ནང་དོན་གནད་བསྡུས། 《རྩྭ་ཐང་གི་ཉིན་ཐོ》ཡི་ཕྱི་ངོས་ན་བསམ་བློ་རྙིང་བའི་གཉེན་སྒྲིག་གི་ལྟ་བ་ལ་སུན་འབྱིན་པའི་བསམ་བློའི་ནང་དོན་མངོན་ཡོད་ཀྱང་། ནང་རོལ་ན་དེ་ལས་འདས་པའི་བོད་རིགས་བུད་མེད་དག་གི་ཡིད་སྐྱོ་བའི་ལས་དབང་མཚོན་པའི་ནང་དོན་ཐུན་མོང་མ་ཡིན་པ་ཞིག་ཡོད། དེར་མ་ཟད། སྐྱོ་གར་དེ་རྩོམ་བྱེད་ཀྱི་རྒྱུ་རྩོམ་ནང་ཕྲ་ས་ཞིག་ནས་བཀོད་ཡོད་པ་འདིས་རྩོམ་འདིའི་སྒྱུ་རྩལ་གྱི་ཆུ་ཚད་མཐོ་ས་ཞིག་ཏུ་ཕྱིན་པར་བྱས་ཡོད།
བརྡ་ཆད་གཙོ་བོ། 《རྩྭ་ཐང་གི་ཉིན་ཐོ》 བོད་རིགས་བུ་མོའི་སྐྱོ་གར། གཤིས་ཀའི་སྐྱོ་གར།
《རྩྭ་ཐང་གི་ཉིན་ཐོ》ཞེས་པའི་བརྩམས་སྒྲུང་འདི1988ལོའི་མང་ཚོགས་སྒྱུ་རྩལ་དེབ3པའི་སྟེང་བཀོད་ཡོད། རྩོམ་པ་པོ་ནི་བུད་མེད་རྩོམ་པ་པོ་གཡང་འཚོ་སྐྱིད་རེད། སྐབས་དེར་རྩོམ་འདིར་དགའ་བསུ་ཐོབ་ཡོད་དེ། མཚོ་སྔོན་རྒྱང་སྒྲོག་ལས་ཁུངས་ཀྱིས་རླུང་འཕྲིན་ཟློས་གར་དུའང་བཅོས་མྱོང་།
རྩོམ་འདིའི་ནང་དོན་ཕུན་སུམ་ཚོགས་པ་ཞིག་སྟེ། འདིར་ཨ་ཕའི་དབང་ཤེད་ཀྱིས་བུ་དང་བུ་མོའི་རང་དབང་གི་གཉེན་སྒྲིག་ལ་རྡོག་རལ་བྱེད་པའི་སྲོལ་རྒྱུན་གྱི་བསམ་བློ་དང་གོམས་གཤིས་ལ་ཁ་རྡུང་གཏོང་བའི་ཆ་ཡོད་ལ། བོད་རིགས་བུད་མེད་ཀྱི་ཁྱིམ་ཚང་གི་གོ་ས་དང་སྤྱི་ཚོགས་གོ་ས་དམའ་བའི་སྤྱི་ཚོགས་གནས་བབ་སྟོན་པའི་ཆའང་ཡོད། བུད་མེད་ཀྱི་གོ་བབ་གླེང་བའི་བརྗོད་དོན་དེར་སྐྱོ་གར་ཆེན་པོ་ལུ་གུ་བརྒྱུད་དུ་ཡོད་པ་དེ་བོད་ཀྱི་གནའ་དེང་གི་རྩོམ་རིག་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་མཛེས་རྟོག་གི་སྣང་ཚུལ་ཞིག་ཡིན།
བརྩམས་སྒྲུང་འདི་ནི་བུ་མོ་སྒྲོལ་དཀར་མོའི་ཨ་ཕས་གནས་ལ་བྱིན་ཟིན་པ་ལ། སྒྲོལ་དཀར་དང་ཉེ་འབྲེལ་ཡོད་པའི་མི་སྣ་རྒན་རབས་དག་གིས་དེ་ལྟར་བྱིན་ན་འགབ་མིན་གྱི་རྩོད་གླེང་གིས་གྲུབ་ཡོད། རྩོམ་འདི་ཚན་པ་ལྔས་གྲུབ་པ་ལ། ཚན་པ་སྔ་མ་བཞི་བོ་སོ་སོས་རྩོད་གླེང་བརྒྱུད་ནས་རྒན་རབས་པའི་གཉེན་སྒྲིག་གི་ལྟ་བ་མཚོན་པར་བྱས་ཡོད་ལ། དེང་གི་ཤེས་བྱ་གསར་བ་སྟེ་གཉེན་སྒྲིག་གི་རྩ་བ་བརྩེ་དུང་དང་རང་འཐད་ཡིན་པའི་ངོས་ནས་བལྟས་ན། རྒན་རབས་དེ་དག་གི་གཉེན་སྒྲིག་གི་ལྟ་བ་ཕལ་ཆེར་བ་ཡང་དག་པ་མ་ཡིན་པར་གསལ་བར་མཐོང་ཐུབ་སྟེ། ཁོ་ཚོས་ལབ་བཞིན་པ་ནི་བརྩེ་དུང་ལས་ཕྱི་རོལ་ཏུ་གྱུར་བ་རྐྱང་རྐྱང་རེད།
འདི་ལྟར་བསམ་བློ་གསར་རྙིང་གི་འགལ་བ་ལས་བརྩམས་སྟེ། རྙིང་བའི་མཚོན་བྱེད་དུ་གྱུར་བའི་རྒན་རབས་ཀྱི་བསམ་བློ་དང་གོམས་གཤིས་ལ་སུན་འབྱིན་བྱ་བ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་གི་གཙོ་རྒྱུགས་ཀྱི་བསམ་བློ་ཞིག་རེད། འདི་ལྟ་བུའི་བརྩམས་སྒྲུང་ལ<སད་ཀྱིས་བཅོམ་པའི་མེ་ཏོག>སོགས་མང་བོ་ཞིག་ཡོད། <རྩྭ་ཐང་གི་ཉིན་ཐོ>ཡིས་རྙིང་བ་སུན་འབྱིན་གྱི་ཐུན་མོང་གི་བསམ་བློ་འདི་ཙམ་བསྟན་པ་ཡིན་ན། རང་ལ་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་གོ་ས་ཡོད་མི་སྲིད་ལ། ཀུན་གྱི་ཡིད་དབང་འཕྲོག་པ་ཀློག་བཟོད་ཀྱི་རྩོམ་ཆོས་ཤིག་ཏུའང་གྲུབ་མི་ཐུབ།
བརྩམས་སྒྲུང་འདིར་བཀོད་པའི་གཏམ་རྒྱུད་དང་། ཡང་ན་དོན་དག་གི་འགལ་བའི་ངོས་ནས་རྩོམ་ལ་བལྟས་ན་རྩོམ་གྱི་བསྟན་དོན་ལ་གོང་ནས་བཤད་པའི་གོམས་གཤིས་དང་ལུགས་སྲོལ་རྙིང་བར་སུན་འབྱིན་བྱ་བའི་ཆ་དེ་དངོས་སུ་ཡོད། དེ་ལས་འདས་ཏེ་གཏམ་རྒྱུད་དང་དོན་དག་གི་ཁྲོད་ཀྱི་མི་སྣ་སོ་སོའི་གནས་བབ་ལ་བསམ་ན། རྩོམ་གྱི་བསམ་བློའི་བསྟན་དོན་དེ་གཞན་ཡན་གར་བ་ཞིག་གི་ཐོག་ཏུ་འཕོ་འགྲོ་ལ། དེའི་ཆ་ན་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་མ་བྱུང་བའི་མཛེས་རྟོག་གི་ཆ་ངོ་མཚར་བ་ཞིག་ཡོད་དེ་འདུག
རྩོམ་གྱི་མི་སྣ་སོ་སོས་གཉེན་དོན་ལས་བརྩམས་ཏེ་སོ་སོས་རང་རང་གི་ལྟ་བ་གང་ཞིག་བརྗོད་པ་བཏང་སྙོམས་སུ་བསྐྱུར་ནས། མི་སྣ་སོ་སོ་རྩོམ་ནང་ཇི་ལྟར་དུ་ཡོད་པའི་ཚུལ་ལ་གཞིགས་ཚེ། ཐོག་མར་ང་ཚོས་རྩོམ་གྱི་མི་སྣ་དག་རིགས་གཉིས་སུ་བགར་ཐུབ། རྒྱུ་མཚན་ནི་རིགས་མི་འདྲ་བ་གཉིས་ལ་སོ་སོར་ཐུན་མོང་གི་ཆའམ་གཞི་མཐུན་ཞིག་ཡོད། དེ་ནི་ཕོ་རྣམས་ནི་ཁྱིམ་གྱི་མཐོ་ས་ཞིག་ན། སྟོབས་དང་དབང་ཐང་གིས་འཁོད་ཅིང་། མོ་རྣམས་ནི་ཁྱིམ་གྱི་འོག་རིམ་ཞིག་ན། ཉམ་ཆུང་འཁོས་ཆུང་ཞིག་གིས་འཁོད་ཡོད།
ཨ་ཁུ་ནོར་འབུམ་རྩོམ་ནང་བྱུང་བ་དང་ཆང་གིས་བཟི་ནས་གཞན་ལ་གཏམ་གཏོང་བཞིན་ཡོད་པ་དང་། ཁོའི་སྒྲོལ་དཀར་གྱི་གནས་ཡུལ་དེ་་གཅིག་ནས་ངའི་མནའ་མཆེད་ཡིན། གཉིས་ནས་ངའི་དབུས་གྲོགས་ཡིན། གསུམ་ནས་ང་ལ་བླ་མའི་ལུང་བསྟན་ཡོད།་་ཅེས་རང་སོ་ཁོ་ནའི་དབང་གིས་སྒྲོལ་དཀར་གྱི་གཉེན་དོན་ཐག་གིས་ཡོངས་སུ་བཅད་པ་རེད། རྩོམ་ནང་གི་ཨ་ཁུ་ནོར་འབུམ་གྱི་གཏམ་དང་དབང་ཐང་དང་ཆང་འཐུང་བ་བཅས་ཀྱིས་ཁོའི་གཤིས་ཀ་སྟོབས་ཅན་དབང་ཅན་དང་སྐྱིད་པོ་བདེ་མོའི་ངོར་བསྐྲུན་ཡོད།
ཨ་མ་སྒྲོལ་མ་ནི་ཨ་ཁུ་ནོར་འབུམ་གྱི་ཆུང་མ་རེད། སྤྱིར་ན་ཁྱིམ་ཚང་གཅིག་ཡིན་པས་སྐྱིད་སྡུག་མཉམ་དགོས་པ་ལ། མོ་རང་ནི་རྩོམ་ནང་མོས་བཤད་པ་ཇི་བཞིན།“ད་ནངས་སྐྱ་རེངས་ཤར་བ་ནས་ད་བར་དུ་ཨོང་ཤ་སར་ཅིག་འཕེན་ཁོམ་མ་བྱུང་།”ཞིང་། བུ་མོ་སྒྲོལ་དཀར་གྱི་གཉེན་དོན་ལ་ཁ་གཏོད་དུས། ཁྱོ་གའི་ཐག་བཅད་ལ་མི་འཐད་ཀྱང་འགྱུར་བ་གཏོང་རྒྱུ་ཕར་ཞོག ཐ་ན་གདོང་ལ་གདོང་གཏད་ནས་རང་གི་བསམ་ཚུལ་ཙམ་བཤད་རྒྱུའི་སྐལ་བའང་ཡོད་མི་འདུག བུ་མོ་སྒྲོལ་དཀར་གྱི་གཉེན་དོན་གྱི་མགོ་རྔ་བར་གསུམ་ནས་མོས་བརྩམས་པའི་ལས་གཅིག་པོ་ནི་སྒྲོལ་དཀར་ལ་སྙིང་རྗེ་ནས་མིག་ཆུ་ཕྱུང་བ་ཉིད་རེད།
དེ་ནས་ཨ་ཁུ་ཚེ་དབང་བཟའ་ཟླ་གཉིས་ཀྱི་གནས་བབ་ལ་བལྟས་ན་དེ་མཚུངས་ཀྱི་གོ་ས་འདྲ་མཉམ་མ་ཡིན་པ་ཞིག་ཡོད་དེ། ཨ་མ་འཛོམས་སྐྱིད་ནི་སྤྱིར་ན་ཁྱིམ་ཚང་ལ་མཛད་རྗེས་ཆེ་བ་ཞིག་རེད།“མུ་གེའི་ལུང་བར་གསེར་འོད་དང་མུག་ཚང་ཟས་ལ་སྣུམ་ཞག་འཁྱིལ་དུ་འཇུག་པ་ང་མིན་པ་སུ་ཡིན། གནའ་ཡི་ཁྱོད་ཚང་མི་གསལ་ནི་ཞིག་མ་རེད། ངས་བུ་མོ་བརྒྱད་ལ་མགོ་རྟིང་བསྒྲིགས། མནའ་མ་གསུམ་ལ་མགོ་བདག་བྱས།”ཟེར་བ་ལས་དཔག་ཐུབ། དེར་མ་ཟད་མོ་རང་ཁ་ལྕེ་ཅན་ཞིག་ཀྱང་ཡིན་ཏེ། ཁྱོ་ག་དང་ཤགས་འགྱེད་ཀྱི་ཁྲོད་ནས"སིལ་ཏོག་ནགས་ལ་ཐོགས་ཡོད། །རང་ཁ་རང་ལ་ཐོགས་ཡོད“སོགས་ཀྱི་གཏམ་དཔེ་ཡིས་ཨ་ཁུ་ཚེ་དབང་ལ་ཁ་གྲག་རྒྱུ་མེད་པར་བཟོས་འདུག དེ་བས་གནས་ལུགས་ལྟར་ན་རང་གི་འཇོན་ཐང་དེ་དག་ལ་དེ་མཚུངས་ཀྱི་གོ་ས་ཡོད་དགོས་ཀྱང་།”ཨ་ཁུ་ཚེ་དབང་ཁ་སྤོ་ཁ་ནས་ལངས། ཞེ་སྤོ་གཏིང་ནས་ལངས་ཏེ་གོ་ཁའི་མེ་ཡོག་ཕྱར་ནས་ཨ་མ་འཛོམ་སྐྱིད་ཀྱི་ཐོག་ལ་བརྒྱུགས་སོང་།"ཞེས་མོ་རང་གི་མཐའ་མཇུག་གི་འབྲས་བུ་དངོས་ནི་དབྱུག་པ་འཕྱར་སར་གྱུར་ནས་ཡོད། ཁྱིམ་གཅིག་གི་བཟའ་ཟླ་ཡིན་ཡང་། ཨ་མ་འཛོམ་སྐྱིད་ལ་དགེ་མཚན་ག་རེ་ཡོད་ཀྱང་། མཐར་ཐུག་གནས་ལུགས་བཤད་དུ་མེད་པའི་ཁོར་ཡུག་ཅིག་གི་ཁྲོད་ནས་མོ་རང་ཕམ་ཞིང་མོ་ལ་སྔར་བཞིན་གོ་ས་མི་འདུག
ཨ་ཁུ་ནོར་འབུམ་གྱི་ནུ་བོ་བུ་སྐལ་ལ་བྱིན་པ་དེ་དང་ཨ་མ་དཔལ་མོ་གཉིས་ཁྱིམ་ཚང་སོ་སོ་བ་ཡིན་ཀྱང་། ལས་དབང་གི་ཆ་ནས་རྩོམ་ནང་གི་ཕོ་མོའི་གནས་བབ་དེ་ལྟ་དེ་མཚུངས་སུ་འདྲ་བར་ཡོད། ནུ་བོ་བུ་སྐལ་ལ་བྱིན་པ་དེ་ཕ་ཁྱིམ་དུ་ལོག་ནས་ཆང་འཐུང་སྟེ་བཟི་ཞིང་། བཟི་རྗེས་ང་ལ་བུ་མོ་སྒྲོལ་དཀར་གྱི་གཉེན་གྱི་ཐད་ནས་དབང་ཆ་ཡོད་དགོས་ཞེས་དབང་རྩོད་བྱེད་བཞིན་ཡོད། ཨ་མ་དཔལ་མོ་ནི་རྩོམ་ནང་རྨོ་མོ་ཁེར་འདུག ནམ་ཡང་ཆིག་ལབ་བྱས་ནས་སྡོད་པ་ཞིག་རེད། འདི་ལྟའི་རྩོམ་ནང་གི་སྐྱེས་ཕོ་མོའི་སོ་སོའི་གནས་སྟངས་མི་འདྲ་བ་འདི་ནི་རྩོམ་ལས་མངོན་པའི་བོད་རིགས་བུ་མོའི་ལས་དབང་གི་ངོས་འཛིན་ཞིག་ཡིན་ལ། སྐྱེས་མ་སོ་སོར་མ་གཞི་ནས་རང་གི་རྩོལ་བ་དང་མཐུན་པའི་གོ་ས་དང་གཟིགས་གཟོས་ཡོད་ཆོག་པ་ལ། དངོས་ཡོད་སྤྱི་ཚོགས་ཁྲོད་ན་དེ་མེད་པ་མ་ཟད་དེ་ལས་གོ་ལྡོག་པའི་གནས་སུ་བསྐྱལ་ཡོད་པ་ནི་སྐྱོ་གར་ཆེན་པོ་ཞིག་རེད།
སྐྱོ་གར་གང་ཡིན་ཡང་། སྐྱོ་གར་རྩོམ་བྱེད་ཀྱི་རྒྱུ་ཞིག་ཡོད། ནུབ་གླིང་གི་རྩོམ་རིག་གླིང་ན་སྐྱོ་གར་རྩོམ་བྱེད་ཀྱི་སྒོ་ནས་ལས་དབང་གི་སྐྱོ་གར་དང་། གཤིས་ཀའི་སྐྱོ་གར་དང་། སྤྱི་ཚོགས་ཀྱི་སྐྱོ་གར་བཅས་གསུམ་དུ་བཤད་དུ་ཡོད། དཔེར་ན། གནའ་བོའི་ཀི་རི་སིའི་སྐྱོ་གར་ཆེན་མོ<ཨོ་ཏིས་ཕུའུ་སི་རྒྱལ་བོ>ནང་། ཨོ་ཏིས་ཕུའུ་སི་ལ་དྲང་སྲོང་མཚན་མཁན་གྱིས་ཁོས་ཕ་གསོད་པ་དང་མ་བག་མར་ལེན་པར་ལུང་བསྟན་པ་ལ་ཁོས་ཇི་ལྟར་གཡོལ་བྱོལ་བྱས་ཀྱང་། མཐར་ཕ་བསད་པ་དང་མ་བག་མར་བླངས་པར་གྱུར་བ་ནི་ལས་དབང་གི་སྐྱོ་གར་སྟེ། ཡ་ང་བའི་སྐྱོ་གར་དེ་ཉིད་ལས་ཀྱིས་བསྐོས་པ་ཡིན་པས་དེ་ཇི་ལྟར་ཡང་བཟློག་ཏུ་མེད་པས་དེ་འདྲའི་ཡ་ང་བའི་སྐྱོ་གར་དེ་བྱུང་བ་རེད།
ཤིག་སེ་ཕེར་གྱི་ཟློས་གར<ཨོ་སེ་ལོ>ཡིས་རང་ཉིད་ཀྱི་སྙིང་སྡུག་དགའ་མ་ལ་རང་ཉིད་དགའ་བཞིན་བསད་པར་གྱུར་བའི་སྐྱོ་གར་གྱི་རྩ་བ་ནི། རང་ཉིད་ཀྱི་གཤིས་ཀའི་སྟེང་ན་ཕྲག་དོག་དང་མིག་སེར་ཡོད་པས། དེའི་དབང་གིས་སྐྱོ་གར་དེ་ཉིད་བརྩམས་པ་གཤིས་ཀའི་སྐྱོ་གར་དུ་ངོས་འཛིན། སྤྱི་ཚོགས་ཀྱི་སྐྱོ་གར་ནི་རྩོམ་གྱི་མི་སྣ་དང་ཁོར་ཡུག་གམ་སྤྱི་ཚོགས་བར་གྱི་འགལ་བ་ལ་འདུམ་ཐབས་མེད་པ་དང་དེས་བསྐྱེད་པའི་མཇུག་འབྲས་ཡ་ང་བ་ལ་ཟེར་བ་ཡིན། ཨེན་ཀི་སི་ཡིས"ལོ་རྒྱུས་ཀྱིས་བཏོན་པའི་ངེས་གཏན་ཅན་གྱི་རེ་བ་དང་རེ་བ་དེ་དོན་གྱིས་ན་མངོན་འགྱུར་བྱེད་མི་ཐུབ་པའི་བར་གྱི་སྐྱོ་གར་རང་བཞིན་གྱི་འགལ་བ"དེ་འདྲར་ཟེར། རྩོམ་རིག་ཁྲོད་ཀྱི་སྐྱོ་གར་ལེགས་པོ་ཞིག་ཡིན་དུས་ཡ་ང་བའི་སྐྱོ་གར་དང་དེ་རྩོམ་བྱེད་ཀྱི་རྒྱུ་གཉིས་ཀ་རྩོམ་ནང་རྒྱུ་འབྲས་ཀྱི་ཚུལ་དུ་འཁོད་ཡོད་པ་ཡིན།
<རྩྭ་ཐང་གི་ཉིན་ཐོ>ཡིས་སྐྱོ་གར་རྩོམ་བྱེད་ཀྱི་རྒྱུ་དེ་འདྲའི་རྒྱས་པར་རམ་འབུར་ཐོན་ཏུ་བསྟན་མེད་ཀྱང་། རྩོམ་ཧྲིལ་བོ་ཞིབ་ཏུ་བཀླགས་པའི་གོ་རིམ་ཁྲོད་ནས་སྐྱོ་གར་གྱི་རྒྱུ་ང་ཚོས་རྙེད་ཐུབ། རྩོམ་ནང་སྐྱེས་ཕོ་མོ་གཉིས་ཀ་གོ་ས་མི་འདྲ་བའི་གནས་བབ་གཉིས་ན་འཚོ་བཞིན་ཡོད་ཀྱང་། སྐྱེས་མ་དག་ལ་རང་ཉིད་ཀྱི་གོ་ས་དམའ་བ་ལ་འདུ་ཤེས་སད་མེད་པས། གནས་ལུགས་དང་མི་མཐུན་ཀྱང་མི་སྨྲ་བའི་ཁས་ལེན་གྱི་ངང་ན་སྡུག་གི་འདུ་ཤེས་མེད་པར་འཚོ་བཞིན་ཡོད། འདི་ལྟར་རང་ཉིད་རང་གིས་ངོས་མ་ཟིན་པའམ་ཡུལ་ཅན་གྱི་འདུ་ཤེས(主体意识)མ་སད་པ་དེ་སྐྱོ་གར་རྩོམ་བྱེད་ཀྱི་རྒྱུ་རུ་གྲུབ་ཡོད་པ་སྨོས་མ་དགོས། འདི་ལྟར་ཡིན་པས། རྩོམ་ནང་སྐྱེས་ཕོ་མོ་གཉིས་ཀའི་ཁྱིམ་གྱི་གོ་ས་མི་འདྲ་ཡང་། སྐྱེས་ཕོ་མོ་གཉིས་ཀའི་བར་དུ་མི་འཆམ་པའི་འགལ་འཐབ་བྱུང་མེད། འདི་ལྟར་བཤད་ན་ཅུང་ཟད་ལྐོག་ཏུ་གྱུར་བ་ཞིག་ན། བུ་མོ་སྒྲོལ་དཀར་གྱི་སྟེང་ནས་ང་ཚོས་སྐྱོ་གར་གྱི་རྒྱུ་གསལ་བོར་མཐོང་ཡོང་།
རྩོམ་གྱི་ཚན་པ་ལྔ་བའི་ནི། བུ་མོ་སྒྲོལ་དཀར་འབྲི་བའི་ཚན་པ་ཞིག་ཡིན་ཏེ། མོས་འོ་མ་བཞོ་བའི་འཚོ་བ་བྲིས་ཡོད། དེ་ཡང་མོས་འོ་མ་བཞོ་བཞིན་པའི“ཐུལ་མ་དེས་སུན་སྣང་གི་འཕྲ་ཞིག་ཐད་ཀར་བཞོ་ཟེའུ་ལ་ཁྲོག་སེ་བརྒྱབ་རྗེས་འོ་དཀར་གྱི་རྨིག་རྗེས་ས་ལ་གོར་མོ་གོར་མོར་འབེབ་བཞིན་བེའུའི་ཕྱོགས་ལ་ངུར་ནས་བརྒྱུགས་སོང་། ཁོ་མོས་ཐུལ་མའི་རྗེས་ལ་བལྟས་ནས་ཞེ་སྡང་བཟོད་བསྲན་མེད་པ་ཞིག་ལངས་ཀྱང་།འདི་ནི་སྣ་ཚོགས་རྐྱེན་དུ་བྱས་པའི་ཁྲོ་བ་ཞིག་ཡིན་པ་རིམ་གྱིས་ཚོར་བྱུང་བ་དང་མཉམ་དུ་ཐུལ་མ་དེའི་ཕྱིར་རྒོལ་གྱི་ལང་ཚོའི་སྤོབས་པ་ལ་སྨོན་པ་ཞིག་སྐྱེས”ཟེར། སྤྱིར་སེམས་ཅན་མི་ཞིག་གིས་སེམས་ཅན་ཟོག་ཅིག་ལ་ཡིད་སྨོན་སྐྱེ་བ་ནི་གནས་མ་ཡིན་པས། འདིའི་ཤུགས་ན་འུ་ཐུག་པའི་བྱ་བ་ཞིག་དང་སྒྲོལ་དཀར་གྱི་རྒྱུད་ན་ཐུལ་མ་དེར་ཡོད་པའི་ཕྱིར་རྒོལ་གྱི་སྤོབས་པ་མེད་པ་དང་ཡོད་འདོད་པའི་མོའི་སེམས་རྒྱུད་དང་གཤིས་ཀ་ཞིག་ཡོད།
ད་དུང་དེའི་རྗེས་ཀྱི་ཁོ་མོས“ཡུན་རིང་བོར་རྩྭ་གསེང་ལ་ཐིམ་བཞིན་པའི་འོ་མར་བལྟས་རྗེས་ད་གཟོད་ལག་པས་དལ་བུར་སུབ་སུབ་འགའ་བྱས་ནས་ཐོད་པར་བསྐུས།”ཞེས་པ་ལས་ཀྱང་མོ་རང་འཚོ་བ་ལ་དགའ་ཞིང་། མི་རིགས་ཀྱི་གོམས་གཤིས་རྒྱུན་འཛིན་བྱེད་མཁན་གྱི་ཡ་རབས་ཀྱི་གཤིས་ཀ་ཞིག་མཐོང་ཡོང་། ཕ་མའི་ཅི་གསུང་ལ་ཁ་ལན་ཚིག་ལན་མི་རྒྱག་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྨྲ་བ་ཉུང་བ་བོད་ཀྱིས་ཀུན་སྤྱོད་ལེགས་པོ་ཞིག་ཏུ་ངོས་འཛིན་པ་དེ་བུ་མོ་སྒྲོལ་དཀར་གྱི་སྟེང་ནས་ཡོངས་སུ་མངོན་ཡོད།
ཨ་ཕ་ནོར་འབུམ་ནི་བུ་མོ་སྒྲོལ་དཀར་གྱི་འདོད་བློ་ལ་བརྩི་འཇོག་མི་བྱེད་པའི་སྒེར་གཅོད་པ་ཞིག་དང་། བུ་མོ་སྒྲོལ་དཀར་ནི་ཕྱིར་རྒོལ་གྱི་སྤོབས་པ་མེད་པའི་བུ་མོ་ཡ་རབས་ཤིག་ཡིན་པའི་རྟེན་འབྲེལ་གྱི་ཚོགས་པ་འདིས། བོད་རིགས་བུད་མེད་རྣམས་ཀྱི་སྐྱོ་གར་དེ་མཐའ་མ་མེད་པ་ཞིག་ཏུ་བགྱིས་ཡོད། རང་ལ་བདེ་སྐྱིད་ཀྱི་འཚོ་བའི་དམིགས་འབེན་ཡོད་པ་དང་། དེ་ལ་མི་མཐུན་པའི་རྐྱེན་ཡང་ཡོད་པའི་སྐབས་སུ་རང་དབང་བརྩོན་ལེན་བྱེད་པའི་ཆེད་དུ་མི་མཐུན་པའི་རྐྱེན་དང་འཐབ་རྩོད་བྱེད་ཕོད་པ་ཡུལ་ཅན་གྱི་གོ་ས་མངོན་དུ་བྱེད་པའི་བགྱི་བ་ཞིག་ཡིན། རང་ངོས་ནས་བརྩོན་ལེན་དང་ཕྱིར་རྒོལ་གྱི་བློ་སྤོབས་མ་གཞི་ནས་མེད་ཚེ་རང་སོ་སོའི་ཡུལ་ཅན་གྱི་རང་བཞིན་ད་དུང་བག་ལ་ཞ་བ་དང་། ཐ་ན་མི་བུའི་འདུ་ཤེས་ཀྱང་སད་མེད་པ་རེད། དེ་འདྲ་ཡིན་ན་འཇིག་རྟེན་ཁམས་ཀྱི་གཡོ་ཁྲམ་ལ་འཐབ་རྩོད་བྱེད་མི་མེད་པས་ཁྲམ་པའི་འཇིག་རྟེན་དར་ཉེན་ཆེ་སྟེ། འཇིག་རྟེན་གྱི་ཡོ་འཁྱོག་རང་དྭངས་སུ་འགྲོ་བ་མི་སྲིད། དེ་བས་ན།“ཧེ་གུར་གྱི་ས་ན་མི་དགེ་བ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་གྱུར་ནས་ཡོད།”བུ་མོ་སྒྲོལ་དཀར་གྱིས་གཙོས་ཨ་མ་སྒྲོལ་མ་དང་བཅས་པ་ལ་མཚོན་ན། ཕྱིར་རྒོལ་གྱི་བསམ་སྦྱོར་མེད་པའི“ཡ་རབས་མཛངས་མ”ལྟར་སྣང་བའི་གཤིས་ཀ་དེ་སོ་སོའི་སྐྱོ་གར་གྱི་རྒྱུ་རུ་གྱུར་ཡོད་པ་རྩོམ་འདིའི་ཁྲོད་ནས་མངོན་པའི་གཤིས་ཀའི་སྐྱོ་གར་རེད།
ཨ་མ་འཛོམ་སྐྱིད་ནི་ཨ་མ་སྒྲོལ་མ་དང་བུ་མོ་སྒྲོལ་དཀར་དང་མི་མཚུངས་པར། མོ་ལ་ཡ་ལན་སྤྲོད་པ་དང་། བདེན་པ་བདར་བའི་བརྩོན་ལེན་དང་ཕྱིར་རྒོལ་གྱི་བསམ་བློའི་གཤིས་ཀ་ཡོད། ཨ་ཁུ་ཚེ་དབང་དང་གདོང་གཏད་ཡོད་པའི་དུས་སུ་མོར་བདེན་པ་བདར་བ་དང་། བདེན་ལུགས་རྩོད་པའི་བློ་སྤོབས་ཀྱིས་ཕྱུག་ཡོད། ཡིན་ན་ཡང་། མོ་རང་གི་མཐའ་མཇུག་གི་ལས་དབང་ཡང་རྒྱལ་ཁ་མ་ཡིན་པར་དབྱུག་པ་ལས་མ་འདས། དེ་བས་ན། ཕྱིར་རྒོལ་མ་བྱས་པའི་མཇུག་འབྲས་སྐྱོ་གར་ཡིན་ལ། ཕྱིར་རྒོལ་བྱས་པའི་མཇུག་འབྲས་ཀྱང་སྐྱོ་གར་ཡིན་པའི་རྣམ་པ་འདིས་རྩོམ་འདིའི་སྐྱོ་གར་ཆེས་ཡ་ང་བ་ཞིག་ཏུ་བྱས་འདུག་པ་དང་། མི་རབས་གཉིས་ཀྱིས་འགྱུར་བ་ཅུང་ཡང་མེད་པའི་ཡ་བའི་ལས་སྐལ་ལ་སྤྱོད་དགོས་པ་འདིའི་ཤུགས་ན་རྩོམ་པ་པོའི་བོད་རིགས་བུད་མེད་ཀྱི་ལས་དབང་ལ་གདུང་ཤུགས་ཆེན་པོ་འཆང་བའི་སེམས་བྱུང་ཞིག་ཡོད། དེ་བས་རྩོམ་རང་གིས་ཀྱང་སྤྲོ་སྣང་གི་ངོས་ནས་བུད་མེད་དག་གིས་རང་དབང་དང་གོ་ས་རྩོད་དགོས་ཞེས་པའི་འབོད་སྐུལ་ཀྱང་གཏོང་མ་ཕོད་པར། ཡ་བ་བའི་ལས་དབང་ངམ་སྐྱོ་གར་ཆེན་པོ་དེ་ཉིད་རྩོམ་ནང་ནས་བཀྲམ་པར་གྱུར་བ་ཉིད་དུ་སྣང་བར་གྱུར་ཡོད། དེ་བཞིན་དུ“བཞོས་ནས་ཚར་རྒྱུ་མེད་པའི་རྩྭ་ཐང་གི་འོ་སྒྲ་དེ་མུན་ནག་གི་ཁྲོད་ན་ད་རུང་ཤག་ཤག ཤག་ཤག་ཤག…ཅེས་མཚོན་དོན་ཞིག་གི་སྒོ་ནས་རྩོམ་གྱི་མཇུག་བསྡུས་སོང་།”
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།