆང་གི་ཐུགས་ཀྱི་གསང་བ་ཆེན་པོ། ལྔ་བརྒྱ་བའི་འགྲོ་ལ་ལྷག་པར་བརྩེ་བའི་ཀུན་སྣང་སྙིང་རྗེ་ཆེན་པོའི་རོལ་རྩལ་ལས་དགེ་སྦྱོང་ངུར་སྨྲིག་གི་རྣམ་པར་ཤར་བ། མཆོག་གསུམ་གཅིག་འདུས་ཀྱི་ངོ་བོ། རྩ་གསུམ་ལྷུན་གྲུབ་ཀྱི་བདག་ཉིད། སྐུ་གསུམ་ཡེ་ལྡན་གྱི་རང་གཟུགས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ཆོས་རྗེ་ཡིད་བཞིན་གྱི་ནོར་བུ། འགྲོ་ཁམས་རྒྱ་མཚོའི་མུན་སེལ་གྱི་སྒྲོན་མེ། མ་འདྲིས་པའི་སེམས་ཅན་ཡོངས་ཀྱི་རྩ་ལག་དམ་པ། ཐེག་མཆོག་འབྲུག་སྒྲ་ཟབ་མོས་སྐྱེ་དགུ་མ་རིག་པའི་གཉིད་ལས་སློང་བའི་སྟོན་པ་ཆེན་པོ། ད་ལྟའི་དུས་ཀྱི་སངས་རྒྱས་དངོས་བྱོན། ཁྱབ་བདག་རྡོ་རྗེ་འཆང་རྩ་བའི་བླ་མ་བཀའ་དྲིན་སུམ་ལྡན་གྱི་བདག་ཉིད་གང་ཡིན་པ་དེ་ཉིད་དབུས་སུ་བཞུགས་པའི་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་དང་བསྟུན་ཏེ། རྗེ་གང་ཉིད་ཀྱི་སྐུ་མཚན་དཔེའི་དཀྱིལ་འཁོར་འགྱུར་མེད་རྡོ་རྗེའི་ཆོས་ཁམས་སུ་མངོན་པར་བརྟན་ཅིང་། གསུང་ཚངས་པའི་སྒྲ་དབྱངས་ཀྱིས་རྟག་པར་རྒྱུན་གྱི་ཆོས་སྒྲ་བར་མེད་སྒྲོགས་པ་དང་། ཐུགས་འོད་གསལ་གྱི་ཏིང་འཛིན། མི་གཡོ་རྟག་ཁྱབ་ལྷུན་གྲུབ་ཏུ་བདག་ཅག་ལྟོས་བཅས་ཡོངས་ལ་གཏན་དུ་གཟིགས་པའི་རྟེན་འབྲེལ་གྱི་ངོ་མཚར་གསར་དུ་འབྱེད་ཅིང་། མི་ཟད་ཕྲིན་ལས་ཀྱི་སྒོ་འཕར་གསར་བས་རབ་འབྱམས་ཞིང་ཁམས་རྒྱ་མཚོ་དཀར་འཇམ་ཡུག་གཅིག་ཏུ་བརྡལ་བའི་དགེ་ལེགས་ཀྱི་རེ་ཁ་བཀྲ་བའི་བརྟན་བཞུགས་འབུལ་གསོལ་གྱི་འདུ་བ་བགྱི་བའི་ཐོག་མར། རྗེ་གང་གི་ཆེ་བ་བརྗོད་པའི་འབེལ་གཏམ་ཅུང་ཟད་ཞུ་བ་ལ། དེ་ཡང་མགོན་པོ་གང་ནི་བསྐལ་བ་གྲངས་མེད་པའི་སྔོན་རོལ་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་བདེ་གཤེགས་འོད་མཚན་དཔག་ཏུ་མེད་པ་ཞེས། སྟོང་གསུམ་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི་ཁམས་སུ་འདུལ་བྱེད་གསང་སྔགས་ཀྱི་སྟོན་པ་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་དང་ཡང་སྤྲུལ་བྱེ་བ་ཕྲག་བརྒྱ་སོགས་སྤྲུལ་བའི་རྣམ་རོལ་གྱི་སྒྱུ་འཕྲུལ་ཚད་མེད་པས་འགྲོ་བའི་ཁ་ལོ་གྱེན་དུ་སྒྱུར་བའི་ཁྱབ་བདག་ཆེན་པོ་རུ་བཞུགས་པ་ཡིན་ལ། དེ་ལས་སྤྲུལ་བ་དང་ཡང་སྤྲུལ་གྱི་རོལ་མོ་ཇི་ལྟར་དཀྲོལ་བའི་ཚུལ་ནི། འཁོར་ལོ་བཅུ་བའི་མདོ་ལས། བདེ་གཤེགས་ཐུགས་རྗེ་དུས་རིང་འགྲོ་བ་ལས། །འདུལ་བའི་ཡུལ་དུ་མཁྱེན་ནས་དོན་མཛད་པ། །དུས་ལས་མི་ཡོལ་སྐད་ཅིག་སོ་སོར་སྣང་། །ཡེ་ཤེས་གཟིགས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་དུ་མགོན་པོ་གང་དེ་ལྔ་བརྒྱ་པའི་འགྲོ་ལ་ལྷག་པར་བརྩེ་བའི་ཀུན་སྣང་སྙིང་རྗེ་ཆེན་པོའི་རོལ་རྩལ་མཚོ་འཁྲུངས་པདྨ་ཀཱ་རའི་སྒྱུ་འཕྲུལ་གྱི་རོལ་མོ། རབ་འབྱམས་སྟོང་གསུམ་གྱི་ཁམས་སུ་དཀྲོལ་ནས་ངེས་གསང་ཐབས་ཀྱི་བསྟན་པས་ཚད་མེད་ཀྱི་འགྲོ་ཁམས་བདེ་ཆེན་གྱི་ས་ལ་བཀོད། ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་རྣམ་པར་རོལ་ནས་སྔ་འགྱུར་གྱི་བསྟན་པ་མཐའ་རྒྱས་སུ་སྤེལ། གླིང་གསེར་བུ་ཉི་འབུམ་དར་ཡག་གི་རྣམ་པ་རུ་རོལ་ནས་བདུད་བཞིའི་ཁ་གནོན་མཛད། མཁན་ཆེན་པདྨ་བཛྲའི་རྣམ་པར་འཕྲུལ་ནས་མདོ་སྔགས་ཀྱི་བསྟན་པའི་སྒྲོན་མེ་སྦར། བདེ་མཆོག་བདེ་བའི་རྡོ་རྗེའི་རྣམ་པ་རུ་རོལ་ནས་འཁོར་ལོ་གསུམ་གྱི་ཕྲིན་ལས་ཀྱིས་འགྲོ་ཁམས་བདེ་ཆེན་གྱི་ས་ལ་བཀོད། ད་ལྟའི་སྐབས་སུ་ཡང་། ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་ལས། མངལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང་། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང་། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཅེས་པ་བཞིན་དུ། གཟིགས་སྟངས་དང་པོ་རིགས་ཕུན་སུམ་ཚོགས་པ་ལ་གཟིགས་པ་ནི། ཧོར་ཤུལ་འཇིགས་མེད་དོན་གྲུབ་ཅེས་པ། ཕྱི་ལྟར་ན་བརྗིད་མཛེས་ཟིལ་གསུམ་འབར་ཞིང་དཔའ་མཛངས་རྩལ་གསུམ་རྒྱས་པ། སེང་ཆེན་མི་ཡི་ནོར་བུ་སླར་ཡང་མངོན་པར་སྣང་བ་དང་དབྱེར་མ་མཆིས་ཤིང་། ནང་ལྟར་ན་བྱམས་བརྩེའི་བློ་ཡིས་ཕྱུག་ཅིང་། རྣམ་དཔྱོད་ཀྱི་མཁྱེན་རབ་མངའ་བའི་བྱང་སེམས་བདག་ཉིད་ཆེན་པོ་རུ་བཞུགས་པ་དང་། གསང་བ་ལྟར་ན་གྲུབ་བརྙེས་ཀྱི་རིག་འཛིན་ཆེན་མོ་བསམ་བཞིན་སྤྲུལ་བའི་སྐུའི་སྐྱེས་ཡབ་ཏུ་བྱོན་པ་དེ་ལ་གཟིགས་པ་དང་། གཟིགས་སྟངས་གཉིས་པ་རུས་ཕུན་སུམ་ཚོགས་པ་ལ་གཟིགས་པ་ནི། རིམ་དགུའི་ཐེག་པ་མཐའ་དག་ལ་རང་བྱན་ཆུབ་ཅིང་གྲུབ་པའི་ས་མཐོར་གཤེགས་པའི་རྫོགས་ཆེན་ཨ་གྲོའི་མཁན་ཆེན་བསོད་ཆོས་ཀྱི་སྐུའི་སྲས་མོ། ལྷན་སྐྱེས་རེག་གྲོལ་གྱི་ཌ་ཀཱི་མ་སྔགས་སྐྱེས་དཔའ་མོའི་ཚུལ་དུ་མངོན་པར་སྣང་བའི་ནོར་གཡང་ཞེས་པ། ལྗགས་ཀྱི་པདྨོ་ལ་རྒྱལ་ཀུན་གསུང་གི་སྙིང་པོ་སྐྱེ་མེད་ཨ་ཡིག་གི་མཚན་མ་བཀྲ་བ་སོགས་མཚན་ལྡན་མཁའ་འགྲོའི་རྟགས་མཚན་ཡོངས་སུ་རྫོགས་པའི་མུ་ར་པདྨ་ནོར་བུའི་སྐུའི་ལྕམ་སྲིང་མོ་དེ་ཉིད་ཀྱི་རིགས་སྲས་སུ། མངལ་དུ་འཇུག་པ་ཕུན་སུམ་ཚོགས་པ། བདེ་གཤེགས་ཀུན་གྱི་ཐུགས་ཀྱི་གསང་བ་ཆེན་པོའི་སྒྱུ་འཕྲུལ་གྱི་མཚོན་རྟགས་སུ། ཡུམ་ཆེན་ཌ་ཀཱི་མའི་འོད་གསལ་གྱི་སྣང་ཉམས་སུ་དྲི་བྲལ་ཤེལ་དཀར་གྱི་མཆོད་རྟེན་ལ་སྣ་ཚོགས་ཕྲིན་ལས་ཀྱི་འོད་སྟོང་ཕྱོགས་བཅུར་འབྱེད་བཞིན་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། མ་ཟད་མཚོ་སྐྱེས་པདྨ་ཀ་རཱའི་ཐུགས་ལས་སྤྲུལ་ཞིང་པདྨའི་བརྒྱུད་པ་འཛིན་པའི་སློབ་བརྒྱུད་པདྨ་གཞོན་ནུས་ས་སྟེང་གོ་ལ་ཧྲིལ་བོར་འགེངས་པའི་བརྡ་མཚོན་དུ་ཡུལ་དེའི་འཛིན་མའི་གཞི་ཐམས་ཅད་ལ་སྔར་མེད་ཆུ་སྐྱེས་ཀྱི་ཚོམ་བུས་ཁེངས་པ་སོགས་ཀྱི་མ་སྨད་རྟེན་འབྲེལ་གྱི་མཚན་མས་ཁོར་ཡུགས་ཀུན་ཏུ་མཛེས་པར་བྱས། སྐྱེ་བ་ཕུན་སུམ་ཚོགས་པ། བོད་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ས་ག་ཟླ་བའི་ཡར་ཚེས་བཞིའི་ཉིན། རྒྱལ་བསྟན་གྱི་མེ་རོ་གཞིར་བཞེངས་སུ་བསླངས་ནས་དཀར་འཇམ་ཡུག་གཅིག་ཏུ་བརྡལ་བའི་མཚོན་དོན་དུ་ཆབ་ཟངས་འོ་མ་རུ་འགྱུར་བ་དང་། ཞི་བསིལ་ཟབ་རྒྱས་ཀྱི་བདུད་རྩིས་སྐྱེ་དགུའི་རྨོངས་པའི་ཚ་གདུང་འཇོམས་པའི་རྟགས་སུ་སྦྲང་ཆར་སིབ་སིབ་ཏུ་བབ་ཅིང་། ཟབ་གསང་རྫོགས་པ་ཆེན་པོའི་གསང་ལམ་ནས་སྣང་བཞི་མཐའ་རུ་ཕྱིན་པའི་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་ཡིས་འཁོར་བ་མ་སྟོང་གི་བར་དུ་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ་སྐྱོང་བའི་མཚོན་རྟགས་སུ་འཇའ་འོད་ཀྱི་གུར་ཁང་ཕུབ་པ་དང་བཅས་སྐུ་བལྟམས་པ་སྟེ། དེ་ལྟར་རིགས་རུས་སྐྱེ་འཇུག་སོགས་ཕུན་ཚོགས་དགེ་ལེགས་བྱེ་བས་མངོན་པར་ཕྱུག་པའི་བདག་ཉིད་ཆེན་པོ་དེ་སྐུ་འཁྲུངས་མ་ཐག་ཏུ་ཡང་། ཆོས་བཅུ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་བཞིན་ནོ། །ཞེས་པ་ལྟར་དུ་མཚུངས་བྲལ་ཟླ་ཡིས་དབེན་པའི་མཁས་བཙུན་བཟང་པོའི་རྣམ་ཐར་གྱིས་རྒྱུ་སྐར་གྱི་དབུས་ནས་ཆུ་ཤེལ་དབང་པོ་འཚེར་བ་བཞིན་དུ་མངོན་པར་འཕགས་པ་ཡིན་པས། སྐྱེས་མ་ཐག་ནས་ཚད་མེད་པའི་ལྷན་སྐྱེས་ཀྱི་མཁྱེན་རབ་མངའ་ཞིང་། མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱའི་གནས་ལ་སྦྱོང་རྩོལ་གྱི་ངལ་བའི་ཁུར་བརྟེན་མི་དགོས་ཀྱང་། ཐུན་མོང་གི་སྣང་ངོར་འཇིག་རྟེན་དང་མཐུན་པར་འཇུག་སྟེ། འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ། པདྨ་ཐེག་མཆོག་བློ་ལྡན། མཁན་ཆེན་ཐུབ་བསྟན་སྙན་གྲགས། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། འཇིགས་བྲལ་བྱང་ཆུབ་རྡོ་རྗེ། ཡབ་རྗེ་ངག་དབང་ནོར་བུ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། མཁན་ཆེན་པདྨ་ཚེ་དབང་། མུ་ར་པདྨ་ནོར་བུ་ལ་སོགས་ལས་མདོ་སྔགས་རིག་གནས་ཀྱི་འཆད་ཁྲིད། བཀའ་གཏེར་སྨིན་གྲོལ་གྱི་ཉེ་བརྒྱུད། མན་ངག་སྙན་བརྒྱུད་ཀྱི་ཞལ་ཤེས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་པས་མ་ཟད། དེ་དག་གི་སྐུ་ཡི་བྱིན་རླབས། གསུང་གི་ཆོས་དབྱངས། ཐུགས་ཀྱི་ཉམས་རྟོགས། ཡོན་ཏན་གྱི་ཕུང་པོ། ཕྲིན་ལས་ཀྱི་འཇུག་པ་ཐམས་ཅད་མ་ལུས་ལུས་པ་མེད་པ་ཆིག་རྫོགས་སུ་འཕོས་པས། ས་ལམ་ཆིག་ཆོད་དུ་སོང་། ཤེས་རབ་ཀྱི་རྩལ་ཁ་འབར། བྱང་སེམས་ཀྱི་གཏེར་ཆེན་བརྡོལ། ཕྲིན་ལས་ཀྱི་འཇུག་པ་རྒྱས། ཡེ་ནས་ཡོད་པའི་ཡོན་ཏན་གྱི་ཕུང་པོ་ལ་ཡང་གྲུབ་ངོ་མཚར་གྱི་སྣང་བ་རྒྱས་ཏེ། ཆུང་བྱིས་པའི་དུས་ནས་ཀྱང་རྫོགས་ཆེན་མཆོག་སྤྲུལ་པདྨ་སྐལ་བཟང་ཞེས་པའི་མཚན་སྙན་གྱི་གྲགས་པས་མདོ་དབུས་ཁམས་གཙང་གི་གནས་མཐའ་དག་ལ་ཁྱབ་པར་གྱུར། དེ་ཡང་གྲགས་སྐམ་ཙམ་མིན་པར་ཕྱི་ལྟར་ན་སོ་ཐར་གྱི་དགེ་བའི་བཤེས་གཉེན། ནང་ལྟར་ན་བྱང་སེམས་བདག་ཉིད་ཆེན་པོ། གསང་བ་གྲུབ་པའི་རིག་འཛིན་ཀྱི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་བདག་ཉིད་དུ་བཞུགས་པ་སྟེ། དེ་ཡང་འདུལ་བ་སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པ་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོག་བརྩོན་པ་དང་། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་པ་ལྟར་དུ་ཕྱི་ལྟར་ན་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ། གངས་རིའི་ཁྲོད་ཀྱི་ཉེར་བ་འཁོར་དུ་བཞུགས་པས་ཉེས་ལྟུང་ཕྲ་མོ་ཙམ་གྱིས་ཀྱང་གུས་པའི་གོ་སྐབས་དང་བྲལ་བས། སྐུའི་བྱོན་བཞུགས་ཀྱི་ཉེ་འཁོར་དང་སྐུ་ཆས་ན་བཟའ་ཐམས་ཅད་ལས་ཚུལ་ཁྲིམས་ཀྱི་དྲི་བཟང་འཐུལ་ཞིང་། སྐུ་མཚན་དཔེའི་དཀྱིལ་འཁོར་ལ་མཛེས་བརྗིད་ཀྱི་གཟི་མདངས་རྒྱས་ཤིང་ལྟ་བས་མི་ངོམས་པ་དང་། སྐུའི་བྱད་རང་བཞིན་གྱིས་གཙང་ཞིང་དག་པ་སོགས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟགས་མཚོན་མ་ལུས་པས་མཛེས་ཤིང་། བརྒྱ་རྩ་གཅིག་པའི་ལས་ལ་སོགས་པའི་གཞི་གསུམ་གྱི་གནས་ཐམས་ཅད་མ་འདྲེས་པར་ཐུགས་ཀྱི་ཐིག་ལེར་འཁྱིལ་བ་སོགས་བརྟན་མཁས་ཀྱི་ཡོན་ཏན་མ་ལུས་པ་ཚང་བའི་སྒོ་ནས་ཕྱི་སོ་སོར་ཐར་བའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཐམས་ཅད་ཚང་བ་དང་། ནང་ལྟར་ན་མདོ་སྡེ་རྒྱན་ལས། བཤེས་གཉེན་ཞི་ཞིང་དུལ་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་ཞིང་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། མང་དུ་ཐོས་ཤིང་ཤེས་རབ་ཆེ། །ཟང་ཟིང་རྙེད་པ་དོན་མི་གཉེར། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །དཀའ་བ་བཟོད་ཅིང་སྐྱོ་ངལ་ཆུང་། །མན་ངག་ཆེ་ཞིང་ལམ་ལས་གྲོལ། །རིགས་ལ་མཁས་ཤིང་དྲོད་ཚད་ཤེས། །བཅུ་གཉིས་ལྡན་ལ་བརྟེན་པར་བྱ། །ཞེས་པ་ལྟར་དུ། ཕྱོགས་དང་རིས་སུ་མ་ཆད་པའི་བྱང་ཆུབ་སེམས་ཀྱི་རྩལ་ཕྱོགས་མེད་ཏུ་རྒྱས་པའི་སྙིང་རྗེའི་གཞན་དབང་དུ་གྱུར་བས་དགྲ་གཉེན་བར་མའི་སེམས་ཅན་ཐམས་ཅད་ཕན་བདེའི་ཡུལ་དུ་སྙོམས་ནས། སྒྲོ་བསྐུར་སྨ་འབེབས་བྱེད་པ་སོགས་ཀྱང་སྙིང་རྗེས་མགྲོན་དུ་བཀུག་ནས་ནད་ཐེབ་བུ་ལ་མ་ཡིས་བརྩེ་བ་བཞིན་དུ་ལྷག་པར་གཅེས་པར་མཛད་པའི་རྒྱལ་སྲས་བྱང་ཆུབ་སེམས་པའི་རྟུལ་ཞུགས་འཆང་བ་དང་། དེ་ལྟ་བུའི་བྱང་ཆུབ་སེམས་མཆོག་འབྱོངས་པའི་རྩལ་གདངས་ཕྱི་རུ་རྒྱས་པའི་སྟོབས་ཀྱིས། མཛེས་བརྗིད་ཀྱི་ཞལ་རས་མཇལ་བ་ཙམ་གྱིས་ཀྱང་། དྲེགས་པས་མྱོས་པའི་དཔོན་རིགས། ལོག་འཚོས་རྒྱགས་པའི་བླ་རིགས། རྒྱགས་པས་གཟིར་བའི་འབྱོར་ཅན། རྟོག་གེས་དཔྱོད་པའི་ཆོས་དྲེད། ཕྱོགས་འཛིན་ཅན་གྱི་བླུན་པོ་སོགས་ཀྱང་། དད་པའི་སྤུ་ལོང་གཡོ། བློ་སྣ་དགེ་ལ་འགྱུར། ང་རྒྱལ་ཁེངས་དྲེགས་ཞི། བཀུར་སྟི་དང་བྱིན་རླབས་ཞུ་བ་སོགས་སུ་འགྱུར་བས། རྟོགས་པས་བདག་རྒྱུད་ཐུལ་ཅིང་སྙིང་རྗེས་གཞན་རྒྱུད་འདུལ་བའི་བྱང་སེམས་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཀྱང་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡིན། གསང་བ་ལྟར་ན་ཀུན་མཁྱེན་ཕྱི་མ་རིག་འཛིན་འཇིགས་མེད་གླིང་པས། སྡོམ་གསུམ་གནང་བཀག་གཙང་མའི་ས་གཞི་ལ། །ཐོས་དང་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན། །སྡེ་སྣོད་སྔགས་རྒྱུ་རྒྱ་མཚོའི་ཆོ་གར་མཁས། །སྤངས་རྟོགས་ཡེ་ཤེས་དྲི་མེད་འབྲས་བུས་ཕྱུག །བསྡུ་དངོས་བཞི་ཡི་མེ་ཏོག་རྣམ་བཀྲ་བས། །སྐལ་བཟང་སློབ་མའི་བུང་བ་སྡུད་ལ་བསྟེན། །ཞེས་གསུངས་པ་ལྟར་དུ་ཕྱི་སོ་ཐར་གྱི་སྡོམ་པས་དབང་པོ་འཁོར་བའི་ཕུན་ཚོགས་ཀྱི་རྗེས་སུ་འབྲང་བ་ལས་སྡོམ་པ་དང་། ནང་བྱང་སེམས་ཀྱི་སྡོམ་པས་རང་འདོད་ཡིད་བྱེད་ཀྱི་འཁྲི་བ་རྩད་ནས་བཅད་ཅིང་། གསང་བ་སྔགས་ཀྱི་སྡོམ་པས་ཐ་མལ་སྣང་ཞེན་གྱི་མཚན་རྟོག་དག་ནས་དུལ་བ་སྟེ། དུལ་བ་གསུམ་ལྡན་གྱི་ངོ་མཚར་ངོམས་པ་དང་། མདོ་རྒྱུད་བསྟན་བཅོས་ཀྱི་གནས་ཀུན་ལ་མཁྱེན་དཔྱོད་ཀྱི་ཤེས་རབ་ཟབ་མོ་རྒྱས་པས། རྒྱུད་ལུང་དང་སྡེབ། ལུང་མན་ངག་དང་སྦྲེལ། མན་ངག་ཉམས་མྱོང་གིས་བརྒྱན་ནས་བཀྲལ་བ་ལ་གཞན་དྲིང་མི་འཇོག་པ་གསང་བདག་དགའ་རབ་དཔའ་བོ་དང་། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་བརྟུལ་ཞུགས་འཛིན་པ་ནི། ཀུན་གྱི་མཐོང་ཆོས་སུ་གྲུབ་ཅིང་གྲགས་པ་ཡིན་ལ། དེའི་མ་ཚད་ཐ་ན་ཆོ་ག་སྒྲུབ་ཕྲིན། གར་དབྱངས་ཕྱག་རྒྱ། བར་ཆད་སྲུང་ཟློག སྡོམ་འབོག་དབང་བསྐུར་དང་བཅས་པ་ལ་བཀའ་བབས་མཁས་པའི་ཡང་རྩེ་རུ་སོན་ནས་མཚུངས་པའི་ཟླ་དང་བྲལ་བ་དང་། མདོར་ན་སྣང་བཞི་མཐར་རུ་ཕྱིན། གདེངས་གཞི་མངོན་དུ་གྱུར། དངོས་བཞིའི་ཐབས་ལ་མཁས་པ་སོགས་གསང་སྔགས་མཆོག་གི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན། དེ་ལྟ་བུའི་སྙིགས་ལྔའི་རྒུད་པ་སེལ་བའི་སྟོན་པ་ཆེན་པོ་རུ་བཞེངས་ནས་གདུལ་བྱའི་སྐྱེ་བོ་ཀུན་གྱི་དཔལ་དུ་རང་གི་ཐུགས་ཉམས་སུ་བཞེས་པའི་དམ་པའི་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་ནས་བསྐལ་ངན་གྱི་གདུང་བ་སེལ་བར་མཛད་པའི་ཚུལ་ཡང་། དབུ་མ་རིན་ཆེན་ཕྲེང་བ་ལས། བརྡ་སྤྲོད་པ་དག་ཇི་ལྟ་བུ། །ཡི་གེའི་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་དང་། འཕགས་པ་ལྷས། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཕྱིས་ནས་ལྟ་གཞི་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཅེས་པའི་རིམ་པ་དང་མཐུན་པར་གདུལ་བྱ་ཐུན་མོང་པ་རྣམས་ལ་ཚིགས་གསུམ་བསླབ་པའི་རིམ་པ་གནང་བས་སྒོ་ཕྱེས་ནས། ཐུན་མོང་བློ་ལྡོག་རྣམ་བཞིའི་ཁྲིད་བཏབ་ཀྱིས་ངེས་འབྱུང་དང་སྐྱོ་ཤས་བསྐྱེད་ནས་བློ་ཆོས་སུ་འགྲོ་བར་མཛད། ཐེག་པ་ཆེན་པོའི་རིགས་སུ་ངེས་པའི་ལས་ཅན་རྣམས་ལ་ཟབ་དང་རྒྱ་ཆེའི་སྲོལ་གཉིས་ཀྱི་ལམ་ནས་བྱང་སེམས་ཀྱི་སྡོམ་པ་གནང་བས་སྐབས་ཕྱེས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལས་རྩོམ་པའི་ཟབ་རྒྱས་ཆོས་ཀྱི་ཆར་ཆེན་གྱིས་ཆོས་ལམ་དུ་འགྲོ་བ་མཛད། སྐལ་བ་མཆོག་ཏུ་ལྡན་པ་རྣམས་ལ་དབང་བྱིན་རླབས་དང་བཅས་ཏེ་བསྐུར་བ་དང་། རྒྱུད་གོ་རྟོགས་དང་བཅས་པ་འཆད་པ་དང་། གདམས་ངག་ངེས་ཤེས་དང་བཅས་ཏེ་བསྟན་པའི་སྒོ་ནས་ལམ་གྱི་འཁྲུལ་བ་སྦྱངས། ཡང་རབ་ཐེག་དགུའི་རྩེ་རྒྱལ་གྱིས་འདུལ་བ་རྣམས་ལ་ འོད་གསལ་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་ཀྱི་རིམ་པ་ཅོག་བཞག་རྣམ་པ་བཞིའི་ལྷུམས་སུ་བཅུག་ནས་མ་བཅོས་སེམས་ཀྱི་གནས་ལུགས་ཀུན་ཏུ་བཟང་པོ་ཡེ་ཇི་བཞིན་པའི་དགོངས་པ་ལྷག་གེར་བསྟན་པས་གཞི་བཅས་ནས། ལྷུན་གྲུབ་ཐོད་རྒལ་གྱི་རིམ་པ། ཉི་མ་སེར་ཁྲིད། ཟླ་བ་དཀར་ཁྲིད། མར་མེ་དམར་ཁྲིད། མུན་པ་ནག་ཁྲིད་དེ་ཁྲིད་ཆེན་བཞི་ཡི་སྒོ་ནས་ཟུང་འཇུག་འོད་གསལ་ཆེན་པོའི་གནད་མངོན་སུམ་དུ་བསྟན་ནས་འཁྲུལ་བ་ཡེ་ཤེས་སུ་དག་པར་བྱས་ཏེ་རྒྱལ་བསྟན་ཡོངས་རྫོགས་གཞིར་བཞེངས་སུ་སློང་བའི་ཆོས་ཀྱི་སྒྲོན་མེ་ཆེན་པོ་སྦར་ཏེ། སྙིགས་ལྔའི་བསྐལ་བ་ངན་པས་གཟིར་བའི་སྐྱེ་འགྲོ་ཡོངས་རྨོངས་པའི་མུན་ནག་ལས་བསྒྲལ་ནས་མངོན་མཐོ་དང་ངེས་ལེགས་ཀྱི་གནས་སུ་དབུགས་འབྱིན་པ་མཛད། ཡོ་བྱད་དང་ཕྱག་རྫས་ཐམས་ཅད་ལ་འཛིན་ཆགས་དང་བྲལ་བའི་འཕགས་པའི་བརྟུལ་ཞུགས་ཀྱིས་དད་རྫས་ཐམས་ཅད་བསྟན་དང་འགྲོ་བའི་གསོས་སྨན་གྱི་ཟུངས་སུ་བསྐྲུན་ནས་འབྲེལ་ཚད་ཐམས་ཅད་ཚོགས་གཉིས་མངོན་པར་མཐོ་བའི་སྤོ་ལ་བཀོད་པར་མཛད། ཕྱི་རབས་བསྟན་པའི་བཙས་སུ་སྐུ་ཡི་འདྲ་འབག གསུང་གི་རྒྱལ་ཚབ། ཐུགས་ཀྱི་དགོངས་པ། ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ། མ་འོངས་སྐྱེ་བོ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་སའི་མཆོད་སྡོང་ཆེན་པོ། གསུང་གླེགས་བམ་གྱི་རྣམ་པས་འཇོག་པ་སོགས་མདོར་ན་མཁས་པའི་ཕུལ་དུ་ཕྱིན། གྲུབ་པའི་མཐའ་རུ་སོན། བཙུན་པའི་ཕ་རོལ་ཏུ་ཕྱིན། ཕྲིན་ལས་མཁའ་ལྟར་དུ་ཁྱབ་པ་སོགས་ཚད་མེད་ཡོན་ཏན་རྒྱ་མཚོའི་རྣམ་གྲངས་འཕགས་པའི་ལྗགས་ཀྱིས་ཀྱང་བརྗོད་དུ་མི་ལང་བ་སྟེ། དཔལ་ལྡན་ཟླ་བས། ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི། །འདི་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན། །སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི། །ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར། །ཞེས་གསུངས་པའི་ཕྱིར་ན། བདག་ལྟ་བུས་ནི་ཆ་ཤས་ཙམ་ཡང་སྨྲ་བའི་རྔོ་ཐོག་པ་མིན་ཕྱིར་དེ་ཙམ་གྱིས་ཆོག་པར་བྱས་ནས། སྐབས་སུ་བབ་པ་ནི། སློབ་དཔོན་ཆེན་པོས། ལྷ་དང་བླ་མ་ནམ་དྲན་དུས་ཉིད་དམ། །ཚོགས་པ་རྒྱ་མཚོའི་དབུས་དང་ཆོས་འཕེལ་ཚེ། །ཆོས་སྤྱོད་ཀུན་གྱི་སྙིང་པོ་མཎྜལ་འབུལ། །ཞེས་གསུངས་པ་ལྟར་དུ་ད་རེས་རྒྱལ་ཀུན་གསུང་གི་རྡོ་རྗེའི་ཞིང་སྨོན་མཆོད་འབུལ་གྱི་རིམ་པས་མཚོན། སྟོབས་ཆེན་བསོད་ནམས་བགྱི་བ་ཆེན་པོ་ལེགས་འགྲུབ་བྱུང་བའི་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་གྱི་འཕགས་ཚོགས་འདུས་པའི་དབུས་སུ། རྣམ་དཀར་དགེ་བའི་ཆོས་ཚོགས་རྣམ་པར་འཕེལ་བའི་དུས་ཀྱི་འཛུམ་ཞལ་གསར་དུ་འཛུམ་པ་དང་ཆབ་གཅིག ལྷར་བཅས་སྐྱེ་དགུ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་ས་དམ་པ་གང་གི་བཀའ་དྲིན་གྱི་ཆ་ཤས་ཕྲ་མོ་ཡང་། བདག་ཅག་ལྟོས་བཅས་ཡོངས་ཀྱིས་རེ་རེ་བཞིན་དུ་རྡུལ་སྙེད་སྟོང་གསུམ་གྱི་ཞིང་ཀུན་སྣ་ཚོགས་རིན་ཆེན་གྱིས་བཀང་ནས། བསྐལ་བར་རྒྱ་མཚོའི་བར་དུ་རྒྱུན་མི་ཆད་པར་ཕུལ་བར་བྱས་ཀྱང་ཆ་ཙམ་གཞལ་བའི་གོ་སྐབས་དང་བྲལ་བའི་བསམ་པ་མངོན་དུ་བྱས་པའི་སྒོ་ནས། སྣོད་བཅུད་ལྷ་མིའི་འབྱོར་པ་རྒྱ་མཚོ་མཎྜལ་གྱི་བཀོད་པ་ལ་བརྟེན་ནས་མངོན་པར་ཡོངས་སུ་བཀང་བས་དམིགས་རྟེན་བྱས་ཏེ། བདག་ཅག་རྣམས་ཀྱི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུར་རྣམ་པར་འཕྲུལ་བའི་ཏིང་ངེ་འཛིན་ལས་བྱུང་བའི་བླ་ན་མེད་པའི་མཆོད་སྤྲིན་གྱི་བཀོད་པ་བླ་མ་སྤྲུལ་སྐུའི་ཞིང་དུ་དམིགས་ཏེ་འབུལ་བ་ཕྱི་ཡི་མཎྜལ། ཡེ་ཤེས་ལྔ་ཡི་རང་མདངས་འཚེར་ཞིང་གཞི་དང་། རྒྱན་དང་། བཀོད་པ་ཚད་མེད་པའི། རྣམ་དག་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ། སྒེག་སོགས་འདོད་ཡོན་གྱི་ལྷ་མོས་བཀང་སྟེ་བླ་མ་ལོངས་སྐུའི་ཞིང་དུ་དམིགས་ཏེ་འབུལ་བ་ནང་གི་མཎྜལ། ཀ་དག་སྤྲོས་པ་དང་བྲལ་བའི་ནང་དབྱིངས་ཀྱི་ནམ་མཁའ་ལ། ལྔ་ལྡན་འོད་གསལ་གྱི་ཚོམ་བུ་ལྷུན་གྲུབ་རང་ཤར་དུ་བཀོད་ནས་བླ་མ་ཆོས་སྐུའི་ཞིང་དུ་དམིགས་ཏེ་འབུལ་བ་གསང་བའི་མཎྜལ། འཁོར་འདས་ཀྱི་སྣང་ཆར་ཤར་བའི་ཕྱི་ནང་གསང་བའི་མཆོད་སྤྲིན་གྱི་ཕུང་པོ་ཡོད་དོ་ཅོག་རིག་སྟོང་གཉུག་མའི་ཡེ་ཤེས་ཀྱི་རང་མདངས་ལས་གཉིས་སུ་མེད་པར་ཤེས་ནས། དབྱིངས་རིག་འདུ་འབྲལ་མེད་པའི་ངང་དུ་མཉམ་པར་བཞག་པ་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་མཎྜལ་ཏེ། དེ་ལྟར་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པའི་མཎྜལ་ཕུལ་ནས་དད་པས་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་སྙིང་པོ་ནི། ཀུན་མཁྱེན་རྒྱལ་བའི་དབང་པོའི་རྒྱལ་ཚབ་དམ་པ་གང་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་ནམ་ཡང་འགྱུར་བ་མེད་པར་ངེས་པ་ལྔན་གྱི་རང་བཞིན་དུ་འཁོར་བ་ཇི་སྲིད་ཀྱི་བར་དུ་བདག་ཅག་རྣམས་ཀྱི་སྐྱབས་དང་། མགོན་དང་དཔུང་གཉེན་དུ་བཞུགས་པར་ཞུ་བ་དང་ཆབ་གཅིག ཟབ་རྒྱས་དམ་པའི་ཆོས་ཀྱི་འཁོར་ལོ་མི་བསྐོར་བར་སྐུ་མཚམས་བཅད་རྒྱ་མཛད་པའི་གསུང་བབས་ནམ་ཡང་མི་གནང་བར་ཞུ་ཞུ་ཞུ།
བསྟན་དང་འགྲོ་བའི་དཔུང་གཉེན་དམ་པ་བཀའ་དྲིན་སུམ་ལྡན་གྱི་བདག་ཉིད་ཁྱབ་བདག་རྩ་བའི་བླ་མ་གང་གི་སྐུ་ལ་ཉེར་འཚེ་ཕྲ་མོ་ཙམ་གྱིས་ཀྱང་གུས་པ་མེད་པར། སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་རྟེན་འབྲེལ་དུ། གཞི་སྟོང་ཉིད་ཅིར་ཡང་མ་ཡིན་པའི་ངང་ནས་ཅིར་ཡང་འཆར་དུ་རུང་བའི་རྩལ་སྣང་གི་རྟེན་འབྲེལ་གྱིས་རིན་པོ་ཛྷཻ་ཀྵིམ་ལས་གྲུབ་པའི་ཚེ་འཛིན་ཚེ་ཡི་ལྷ་ཚོགས་ཀྱི་སྤྱི་གཟུགས་རྒྱལ་བ་ཚེ་དཔག་མེད་པ་དངོས་དང་རྣམ་དབྱེར་མ་མཆིས་པའི་ངོ་བོ་རུ་འབྱོན་པ་ཞིག་གིས་གཙོས་པའི་ལི་སྐུ་འབྱོན་ལེགས་གསུམ། གསུང་འགག་པ་མེད་པར་འཁོར་བ་ཇི་སྲིད་ཀྱི་བར་དུ་ཟབ་རྒྱས་ཆོས་སྒྲ་སྒྲོག་པའི་རྟེན་འབྲེལ་དུ། བརྗོད་མེད་བརྗོད་པ་བྲལ་བའི་རང་རྩལ་དབྱངས་གསལ་ཨེ་ཝྃ་གྱི་རྣམ་པ་རུ་ཤར་བ་དེ། སྒྲ་ཚིག་བརྗོད་པའི་གདངས་སུ་འཕོས་ནས་རྨོངས་སེལ་གསུང་རབ་ཀྱི་ངོ་བོ་རུ་སྣང་བའི་རྒྱལ་བའི་བཀའ་འགྱུར་རོ་འཚལ་ཆ་གཉིས་དང་བསྟན་བཅོས་འགྱུར་རོ་ཅོག་ཆ་གཅིག ཐུགས་མཁྱེན་བརྩེ་ཡི་ཏིང་འཛིན་གཡོ་བ་མེད་པར། འགྲོ་ཁམས་རྒྱ་མཚོའི་དཔལ་དུ་རྟག་ཁྱབ་ལྷུན་གྲུབ་ཏུ་ཤར་བའི་རྟེན་འབྲེལ་དུ། འོད་གསལ་ལྷུན་གྲུབ་ཀྱི་རང་གདངས་ལས་རང་བྱུང་དུ་འཁྲུངས་པའི་ལི་གསེར་ལས་གྲུབ་པའི་བཀའ་གདམས་མཆོད་རྟེན་ཆ་གཉིས། ཡོན་ཏན་དང་ཕྲིན་ལས་ཕྱོགས་མེད་དུ་རྒྱས་ནས་མཁའ་དང་མཉམ་པའི་འགྲོ་བ་ཐམས་ཅད་དབུགས་འབྱིན་ཆེན་པོའི་དགའ་སྟོན་ལ་བཀོད་པའི་རྟེན་འབྲེལ་དུ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད། བཀྲ་ཤིས་རྟགས་བརྒྱད། སྟག་གདན་གཅིག གྲུམ་ཙེ་ཆ་གཅིག ན་བཟའ་ཆ་ཚང་། གོས་ཆེན་སྣེ་དགུ། ཚེ་ཐར་བརྒྱ། ཇ་སྒམ་བརྒྱ། མར་རྡོ་གཅིག་ལ་སོགས་པས་མཚོན་ཡིད་སྤྲུལ་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་སྤྲོ་བ་ལགས་ན་བརྩེ་བཞེས་ཐོག་གསོལ་འབྲས་དོན་ཡོད་ཀྱི་ཞལ་བཞེས་གནང་བར་མཁྱེན་མཁྱེན་མཁྱེན།།
སླར་སྨས་པ།
སེམས་བསྐྱེད་ཀུན་སློང་དག་པའི་ཉེར་ལེན་དང་།།
འཁོར་གསུམ་དམིགས་བྲལ་མཆོད་པའི་དགེ་ཚོགས་རྒྱུན།།
གནས་དྲུག་བརྒྱུད་ལྔར་འཕྱན་པའི་ཁམས་གསུམ་འགྲོས།།
ངེས་པ་དོན་གྱི་བདེ་ཆེན་ཐོབ་ཕྱིར་བསྔོ།། མངྒ་ལཾ།། །།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།