བོད་ཀྱི་གནའ་བོའི་སྙན་ངག་གྱེར་འདོན་སྐོར་ཅུང་ཟད་གླེང་བ།

IMG_0347.JPG

  ནང་དོན་མདོར་བསྡུས།བོད་ཀྱི་གནའ་བོའི་བསྟན་བཅོས་སུ་གྱེར་ཞེས་པའི་ངོས་འཛིན་དང་བརྡ་སྤྲོད་ཀྱི་གཞུང་དུ་གདངས་ལ་སྔ་གང་ཞིག་བྱུང་བ།དེ་ལྟར་སྔར་གྱི་བསྟན་བཅོས་སུ་གྱེར་བའི་སྣང་ཚུལ་མང་དུ་བྱུང་བའི་དཔེར་མཚོན་བཅས་བཀོད་དེ།བོད་རང་གི་སྐད་གདངས་དང་མཐུན་པར་གྱེར་འདོན་གྱི་ལས་རིགས་ལ་གཞོལ་དགོས་ཚུལ་བསྟན་པའོ།།

གནད་ཚིག  གྱེར།   ཨ།  གདངས།  དབྱངས། 

  བོད་ཁམས་ཀྱི་ས་བབ་ཆགས་ཚུལ་ནི་ཡུལ་གྲུ་གཞན་དང་མི་འདྲ་བས།མིའི་འཚོ་གནས་ཀྱི་མཁའ་དབུགས་ཉེན་ཁའི་རང་བཞིན་དུ་བརྗོད་ནའང་།བོད་མི་རིགས་ནི་མཐོ་སྒང་གི་རང་བྱུང་ཁམས་སུ་ལོ་ངོ་སྟོང་ཕྲག་མང་བོར་ཤེས་རབ་དང་སྙིང་སྟོབས།ཐབས་ཤེས་ལ་བརྟེན་ནས་འཚོ་གནས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པ་བསྐྲུན་ཡོད་དེ།ཏུན་ཧོང་ཡིག་རྙིང་གི་གཉའ་ཁྲི་བཙན་པོའི་སྐོརP1286ལས།གནམ་གྱྀ་ནི་དབུས།ས་འྀ་ནི་དཀྱིལ།གླྀང་གི་ནི་སྙིང་པོ།གངས་ཀྱི་ནྀ་ར་བ།ཆུ་བོ་ཀུན་གྱི་མགོ་བོ།རྀ་མཐོ།ས་གཙང་།ཡུལ་བཟང་།ཞེས་གསུངས་པ་བཞིན།གནའ་བོའི་མི་རིགས་ཀྱིས་རང་ཉིད་ཀྱི་འཚོ་གནས་ལ་གོམས་ཤིང་།དེ་ལ་བཅངས་པའི་བརྩེ་སེམས་རྗེན་ནེར་མངོན་པར་མ་ཟད།རང་བྱུང་ཁམས་དང་ངོ་བོ་གཅིག་ཏུ་འདྲེས་ཤིང་ནང་གི་ཡིད་འགྱུར་ཕྱི་རོལ་ཡུལ་ལ་འཕོས་པའི་དུང་སེམས་ཀྱི་ངག་རྟ་སྒྱུ་རྩལ་དུ་མཚོན་པར་བྱེད།ས་པཎ་གྱི་རོལ་མོའི་བསྟན་བཅོས་ལས།དབུས་པ་རྣམས་ཀྱིས་ལྡིང་ཞིང་འགྱུར།།གཙང་བ་འཚེར་ཞིང་གསལ་བ་ཡིན།།གཙེར(བཙིར)ཞིང་མདུད་པ་མངའ་རིས་པ།།ཞེས་གསུངས་པ་ལྟར་རོ།།གནའ་ནས་མཐོ་སྒང་དུ་ངག་གི་དབྱངས་རྟ་མཐོ་རུ་འགུག་པའི་སྲོལ་ག་བྱུང་།ཏུན་ཧོང་ཡིག་རྙིང་གི་གནམ་རི་སྲོང་བཙན་སྐོརP1287ལས།ན་ནྀང་ནི་གཞེ་ནིང་སྔ།།ཏྀ་སེ་ནི་གངས་དྲུང་ནས།།ཤ་དང་ནྀ་རྐྱང་བྱེར་བའ།།ཤམ་པོ་ནྀ་རྩ་ལ་བྱེར།།དྀ་རིང་ནྀ་སང་ལྟ་ན་ཤམ་པོ་ནི་གཉན་གྱྀ་རྩ།།ཞེས་ཚོར་བའི་ཀློང་ནས་བརྡོལ་བའི་མགུར་རྟའི་འགྱུར་བག་གི་ཁྲོད་དུ་ཕྱི་རོལ་ཐུན་མིན་སྣོད་ཀྱི་གངས་རི་ཏི་སེ་དང་ཡར་ལྷ་ཤམ་པོ་བཅས་མཛེས་པའི་བཀོད་པ་དང་ནང་བཅུད་ཀྱི་རི་སྐྱེས་སོགས་ཡུལ་ཅན་གྱི་དགའ་སྐྱོའི་མཚོན་དཔེའི་སྣང་བརྙན་དུ་གསོན་པོར་ཤར་ཞིང་།གནའ་མིའི་སྣང་བ་དང་སྤོབས་པ།བརྩེ་དུང་གི་ཉམས་སྣང་ངག་གི་སྒྱུ་རྩལ་གྱི་བཀོད་པ་མཛེས་ཤིང་སྡུག་པར་བཞེངས་སྐྲུན་བྱས།རི་བོ་མཐོ་ཞིང་བརྗིད་པའི་ཁོར་ཡུག་ནས་ཆེས་མཐོ་བའི་ངག་གི་དབྱངས་རྟ་འདྲ་མིན་གྱི་སྒྱུ་རྩལ་འཕེལ་རྒྱས་བྱུང་།དེ་ལས་གྱེར་བའི་སྒྱུ་རྩལ་ཡང་རི་རབ་ཀྱི་རྩེ་ནས་འཚོ་བའི་རྐང་དུ་ཟུག་པའི་རིག་གནས་ཀྱི་རྩ་ལག་ཆེན་པོ་ཞིག་ཏུ་གྱུར་བས་ཅུང་ཟད་གླེང་བར་བྱའོ།།

གཅིག  གྱེར་བའི་ཐ་སྙད་ཀྱི་ཁུངས་འཚོལ་བ།

  སྔར་གྱི་ཏུན་ཧོང་ཡིག་རྙིང་དང་གཏམ་ཤུལ་དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་སོགས་སུ་གྱེར་གྱི་ཐ་སྙད་ཧ་ཅང་ལ།དེ་དག་སྐབས་རེར་བོན་དུ་གོ་བ་ལས།གཞན་གཙོ་བོ་ཆོ་ག་ངག་ཏུ་གྱེར་བར་འཇུགསྔར་ཡི་གེ་འབྲི་ཚུལ་ཅུང་མི་འདྲ་བ་མཆིས་ཏེ།གྱེར་དང་འགྱེར།བགྱེརད།བསྒྱེར།བསྒྱེརད་ཅེས་ཅི་རིགས་སུ་བྲིས་པར་སྣང་ཡང་།དེ་དག་ནི་དོན་གཙོ་བོ་ངག་གི་གདངས་མཐོ་རུ་བཏེགས་པ་ཞིག་ཏུ་གོ་ཆོག་པར་སྣང་།ཐ་སྙད་དེ་དག་ཀྱང་ཁུངས་རྩ་དེད་ན་ཀེར་དང་ཁེར་ཞེས་པར་འབྲེལ་བ་ངེས་ཅན་དུ་ཡོད་པར་མ་ཟད།གྱེར་དང་མཆེད་ཁུངས་གཅིག་ཏུ་ངེས་ཤིང་རིམ་གྱིས་འཕེལ་འགྱུར་བྱུང་སྟེ་དོན་གྱི་གོ་བའང་སོ་སོར་གྱེས་པར་ངེས།སྤྱིར་ན་ཐ་སྙད་འདི་ནི་བོད་ཀྱི་འཚོ་བའི་ཀློང་དུ་ཡན་པའི་དམངས་སྐད་ཅིག་ཡིན་ནའང་།རིམ་གྱིས་བོན་བསྟན་གྱི་གཞུང་ཚིག་རྟ་ལ་འདྲེན་པའི་ཐུན་མིན་ཆེད་སྤྱོད་བརྡ་ཆད་ཅིག་ཏུ་གྱུར་བར་སྣང་།བོན་གྱི་སྒྲ་བསྒྲགས་རིན་ཆེན་གླིང་གྲགས་ལས།བོན་གྱི་བློན་པོ་དུན་བེར་ལུགས་ཀྱིས་བོན་གྱེར་བ་སྐད་བསྟན་པས་ཆོགཅེས་གསུངས།སྔར་གྱི་གཞུང་ལས།གསང་བ་འདུས་པའི་མཎྜལ་མཆོད་པའི་ཆོ་ག་བོན་པོའི་གཤེན་དབྱངས་འཐེན་པ་ལྟར་གྱེར་འདོན་དུ་བྱེད་པ་ལ་བསམ་གཏན་སྒྲུབ་མཆོད་དུ་མིང་བཏགས་པ་ནི་གསང་སྔགས་ཀྱི་རྣམ་གཞག་ཚིག་ཙམ་ཡང་རྣ་བའི་བུ་གར་མ་སོང་བ་མཚོན་པར་བྱེད།ཅེས་གསུངས་པས་ཀྱང་།ནང་བའི་གཞུང་གི་དབྱངས་རྟ་ལ་སྔ་མོ་ནས་གྱེར་བའི་ཐ་སྙད་ཅུང་བཀག་པའི་སྣང་ཚུལ་ཡོད་མོད།དོན་དུ་དབྱངས་རྟའི་འཐེན་ལུགས་མ་འདྲ་བ་ཙམ་ལས་ནང་བར་ཡེ་ནས་གྱེར་རྟ་མེད་མིན་ནོ།།

  བཤད་མཛོད་ཡིད་བཞིན་ནོར་བུ་ལས།དམ་ཆོས་ཉམས་སུ་བླངས་ནས་འགྱེར་བས་འགྱེར་ཞེས་བྱ།ཚིག་ལ་བཙུད་པས་དབྱངས་ཞེས་བྱ།ཞེས་གསུངས་ཏེ།དམ་ཆོས་ཉམས་ལེན་དུ་གྱེར་བའི་དབྱངས་རྟ་ཞིག་ཏུའང་གོ་བར་གསུངས་པ་བཞིན།བན་བོན་གྱི་གཞུང་གཉིས་ལ་གྱེར་བའི་དབྱངས་ཀྱིས་ཡོངས་སུ་ཁྱབ་ཡོད་ནའང་།གྱེར་ཞེས་པའི་ཐ་སྙད་ནི་ཐུབ་པའི་གཞུང་དུ་རིམ་གྱིས་ཅུང་བག་ལ་བྱ་བར་གྱུར་སྣང་ཡང་།དབྱངས་རྟ་ནི་དུས་ནམ་ཡང་ཡལ་མ་མྱོང་བའོ།།

གཉིས། གྱེར་འདོན་གྱི་རྨང་གཞི་སྐད་གདངས་ཀྱི་རྩ་བར་ལྟ་བ། 

 འགྲོ་བ་མིའི་རིགས་ཀྱི་ཐོག་མའི་ངག་སྒོ་འབྱེད་པའི་དབྱངས་ཀྱི་ང་རོ་ནི་ཨ་ཞེས་པ་ལས་བྱུང་བ་ཡིན་པར་ངེས་ཏེ།འཛམ་གླིང་དབྱངས་ཡིག་མང་བོའི་ཁྲོད་དུ་ཨ་ཡོད་པས་གསལ་བོར་རྟོགས་ནུས་པར་འདོད།དེང་རབས་སྐད་རིག་པས་ཚོར་ཉམས་སྨྲ་བ་ཞེས་སུ་འདོད་པའང་རྒྱུ་མཚན་ངེས་ཅན་ཡོད་དེ།མིའི་རིགས་ཀྱི་དགའ་སྐྱོ་ཆགས་གདངས་ཀྱི་ངག་སྒོ་ཐོག་མར་འབྱེད་བྱེད་ང་རོ་དང་བོ་ནི་ཨ་ཡིན་ཆོག་སྟེ།སློབ་དཔོན་བསོད་ནམས་རྩེ་མོས།ཨ་ཉིད་མ་ཡི་གེར་བརྗོད།།ཞེས་གསུངས་ལ།ས་པཎ་གྱིས་ཀྱང་།རྩ་བའི་ཡི་གེ་ཨའོ།།ཞེེས་དང་།ཡང་ཁོང་གིས།ཨ་ནི་ཡིག་འབྲུ་ཀུན་གྱི་སྲོག།མིང་ཚིག་རབ་ཏུ་གསལ་བར་བྱེད།།ཅེས་གསུངས།དེ་ལས་ཀྱང་ཅུང་གསལ་བར་གསུངས་པ་ནི།བཅོམ་ལྡན་རིག་པའི་རལ་གྲིས།བརྗོད་ཚུལ་ནི་ཐམས་ཅད་ཀྱང་ཨ་ཁོང་ན་གནས་ཤིང་མིག་འཛུམ་གྱི་ཚད་དུ་བརྗོད།ཅེས་གསུངས་ཡོད།ཕྱིས་སུ་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་ལས།ཡི་གེ་མ་ནི་ཨ་ཡིན་ནོ།།ཨ་ནི་རང་ཉིད་བརྗོད་རུང་བས།།སེང་གེ་ལྟ་བུ་ཨ་ཞེས་བྱ།།ཞེས་གསུངས།དེ་བཞིན་དུ་སུམ་ཅུ་བ་ལ་ཕྱོགས་ལྷུང་མེད།ཅེས་པ་དང་།ཡང་།དབྱངས་ལྔ་ཡ་ར་ལ་ཝའི་འདོགས།ཞེས་ཨ་དབྱངས་སུ་བརྩི་བ་སོགས་ལས་ཤེས་ཐུབ།གཞན་ཡང་བོན་གཞུང་དུ།མུ་ཡེ་ཕུད་ཕྱྭའི་མཐར་ཐུག་བཞུགས་སོ་ཞེས་པ་ལས།ཡི་གེ་ཨ་ནི་དཀར་བོ་སྲིད།ཨ་དེ་འོད་དུ་ཞུ་བ་ལས།འོད་ཀྱི་མི་ཕོ་ཚོན་གང་སྲིད།ཞེས་གསུངས་ཏེ།ཨ་ལས་བཅུད་ཀྱི་སེམས་ཅན་སྐྱེད་འཕེལ་བྱུང་བར་བརྗོད་ཡོད།དེ་བཞིན་དུ་ནང་བའི་གཞུང་དུའང་།རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།།ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག།།ཅེས་གསུངས་པ་སོགས་ལས་ཨ་ནི་ཡི་གེ་ཀུན་གྱི་རྩ་བའི་གདངས་སུ་གྱུར་བ་ཤེས་ཐུབ་སྟེ།དེ་ལྟར་རིམ་གྱིས་ཨ་ཡི་གདངས་ཀྱི་ང་རོ་མཐོ་དམན་དང་རིང་ཐུང་།དྲག་ཞན་གྱི་ཁྱད་པར་བྱུང་སྟེ།མིང་ཚིག་གི་བརྡ་ཆད་ཀྱི་ལྷུ་རྐང་རེ་རེ་བཞིན་འགྲུབ་འགོ་ཚུགས་ཤིང་།དེ་དག་རེ་རེ་ལའང་ཡི་གེའི་གདངས་དྲག་ཞན་སོགས་ཀྱི་ཁྱད་པར་ཕྱེས་པས།ས་པཎ་གྱིས།འདྲེན་པའི་རྐྱེན་དུ་ཨ་ཨ་སོགས།།ཞེས་དང་།ཡང་།བཀུག་པའི་རྐྱེན་དུ་ཨའི་སོགས།།ལྟེངས་པའི་རྐྱེན་དུ་ཨ་ཨ་སོགས།།ཞེས་དབྱངས་ཀྱི་འདེགས་འཇོག་དང་འགྱུར་ཁུགས་ཀྱི་རྩ་བའི་ཨ་ཡི་གདངས་ལ་བརྟེན་ཏེ་བྱུང་བ་དེ་བཞིན་ནོ།།བོད་ཀྱི་ཡི་གེ་རེ་རེ་གདངས་རྟགས་རེ་རེ་ཡོད་པས།དེ་དག་ཕན་ཚུན་འཕྲད་ཅིང་སྦྲེལ་བ་ལས་མཐོ་དམན་དང་དྲག་ཞན།རིང་ཐུང་སོགས་གདངས་ཀྱི་ཁྱད་པར་ཅི་རིགས་ལ་བརྟེན་ནས་དེ་གདངས་འགྱུར་མང་བའི་བརྡ་སྤྲོད་པའི་ཐབས་ཀྱི་རྣམ་གཞག་གྲུབ་པ་ཞིག་སྟེ།དེ་ལྟར་རྩ་བའི་དབྱངས་མོ་དང་གསལ་བྱེད་ཕོ་རུ་འདོད་ཅིང་།ནང་གསེས་གསལ་བྱེད་ལའང་ཕོ་མོ་མ་ནིང་མོ་གཤམ།ཤིན་ཏུ་མོ་སོགས་གདངས་ཀྱི་དབྱེ་བ་ཕྱེས་པར་མ་ཟད།སྔོན་འཇུག་དང་རྗེས་འཇུག་སོགས་ཀྱང་དེ་བཞིན་དུ་གདངས་ཀྱི་མཐུན་སྦྱོར་ལས་ད་གཟོད་སྐད་ཆའི་བརྡ་ཐབས་ཤིག་ཏུ་གྱུར་བའོ།།འདི་ལྟར་བསམ་ན་འུ་ཅག་གིས་ཡི་གེའི་མཚན་ཉིད་ཀྱང་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་ཞེས་གདངས་འགྲོས་ཤིག་ཏུ་ངོས་འཛིན་པར་བྱེད།ཡང་།སྒྲ་གང་ཞིག་འབྲུར་ཆགས་པ།ཞེས་པ་སོགས་ཀྱང་དོན་དུ་སྒྲ་གདངས་ཤིག་ཏུ་འབབ་པོ།སྐད་ཆ་འགྲུབ་བྱེད་ཀྱི་མིང་དང་ཚིགངག་གི་བརྗོད་པ་དག་ཀྱང་རྩ་བའི་ཕྲ་ཕུང་དུ་སྐྱེས་གནས་མི་འདྲ་བའི་གདངས་ཀྱི་སྦོམ་ཕྲ་དང་རིང་ཐུང་།དྲག་ཞན་སོགས་ཀྱིས་ད་གཟོད་སྐད་ཆའི་གདངས་ཀྱི་རྩ་བ་གྲུབ་ཡོད་པའོ།།དེ་ལྟ་བུའི་སྐད་ཆ་དག་གྲུབ་པར་ས་གནས་ཀྱི་ཁྱད་པར་ཡང་ཆེ་སྟེ།དབུས་གཙང་གི་སྐད་དུ་དབྱངས་འགྱུར་ཅུང་མང་ལ་འཇམ་ཤས་ཆེ་བ་དང་།ཁམས་དང་ཨ་མདོའི་སྐད་དུ་གདངས་དྲག་ཅིང་དམ་པ་སོགས་ཀྱི་ཡོད་ལ།ཕལ་ཆེར་ལོ་རྒྱུས་རྒྱབ་ལྗོངས་ངེས་ཅན་ཞིག་ལས་བྱུང་བར་ངེས་ནའང་རེ་ཞིག་གླེང་བྱ་མིནཏེ།དེ་དག་ཀྱང་ནང་གསེས་སུ་གདངས་ཀྱི་དབྱེ་བ་ཕྲ་མོ་མང་དུ་མཆིས་ཀྱང་ཞིབ་ཏུ་བརྗོད་པའི་ངལ་བར་མ་བྱས་སོ།།འདི་ལྟར་སྙན་ངག་གྱེར་འདོན་གྱི་གདངས་ཀྱི་རྩ་བ་ཡང་སྐད་ཆའི་གདངས་ལས་བྱུང་ཞིང་།དེ་ཡང་ཡི་གེའི་གདངས་ལས་བྱུང་།དེས་ན་འགྲོ་བ་མིའི་གདངས་ཀྱི་ང་རོ་ཐོག་མ་ཨ་ཡིན་པའོ།།

གསུམ། གནའ་དུས་སུ་བོད་རང་ཉིད་ལ་གྱེར་འདོན་བྱུང་ཚུལ་བརྗོད་པ།

  རི་མཐོ་ཞིང་ལུང་གཞུང་ཟབ་པ།ཐང་ཡངས་དང་ཆུ་ཀླུང་རིང་མོ་དལ་དུ་འབབ་པའི་འཚོ་བའི་ཁོར་ཡུག་དང་མཐུན་པའི་སྐད་གདངས་ཤིན་ཏུ་མཐོ་བར་བྱུང་བས།དེ་ལྟར་ངག་གི་གདངས་མཐོ་རུ་བཏེགས་ཏེ་ཚིག་ཏུ་གྱེར་བ་དང་གླུ་རུ་བླངས་ཏེ།སྤྱིར་བཏང་བའི་སྐད་ཆའི་གདངས་ཀྱི་བརྡ་ཐབས་ལས་བརྒལ་བའི་ངག་གི་སྒྱུ་རྩལ་རིག་གནས་ཀྱི་ཁྱད་ཆོས་སྣ་མང་དར་རྒྱུ་རྐྱེན་ཞིག་ཏུ་གྱུར་བའོ།།ས་པཎ་མཆོག་གིས།རང་བཞིན་དུ་གནས་པའི་སྐད་དང་།དབྱངས་དང་བཅས་པའི་སྐད་དོ།།ཞེས་གསུངས་པ་ལས་ཀྱང་།རིམ་གྱིས་སྤྱིར་བཏང་བའི་སྐད་ཀྱི་གདངས་ཤིག་དང་།དེའི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བའི་དབྱངས་དང་བཅས་པའི་སྒྱུ་རྩལ་རང་བཞིན་གྱི་སྐད་གདངས་འགྱུར་ཞིག་སྟེ།གནའ་བོའི་ཆོ་ག་སོགས་དབྱངས་ཀྱི་གྱེར་སྐད་དང་གླུ་སྐད་ཀྱི་གདངས་སོགས་ཤིན་ཏུ་སྣ་མང་རང་བཞིན་དུ་འཕེལ་བའི་དབྱེ་མཚམས་ཤིག་ཏུ་གོ་ཆོག་པའོ།།དེ་ལྟ་ན་སྔར་གྱི་གླུའམ་མགུར་སོགས་ཀྱི་དབྱངས་རྟ་རེ་ཞིག་བཞག་སྟེ།སྔ་རབས་ཀྱི་བསྟན་བཅོས་དག་ཏུ་ཆོ་ག་དབྱངས་སུ་གྱེར་བའི་སྣང་ཚུལ་མང་དུ་རྙེད་དུ་ཡོད་པ་དག་ཅུང་ཟད་བརྗོད་ན།ཏུན་ཧོང་ཡིག་རྙིང་གིPel.tib.1134ལྷེའུ་ཡང་ཀའ་རྗེའི་རབས་ལས།གཉེན་གང་གིས།ནི།བལྟའ།བོན་གང་གིས།ནི།བགྱེརད།ཞེས་གསུངས་ཏེ།བོན་དུ་གྱེར་ཚུལ་གསལ་བོར་གསུངས་པར་མ་ཟད།ད་དུང་ཏུན་ཧོང་ཡིག་རྙིངPel.tib.1136ལས།ནབ་གསུཾ་བོན་གཤེན་བོན་དུ་བསྒྱེརད་ན་སང་འགི་ནམ་ནངས་ན་འགེག་ལུག་ནག་པོ་འགེག་ར་རྒྱ་བོ་ལ་བདུད་དགུ་ནི་བདུད་དུ་བོར་ཞིང་མཆིས།།ཞེས་པ་ལས་ཀྱང་ནུབ་གསུམ་ལ་གཤེན་གྱིས་བོན་གྱེར་ཚུལ་གསུངས་ལྟར་རེད།ཡང་།སྐུ་གཤེན་གྱེར་དབྱངས་བོན་འདི་གསུངས།ཁུ་བྱུག་སྔོན་མོས་གསུངས་ཡང་བསྒྲགས།ཞེས་གསུངས་ཏེ།འདི་ལྟར་བོན་གྱི་གྱེར་དབྱངས་སྙན་མོས་གང་དེས་དམེ་ཕོག་པའི་མནོལ་ཡང་བསང་བའི་ཚུལ་བརྗོད་འདུགཡེ་སྲིད་འཕྲུལ་གྱི་ཇུར(ཇུ)ཐིག་གི་མོ་བདར་ཆུང་བ་ཉེར་མཁོ་ཁྱེར་བདེ་བཞུགས་སོ་ཞེས་པ་ལས།རིགས་ཀྱི་ལྷ་བདར་ནས།ཁུངས་ཀྱི་སྨྲང་གྱེར་རོ།།ཞེས་རིགས་ཀྱི་ལྷ་ལ་བདེན་པ་བདར་ནས་བྱུང་བ་གསལ་བར་གྱེར་བརྗོད་ཅིང་།སྔར་ཞི་རྒྱས་དབང་དྲག་གི་གྱེར་བྱའི་ཆོ་ག་ལ་དེ་མཚུངས་ཀྱི་རྫས་ཚང་དགོས་པའི་ཆ་རྐྱེན་བསྒྲུབས་ཏེ་གྱེར་བའི་སྣང་ཚུལ་ཤེས་ཐུབ་སྟེ།གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་རྙིང་དུ།རུས་མྱི་གཅྀག་པའྀ་ཤ་ཁྲག་དང་།རྒྱ་བྱའི་བྲང་དཔགས་དང་།མཆིལ་པའྀ་གླད་པ་དང་།སྦྱར་དེ།ཕྲ་མེན་གྱི་ཞལ་བུར་གསལ་དེ་བསྒྱེར་རོ།།ཞེས་གསུངས་པས།ཤ་ཁྲག་དང་རྒྱ་བྱའི་བྲང་ལྤགས།བྱེའུ་མཆིལ་བའི་ཀླད་པར་སྦྱར་ཏེ་གྱེར་ཚུལ་ཡོད་པར་གཞིགས་ན།དེ་ནི་ལས་སྦྱོར་གྱི་ཆོ་ག་ཞིག་ཏུ་གོ་ཆོག་པར་མ་ཟད།གྱེར་དབྱངས་ཀྱང་ཐུང་ལ་དྲག་པ་ཞིག་ཏུ་ཚོད་དཔག་བྱེད་ཆོག་པར་སྙམ།དེའི་དཔེར་མཚོན་དུ།སྒྲ་བསྒྲགས་རིན་ཆེན་གླིང་གྲགས་ལས་ཀྱང་།བོན་ཤོད་རེ་དཀར་པོ་བཙན་ཐག་གིས།ཤ་ཁྲག་གི་གླུད་གཟུགས་བྱས་ནས།ཟངས་ཀྱི་གསས་མཁར་ནས་སྐྱོན་ཡོན་གྱི་ལྷ་བདར་ནས་གྱེར།ཞེས་ཤ་ཁྲག་གི་གླུད་གཟུགས་བྱས་ཏེ་གྱེར་དགོས་པའི་གནས་ཚུལ་གསལ་བོར་བཀོད་འདུག་པར་མ་ཟད།དེ་ལྟར་གྱེར་བས་མཐུ་ནུས་ཆེས་ཆེར་བྱུང་བའི་མཚོན་རྟགས་སུ།སྲིད་པ་རྒྱུད་ཀྱི་ཁ་བྱང་དུ།དེ་ནས་བར་གྱི་གྱེར་བཞི་ནི།ཞང་ཞུང་བོན་པོ་གསེར་ལ་མངའ་ཆེ་སྟེ།གསེར་ཛོ་གྲུབ་པས་གྲོང་ཁྱེར་རེ་བསྲེག་ནུས།རྫུ་འཕྲུལ་མཐུ་དགུས་གསེར་ཛོ་གཏོང་།ལྡོང་དང་མི་ཉག་གི་བོན་པོ་ལུགས་ལ་མངའ་ཆེ་སྟེ།སོོག་དམར་གྱི་ལྟ་བ་དཔྱད།སྤྲ་སོགས་གཡག་འཚོལ་གཡག་ཏུ་འོང་།ཤིང་གིས་འགས་པའི་རང་འགྲོས་སུ་འགྲོ།སེ་འ་ཞའི་བོན་པོ་ས་ལ་མངའ་ཆེ་སྟེ།བོན་དང་གཤེན་གྱི་གླུད་ལ་གྱེར་ཙམ་ན།ཁམས་ས་ཡི་མི་མོ་རང་འགྲོས་བྱེད་ནུས་སོ།ཞེས་སོགས་བོན་གྱེར་བའི་མཐུ་དང་ནུས་པ་ནི་བརྗོད་ལས་འདས་པའི་རྫུ་འཕྲུལ་གྱི་རང་བཞིན་ལྡན་པ་ཞིག་ཏུ་བཀྲལ་བས་ཀྱང་།གནའ་བོའི་བོན་ལ་གྱེར་བའི་རིག་གནས་ཀྱི་ཁྱབ་ཁོངས་རྒྱ་ཆེ་ཞིང་གཏིང་ཟབ་པར་མ་ཟད།དུས་ཡུན་རིང་བའི་གྱེར་འདོན་ལོ་རྒྱུས་ཀྱི་ཤུལ་ནོར་རྩ་ཆེ་བ་ཞིག་ཏུའང་གྱུར་ཡོད།འདི་ལྟར་བསམ་ཚེ་བོད་གདོད་མའི་རིག་གནས་ཁྲོད་ཀྱི་གྱེར་འདོན་གྱི་ལྟ་བས་སྤྱི་ཚོགས་ཧྲིལ་གྱིས་བཟུང་བ་ལྟ་བུར་གྱུར་བས།ཕྱིས་ཀྱི་མགུར་རྟ་དབྱངས་སུ་གྱེར་ཏེ་རྒྱལ་ཁམས་འགྲིམས་པའི་འབྲུག་པ་ཀུན་ལེགས་ཀྱིས་ཀྱང་།གསང་སྔགས་ཀྱི་སྤྱོད་པ་འདི།ཁྲོམ་དུ་གྱེར་རྒྱུ་མིན་ནའང་།ཁྱོད་སྔགས་པ་འགའ་རེས།ལྟོ་ལ་བལྟས་པའི་གསང་སྔགས་བོན་དུ་གྱེར་བ་ཅིག་འདུག་པ།ཞེས་ཁྲོམ་དུ་གསང་སྔགས་གང་བྱུང་དུ་བོན་ལུགས་སུ་གྱེར་བའི་སྣང་ཚུལ་ལ་ཅུང་ཟུར་ཟ་བྱེད་པའི་གནས་ཚུལ་ཡང་བྱུང་།དེ་བཞིན་དུ་དཔའ་བོ་གཙུག་ལག་ཕྲེང་བས་ཀྱང་།སྔགས་པ་ཕལ་ཆེར་ཡང་སྒྲུབ་ཐབས་འཆད་པ་དང་སྒོམ་པ་མེད་པར་བོན་པོའི་ཆོ་ག་ལ་མིག་ལྟོས་བྱས་ཏེ་སྒྲུབ།གཞུང་ངག་འདོན་དུ་གྱེར་ནས་གྲོང་ཆོག་འགྲིམ།ཞེས་གསུངས་པའི་དོན་ཡང་གོང་དུ་བརྗོད་པ་ལས་མ་འདས་ནའང་།གང་ལྟར་གྱེར་ཞེས་པའི་ཐ་སྙད་བན་དེ་དག་གིས་ཆེས་ཆེར་མ་སྤྱད་པའང་གནད་ཀ་འདི་དག་ཐུག་པར་སྙམ།བོན་དུ་གྱེར་བའི་རིག་གནས་རྒྱ་ཁྱབ་ཏུ་དར་བར་མ་ཟད།བོན་གཤེན་གྱི་མཚན་ཟུར་དུའང་གྱེར་གྱི་ཐ་སྙད་སྤྱད་པ་མང་སྟེ།དཔེར་ན།གཤེན་བོན་གྱེར་ཆེན་ཟླ་མེད།ཅེས་པ་དང་།ཞང་ཞུང་གི་བོན་པོ་བཙོ་མེན་གྱེར་ཆེན།(དབུ་ནག་མིའུ་འདྲ་ཆགས་སུ།ཞང་ཞུང་ཛོ་མེན་གྱེར་ཆེན།ཞེས་བཀོད།)གྱེར་སྤུངས་སྣང་བཞེར་ལོད་པོ།གྱེར་སྤུངས་བཙན་པོ།གྱེར་མི་ཉི་འོད།ཞེས་པ་སོགས་གྱེར་གྱི་མཚན་ཅན་མང་བས་ཀྱང་གྱེར་འདོན་ནི་གནའ་བོའི་བོན་གྱི་རིག་གནས་ཀྱི་སྲོག་ཤིང་དུ་གྱུར་བ་མཚོན་ཐུབ།ཉང་ཉི་མ་འོད་ཟེར་གྱིས།དེ་རྒྱལ་པོས་སྤྱན་དྲངས་ནས་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་བྱ་བ་གཅིག་བྱུང་།བོད་ཡུལ་དུ་གྱེར་བོན་ལ་སྔ་བ་དེ་ཡིན་ནོ།།ཞེས་གསུངས་པས་གྱེར་བོན་གྱི་ཐོག་མའི་དུས་མཚམས་སུ་ཕྱེས་ཡོད་ནའང་ཁ་ཚོན་གཅོད་དཀའ་སྟེ།གྱེར་འདོན་གྱི་སྣང་ཚུལ་གདོད་མའི་དམངས་སྲོལ་རང་བཞིན་གྱི་འདོད་གསོལ་ལམ་རེ་འབོད་ཀྱི་ངག་རྟ་གདངས་སུ་གྱེར་བའི་བརྡ་སྲོལ་ནས་རིམ་གྱིས་ཆོ་གའི་དབྱངས་འགྲོས་སུ་འཕེལ་འགྱུར་བྱུང་བའི་བརྒྱུད་རིམ་ངེས་ཅན་ཞིག་ཡོད་པར་སྙམ།གང་ལྟར་ནང་བས་ཀྱང་གྱེར་ཞེས་པའི་ཐ་སྙད་འདི་ཉིད་ཤུགས་ཆེར་སྤྱད་མེད་ནའང་།ནང་བའི་ཆོ་ག་དང་ཆོས་སྤྱོད།བསྐང་གསོལ་སོགས་རེ་རེ་ལའང་ཐུན་མིན་གྱེར་སྟངས་ཀྱི་དབྱངས་འགྲོས་ཁྱད་པར་བ་ཤིན་ཏུ་མང་ལ་རྟག་ཏུ་གྱེར་བཞིན་ཡོད་པར་མ་ཟད།བོ་དོང་རིན་པོ་ཆེའི་རྣམ་ཐར་དུ།གླང་འཁོར་དམ་པའི་དབུ་སྔས་མགོར་ཁེལ་མཛད་ནས།ཁོ་བོ་སླེབས་ཡོད་བླ་བདེ་མོར་མཛོད་གསུངས་བྱམས་པ་མགོན་པོ་ལ་བསྟོད་པ་འཆི་བ་བླུ་མ་ཞེས་བྱ་བ་བརྩམས་ཤིང་གདངས་དབྱངས་སྙན་པོས་གསོལ་འདེབས་མཛད་པའི་ཚེ།དགའ་ལྡན་བྱམས་པ་མགོན་པོའི་ཕྱག་གཡས་པ་གསེར་གྱི་མདོག་ཅན་བརྐྱངས་ཏེ།གླང་འཁོར་བའི་སྤྱི་བོར་བཞག་ནས་བྱིན་གྱིས་བརླབས།གླང་འཁོར་བ་རང་གིས་ཀྱང་གཟིགས་པ་ན་དེ་མ་ཐག་རིན་པོ་ཆེ་གླང་འཁོར་བ་དད་པའི་མཆི་མ་གཡོ་ཞིང་མགུལ་བ་ནས་རྣག་རྡོལ་ཞིང་སྙུང་བ་བསངས་པས།ཁོ་བོ་སླེབས་རན་ལ་སླེབས་སོ་གསུངས།ཞེས་གསུངས་པ་ལས་ཀྱང་གསོལ་འདེབས་ཀྱི་གདངས་སྙན་མོ་དབྱངས་སུ་གྱེར་བས་འཆི་བའི་རྣམ་ཤེས་སླར་ཡང་བླུ་ཐུབ་པའི་ནུས་པ་བཀོད་པས་ཀྱང་སྔར་གྱི་ཆོས་དབྱངས་ལ་གདེང་འཇོག་ཅི་བྱེད་བཞིན་པ་ཚོད་དཔག་ཐུབ་པ་ཞིག་གོ།ད་དུང་ལོ་ཆེན་རིན་ཆེན་བཟང་བོའི་མཛད་རྣམ་ཞིག་ལས།རྡོ་རྗེ་གདན་ནས་མགོན་པོ་ཆོས་སྐྱོང་དུ་སྤྱན་འདྲེན་པའི་གནས་ཚུལ་འདི་ལྟར་བཀོད་ཡོད་དེ།ལོ་ཆེན་གྱིས་དེ་ལྟར་མཛད་པས་ལྟས་གཅིག་ཀྱང་མ་བྱུང་བས་བླ་མར་སླར་ཞུས་པས།བསྟོད་པ་དེ་སྙན་པའི་ངག་གླུར་ལོང་ལ་བསྟོད་ཅིག་གསུངས།དེ་བཞིན་མཛད་པས་ཉིན་བདུན་པའི་ཐོ་རངས་གཟིམ་མལ་དུ་མི་ནག་པོ་གཅིག་བྱུང་།ཞེས་པ་དང་།ཡང་།བྲམ་ཟེ་ཆེན་པོས་མཛད་པའི་བསྟོད་པ་སྔོན་ཚེ་བདེ་གཤེགས་མ་ལ་མགོན་པོའི་འགྱིང་དབྱངས་མཛད།དབྱངས་འདི་ལ་ཆེ་ཆུང་གཉིས་ཡོད་པའི་ཆེ་བ་རོ་ལངས་མ་ཞེས་གྲགས་པ་ཡོ་གའི་དབྱངས་དང་མཐུན་པ་ཞིག་ཡོད་པ་དེ་ཆད་ནས་མི་བཞུགས།ཞེས་པ་ལས་ཀྱང་བསྟོད་པ་དབྱངས་སུ་གྱེར་ཞིང་འཐེན་ན་བྱིན་ནུས་ཁྱད་དུ་འཕགས་པ་ཞིག་ཡོད་པ་གསལ་བོར་ངེས་ལ།དབྱངས་རྒྱུན་རེ་གཉིས་ཡུལ་དུས་ཀྱི་དབང་གིས་ཆད་པའི་སྣང་ཚུལ་ཡང་རྟོགས་ཐུབ་པའོ།།འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་ལས།འཕྲལ་དབྱངས་རྟ་ཡིན་པ་ལ་ཕུགས་ལམ་གྱི་བགྲོད་ཚུལ་ཚང་བ་ཅིག་གསུངས་དང་།ཞེས་པ་ལས་ཀྱང་གནས་སྐབས་སྙན་ཞིང་འཇེབས་པའི་གྱེར་དབྱངས་ལས་མཐར་ཐུག་འཚང་རྒྱ་བའི་ལམ་སྟོན་པའི་གནད་དུ་གོ་ཆོག་པར་གསུངས་པ་ལྟ་བུའོ།།དེ་ལྟ་བུ་དབྱངས་སུ་གྱེར་བ་ལ་སྔར་རྭ་ལོ་ཙཱ་བ་དང་མི་ལ་རས་པ།གྲུབ་ཆེན་ཐང་སྟོང་རྒྱལ་བོ།མ་ཅིག་ལབ་སྒྲོན།ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་སྐྱེས་ཆེན་མང་དུ་བྱུང་བའོ།།

 དེ་ལྟར་གྱེར་མཁན་དག་ལ་སྐད་སྒྲ་བ་ཞེས་དམིགས་བསལ་དུ་སྐད་སྒྲ་སྦྱོང་བའི་ཕྱག་སྲོལ་ཁྱད་དུ་འཕགས་པ་ཡོད་དེ།ནགས་གསེང་དང་གཙང་འགྲམ།དུར་ཁྲོད་སོགས་ཀྱི་གནས་བདམས་ཏེ་སྦྱོང་བྱེད་པར་མ་ཟད།དེ་ལྟར་སྦྱངས་པས་མགྲིན་པ་ནས་ཁྲག་བྱུང་ནས་སྦྱོང་བའི་སྲོལ་ད་ལྟའི་བར་དུ་མཆིས།དགོན་པ་རུ་འདོན་རྟ་དབྱངས་དང་གར་ཐིག་དབྱངས་གསུམ་ཞེས་གྱེར་དབྱངས་གཙིགས་ཆེར་འཛིན་པའང་མཐར་གཏུགས་ན་དེ་ལ་ཁྱད་ནུས་དམིགས་བསལ་བ་ཞིག་ཡོད་པས།གྱེར་འདོན་གྱི་དབྱངས་ཡིག་ཕུན་སུམ་ཚོགས་པ་ཤིན་ཏུ་མང་བོ་ད་ལྟའང་མཇལ་རྒྱུ་ཡོད་པ་དེ་བཞིན་ནོ།།བཤད་མཛོད་ཡིད་བཞིན་ནོར་བུ་ལས།དང་པོ་ཏིང་འཛིན་གྱི་དབྱངས་རྟ་དེ།ཆུ་བོའི་གཞུང་བཏང་རིང་ལ་དལ་བ་གཅིག་དགོས།གཉིས་པ་ཡི་དམ་ལྷ་བསྐྱེད་པའི་འགིང་དབྱངས་བཙུན་མོའི་འགྲོ་ཞི་མེར་སྟེམ་པ་གཅིག་དགོས།གསུམ་པ་དྲག་པོའི་འདུར་དབྱངས་ནམ་མཁའ་འབྲུག་ལྟར་ཐུང་ལ་དྲག་པ་གཅིག་དགོས།བཞི་བ་བསྐང་གསོའི་དབྱངས་རྟ་དེ།བར་སྣང་གི་གློག་ལྟར་ཁྱུག་ལ་གསལ་བ་གཅིག་དགོས།ཞེས་ཞི་རྒྱས་དབང་དྲག་གི་བརྗོད་དོན་ནམ་སྐབས་དོན་དང་མཐུན་པར་གྱེར་དབྱངས་ཀྱི་ཁྱད་ཆོས་ཀྱང་ཆུ་གཞུང་དལ་དུ་འབབ་པ་ལྟ་བུའམ།བཙུན་མོའི་ལྡེམ་འགྲོས་ལྟ་བུ།འབྲུག་སྒྲ་ཐུང་དྲག་པ་ལྟ་བུ།གློག་འཁྱུག་པ་ལྟ་བུ་སོགས་སུ་གྱེར་དབྱངས་ཀྱི་རྣམ་པ་ཡང་སྣ་ཚོགས་ཡོད་པའི་དཔེ་མཚོན་ཞིག་གོ།དུད་འགྲོའི་དཔེ་ལ་དྲངས་ཏེ་གྱེར་ཚུལ་གྱི་རྣམ་པ་ཞིག་གསུངས་ཡོད་དེ།སེངྒེ་ཟིལ་གནོན་དགོས།སྟག་གི་ང་རོ་དགོས།ཁྲའི་གཟུང་སྐད་དགོས།ཕག་པའི་ངུར་སྒྲ་དགོས།ཞེས་གསུངས།ལོ་ཆེན་རིན་ཆེན་བཟང་པོའི་མཛད་རྣམ་ལས།རྡོ་རྗེ་གདན་གྱི་མགོན་ཁང་གི་ལོག་ནས་སྟག་རོ་ཟ་བའི་ངར་སྐད་ལ་དཔེ་བྱས་ཏེ།སྲིན་གཟུགས་མ་ལ་སྟག་མོའི་ངར་དབྱངས་མཛད་ནས་བསྟོད།ཅེས་གསུངས་པས་ཀྱང་།གོང་དུ་སྟག་གི་ང་རོའི་གྱེར་དབྱངས་ཀྱི་ཁྱད་ཆོས་ཟུར་ཙམ་ཞིག་རྟོགས་ཐུབ་པར་སྙམ།འདི་ལྟར་དོན་ལ་འཇུག་བདེ་བའི་དཔེའི་ལམ་ནས་ཀྱང་གནའ་བོའི་གྱེར་དབྱངས་ཀྱི་ཁྱད་ཆོས་ཤིག་གསལ་བོར་རྟོགས་ཐུབ་པར་མ་ཟད།ད་དུང་སྔར་གྱི་གྱེར་འདོན་གྱི་སྐབས་སུ་གནས་ཀྱང་དེ་མཐུན་གྱི་ཁྱད་པར་བ་དགོས་ཏེ།ཡང་དེ་ལས།གནས་ནི་གསུམ་སྟེ།རི་ནག་པོ་སོག་པོ་འཕྲོས་པ་འདྲ་བའམ།བྲག་སྲིན་པོ་རལ་བ་དབྱིངས་པ་འདྲ་བའམ།ལུང་པ་རྟ་རོ་དཀར་པོ་ཁ་བྱེ་བ་འདྲ་བའམ།ཞེས་གསུངས་པས།དྲག་པོའི་ལས་སུ་གྱེར་སྐབས་རི་ནག་པོ་ཟུར་གསུམ་སོག་པ་འདྲ་བ་དགོས་པར་སྣང་ལ།སྔར་སྲོལ་དུ་གནམ་ཟུར་གསུམ་དང་ས་ཟུར་གསུམ་ཞེས་པའི་དོན་དུ་འདི་ལྟ་བུར་གོ་ཆོགདེ་བཞིན་དུ་བྲག་སྲིན་པོའི་རལ་བ་དཔྱངས་པ་དང་རྟ་རོ་ཁ་ཕྱེ་ལྟ་བུ་སོགས་ཀྱི་འཇིགས་རུང་གི་གནས་ཁྱད་པར་དེ་ལྟ་བུ་བདམས་དགོས་པའང་སྐབས་དོན་དང་འབྲེལ་བ་གསལ་བོར་གསུངས་ཡོད།འདི་ལས་འུ་ཅག་ལ་ཟུར་བརྡ་ཞིག་བསྟན་པ་ནི་ད་ལྟའི་སྙན་ངག་གྱེར་སྐབས་དོན་དང་འཚམས་པའི་ཁོར་ཡུག་དང་གནམ་གཤིས།དུས་ཚོད་སོགས་བདམས་ཏེ་གྱེར་ན་ནང་གི་ཚོར་བའི་ཉམས་སྣང་ཆེས་ཆེར་སྤེལ་ཐུབ་པར་ནུས་པ་དམིགས་བསལ་བ་འབྱུང་བར་གདོན་མི་ཟ། 

བཞི། དམངས་སྐད་ཀྱི་གདངས་ལས་གྱེར་འདོན་གྱི་ཁྱད་ཆོས་བསྡུ་བ།

བོད་ཀྱི་སྐད་གདངས་ནི་རི་བོ་དང་གཙང་བོས་བསྐྱེད་པ་ཞིག་ཡིན་པས།དབྱངས་རིང་བ་དང་མཐོ་བ།དྲག་པའི་ཆ་ཞིག་ཡོད་ངེས།འུ་ཚོས་སྔར་གྱི་སྟོན་བཤད་དང་གྱོད་བཤད།ཇ་བཤད།རྟ་བཤད།ཤོ་བཤད་སོགས་བཤད་པའི་རིགས་ཀྱི་གདངས་འགྲོས་ལ་ཞིབ་འཇུག་བྱ་འོས་ལ།བསང་འབོད་བྱེད་སྟངས་ལ་མི་རེ་རེའི་ཚེ་བསོད་རླུང་རྟ་དར་བའི་སྨོན་ཚིག་ལྟ་བུར་གྱེར་བས།དེ་ལས་རེ་འབོད་ཀྱི་གདངས་དམིགས་བསལ་བར་མཆིས་པ་དག་ལ་དོ་སྣང་བྱ་འོས།དེ་དག་ནི་ད་ལྟ་རིག་ཚན་ཞིག་ཏུ་གཏོགས་ནའང་བཤད་པའི་སྒྱུ་རྩལ་གྱི་གདངས་འགྲོས་དག་ལས་སྙན་ངག་གྱེར་འདོན་མི་རིགས་རང་སྐད་ཀྱི་གདངས་སུ་གྱེར་བའི་ཐབས་ཚུལ་ཅིས་ཀྱང་རྙེད་ངེས་ཡིན།ད་ལྟའི་སྙན་ངག་པ་དག་གིས་ཀྱང་རླུང་འཕྲིན་དང་བརྙན་འཕྲིན་དུ་གྱེར་བའི་སྙན་ངག་གི་གདངས་དབྱངས་ཤིག་ལ་དཔེར་བལྟས་ཏེ་ལད་ཟློས་ཁོ་ན་བྱ་རྒྱུ་མ་ཡིན་པར།མི་རིགས་རང་ཉིད་སྔར་གྱི་གཞུང་དུ་གྱེར་བའི་གདངས་ཇི་ལྟར་ཡིན་པ་དང་།འཚོ་བའི་ཁྲོད་ཀྱི་མི་མང་གི་དགའ་སྐྱོ་ཆགས་སྡང་མཚོན་པའི་སྐད་ཆའི་གདངས་ཇི་འདྲ་ཡོད་པ།ཐ་ན་རོང་འབྲོག་གི་མི་སྣ་རེ་རེའི་ཉིན་རེའི་ཡིད་འགྱུར་མཚོན་པའི་སྐད་གདངས་ག་འདྲ་འགྱུར་བ།དེ་དག་གིས་ཤུབ་བུར་གཏམ་དུ་བརྗོད་སྟངས་དང་གཉིད་ཀྱི་ལབ་རྡོལ་བྱེད་སྟངས།བཟི་གཏམ་འཆད་ཚུལ།སྐད་ཆའི་གདངས་དེ་དག་ཀྱང་ཐད་ཀར་གདོང་ཐུག་སྟེ་འཚོལ་ཞིབ་བྱེད་པ་ལས།ལྐོག་ཉན་དང་ཚིག་འབྲུ་མི་གསལ་བའི་གདངས་འགྱུར་ལ་ཉན་ཏེ་བརྟག་ན་ད་གཟོད་བློ་བསྐྱེད་ཆེས་ཆེར་འཐོབ་ངེས།ད་ལྟ་སྙན་ངག་གྱེར་འདོན་ནི་གདངས་འགྱུར་ཁྱབ་ཁོངས་ཡངས་པ་དང་སྣ་མང་རང་བཞིན་དུ་འཕེལ་དགོས་པས།གསང་གཏམ་ཤུབ་བུར་བརྗོད་པའི་སྒྱུ་རྩལ་གྱི་བཤད་སྟངས་ཀྱང་གྱེར་འདོན་གྱི་རིགས་སུ་གཏོགས་པར་གོ་དགོས།ང་ཚོས་གྱེར་ཞེས་པའི་ཐ་སྙད་ཀྱི་གོ་དོན་གྱི་ཁྱབ་ཁོངས་ཆུང་བ་ཞིག་ཏུ་མི་བསྒྱུར་བར།གྱེར་འདོན་རིག་ཚན་ཞིག་ཏུ་གཞིགས་ཏེ་སྣ་མང་འཆད་ཐབས་ཀྱི་སྒྱུ་རྩལ་གྱི་མཛོད་དུ་བསྒྱུར་རྒྱུ་དེའོ།།དེ་ནི་མི་རིགས་འཚོ་བ་དང་སྐད་ཆའི་ཉམས་འགྱུར་ལས་བསྐྱེད་ཅིང་གསོན་ཤུགས་རྒྱས་རྒྱུ་དེའོ།།

དཔྱད་གཞིའི་ཡིག་ཆ།

༡བོད་བཙན་པོའི་རྒྱལ་རབས།སྒྲིག་རྩོམ་པ་འབྲི་གུང་སྐྱབས་མགོན་ཆེ་ཚང་།༢༠༡༠ལོ།སྲོང་བཙན་དཔེ་མཛོད་ཁང་། 

༢ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་སྒྲུང་རབས་ཕྱོགས་བསྒྲིགས།སྟོབས་ལྡན་དང་རིན་ཆེན་སྒྲོལ་མས་བསྒྲིགས།བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།༢༠༡༦ལོའི་ཟླ༣པར་པར་ཐེངས༡བཏབ།

༣གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས།སྒྲིག་པ་པོ།པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན།༢༠༠༧ལོའི་ཟླ༩པར་པར་ཐེངས་དང་པོ་བཏབ།

༤ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད།ཉང་ཉི་མ་འོད་ཟེར་གྱིས་བརྩམས།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན།༢༠༡༠ལོའི་ཟླ༡༠པར་དཔར་ཐེངས་གཉིས་པ་བཏབ།

༥བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིགབོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན།༢༠༡༠ལོའི་ཟླ༨པར་པར་ཐེངས་དང་པོ་བཏབ།

༦ཁུ་བྱུག་སྔོན་མོའི་སྒྲ་དབྱངས།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།༢༠༡༧ལོའི་ཟླ༤པར་པར་ཐེངས་དང་པོ་བཏབ།

༧བཤད་མཛོད་ཡིད་བཞིན་ནོར་བུ།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།༢༠༡༦ལོའི་ཟླ༡༢པར་པར་ཐེངས་དང་པོ་བཏབ།

༨སྲིད་པའི་དམུ་ཐག་དཀར་པོ།བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བརྩམས།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།༢༠༡༨ལོའི་ཟླ༡༢པར་པར་ཐེངས་དང་པོ་བཏབ།

༩བོད་དོང་པཎ་ཆེན་འཇིགས་མེད་གྲགས་པའི་རྣམ་ཐར་ངོ་མཚར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།༢༠༡༦ལོའི་ཟླ༡༢པར་དཔར་ཐེངས༡བཏབ།

༡༠འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར།འབྲུག་པ་ཀུན་ལེགས་ཀྱིས་བརྩམས།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།༢༠༡༡ལོའི་ཟླ༤པར་པར་ཐེངས༥བཏབ།

༡༡སྲིད་པ་རྒྱུད་ཀྱི་ཁ་བྱང་།ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ནས་བཏོན།ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་།༢༠༡༡ལོའི་ཟླ༦པར་དཔར་ཐེངས་དང་པོ་དཔར།

༡༢ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་བཞུགས་སོ།།སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།༢༠༡༧ལོའི་ཟླ༨པར་པར་ཐེངས་དང་པོ་དཔར།

༡༣ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ་ལས་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་པོད་བཞི་པ་བཞུགས།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ།༢༠༠༧ལོའི་ཟླ་བཞི་པར་པར་ཐེངས་དང་པོ་བཏབ།

༡༤གནའ་བོའི་ཞང་བོད་ཚིག་མཛོད།དགེ་བཤེས་བློ་གྲོས་རབ་གསལ་གྱིས་གཙོ་སྒྲིག་བྱས།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།༢༠༡༠ལོའི་ཟླ༡པར་དཔར་ཐེངས་དང་པོ་དཔར།

༡༥ཆོས་འབྱུང་མཁས་པའི་དགའ་སྟོན།དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།མི་རིགས་དཔེ་སྐྲུན་ཁང་།༢༠༡༢ལོའི་ཟླ་གསུམ་པར་པེ་ཅིན་དུ་པར་ཐེངས་གཉིས་པ་བརྒྱབ། 

༡༦ས་སྐྱ་པཎྚིཏ་ཆེན་པོས་མཛད་པའི་རོལ་མོའི་བསྟན་བཅོས་བཞུགསོ།།བོད་གཞུང་ཤེས་རིག་ལས་ཁུངས།༡༩༨༠ལོ། 

༡༧བོད་སྐད་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཐི་ལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།དུད་བླ་བུ་ཆུང་གིས་བསྒྲིགས།མི་རིགས་དཔེ་སྐྲུན་ཁང་།༢༠༡༢ལོའི་ཟླ༣པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། 

                     ༢༠༡༩ལོའི་ཟླ༩ཚེས༦ལ་ནེའུ་ཡོག་ཏུ།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།