རྫོགས་ཆེན་པདྨ་སྐལ་བཟང་གི་སྙན་ངག་གླེང་བ།

WechatIMG2381.jpeg

རྫོགས་ཆེན་པདྨ་སྐལ་བཟང་གི་གསུང་འབུམ་སྒོ་འབྱེད་སྐབས་ཀྱི་གཏམ་བཤད།

ཡ་ལགས་སོ། ད་ང་རང་ཉིད་ཡིན་ན་དེང་རབས་ཀྱི་རིག་གནས་དང་རྩོམ་རིག་སློབ་ཁྲིད་བྱེད་མཁན་ཞིག་ཡིན་པའི་ངོས་ནས། བླ་མ་ཁོང་ཚང་གི་གསུང་རྩོམ་མང་པོ་ཞིག་ལ་མཇལ་ཐུབ་ཡོད་ནི་མ་རེད། ཡང་རེད་དེ་ལས་དང་སྐལ་བ་ཞིག་གི་དབང་གིས་ཁོང་ཚང་གི་མཚན་སྔ་མོ་ནས་ཐོས་མྱོང་།དེ་དུས་མཚན་ཐོས་པ་ཙམ་ཞིག་རེད། དེའི་རྗེས་ནས་བརྙན་འཕྲིན་སོགས་སྨྱན་བྱེད་ཀྱི་ལམ་ནས་སྐུ་དང་གསུང་ལ་ཅུང་ཟད་མཇལ་མྱོང་། དེ་འདྲ་ཞིག་གི་ངོས་ཐད་ནས་ང་རང་གི་སེམས་ལ། བླ་མ་ཁོང་ཚང་སྤྱིར་ན་སྒྲུབ་པ་ཉམས་ལེན་བྱེད་མཁན་གྱི་རྣལ་འབྱོར་བ་ཆེན་པོ་ཞིག་རེད་སྙམ་པའི་བསམ་ཚུལ་ཞིག་སྐྱེ་བ་རེད། དེ་འདྲ་ཡིན་ཕྱིན་ང་རང་ཉིད་ཀྱི་རྩོམ་རིག་གི་ལས་ཀ་འདི་དང་འབྲེལ་བ་ཆེན་པོ་ཞིག་མེད་པའི་བསམ་ཚུལ་སྐྱེས་མྱོང་།

ད་ཐེངས་ཚོགས་འདུའི་བརྡ་འདི་ཐོན་ནས་ངས་ཀྱང་དེའི་སྐོར་ཞིག་ལ་གྲ་སྒྲིག་ཅུང་ཟད་རེ་བྱེད་དགོས་རྒྱུ་རེད་སྙམ་ནས་ཁོང་གི་དཔེ་ཆ་ཞིག་བཙལ་ནི་རེད། བཙལ་ནས་ཁོང་ཚང་གི་སྙན་རྩོམ་ཀྱི་དཔེ་ཆ་གཉིས་ལག་ལ་རེག་སོང་། དཔེ་ཆ་གཉིས་ཀར་བལྟས་པའི་གོ་རིམ་གྱི་ཁྲོད་དེ་ནས། ང་རང་ཁོང་ལ་ཧ་ཅང་གི་ཡ་མཚན་སྐྱེས་སོང་། ཁོང་ནི་ང་རང་གི་སྔོན་གྱི་བསམ་ཚུལ་དང་གཏན་ནས་མི་འདྲ་བ་རེད། ཁོང་ནི་ངེས་པ་དོན་གྱི་སྙན་ངག་པ་ཞིག་རེད་སྙམ་པའི་བསམ་ཚུལ་དེ་རང་ཤུགས་ཀྱིས་རྒྱུད་ལ་འཆར་བྱུང་།

རྒྱུ་མཚན་དང་པོ་ཡིན་ན་བླ་མ་ཁོང་ཚང་གིས་བརྩམས་པའི་སྙན་རྩོམ་གྱི་གྲངས་ཀ་ནི་ཧ་ལས་པ་ཞིག་རེད། པོད་ཆེན་པོ་གཉིས་ཡོད་ཀི། དེའི་ཕན་ཆད་ནས་རྩོམ་སྟངས་ལ་མཚོན་ནའང་སྣ་ཚོགས་སྟེ། ཆུང་ས་ནས་བཤད་ན་ཁ་ཤགས། ཟློས་གར། ཀ་རྩོམ།ལྷུག་རྩོམ་སོགས་དང་། དེ་ནས་ཡར་བུད་དེ་ཆེ་སར་སོང་ན། འུ་ཚོ་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་སྲོལ་རྒྱུན་ཆེན་པོ་འབོལ་རྩོམ་སྙན་ངག་དང་། ཚིག་རྒྱན་སྙན་ངག་གཉིས་ཀ་ཡོད་པ་རེད། དེ་གཉིས་ལ་ཅིག་བལྟས་ཚེ་ངེས་ངེས་སྙན་ངག་པ་ཞིག་ཡིན་པའི་ཉམས་དེ་ངང་གིས་སྐྱེ་ཡོང་། འབོལ་རྩོམ་ལ་མཚོན་ན་ཅུང་ཟད་ཁྱད་པར་བ་ཞིག་སྟེ། འབོལ་རྩོམ་སྙན་ངག་གི་མཚོན་བྱེད་སྔོན་མའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་བརྩམས་པའི《ཇོ་བོ་རྗེའི་བསྟོད་པ་སུམ་བཅུ་པ》ལས་རྒྱན་གྱི་སྦྱོར་བ་ཅུང་ཟད་མང་བ་དང་། ཡང་ཚིག་རྒྱན་སྙན་ངག་མཚན་ཉིད་པ་ཞིག་དང་བསྡུར་ན་ཡང་རྒྱན་གྱི་སྦྱོར་བས་ཁ་དམ་པོ་དེ་འདྲ་བྱས་མེད་པར“གཞན་ཕན”ཟེར་བ་འདི་ལྷུར་བླངས་ནས། གོ་ཡང་བདེ་ལ་རྒྱན་གྱི་སྦྱོར་བ་ཡང་ཡོད་པ་དེ་འདྲ་ཞིག་གི་སྙན་ངག་གི་ཉམས་ཤར་ཡོང་གི། དཔེར་ན་ཁོང་གི། ཉམ་ཆུང་བྱེའུས་མཁའ་མཐའ་མི་དཔོག་ཅིང་།། གཞན་ཕན་རྒན་མོའི་བསམ་བཟང་ཆོད་ཆུང་བས།། སྙིང་སྟོབས་བརྟན་པོའི་སྲོག་གི་ཀ་བ་ལ།། ལུང་རིགས་བཙན་པོའི་ཡ་ལད་བསྒོ་བ་མཆོག། ཅེས་པ་ལྟ་བུའོ།།

དེ་འཕྲོར་ཚིག་རྒྱན་སྙན་ངག་ལ་མཚོན་ན་ང་ཚོ་བོད་ལ་སྤྱིའི་ཚིག་རྒྱན་སྙན་ངག་གི་རྩོམ་སྟངས་ཤིག་ཡོད། དེ་ནི་ད་ལྟ་འུ་ཚོས་བཤད་བཞིན་པའི་མེ་ལོང་མའི་ལུགས་ལྟར་བརྩམས་པ་ཟེར་བ་དེ་རེད། དེ་ནི་ཚིག་གི་སྦྱོར་བ་ལ་འཁྱོག་བརྗོད་ཀྱི་ཤེད་ཆེ་སྟེ་གོ་དཀའ་བར་བྱེད་པ་དེ་རེད། ཁོང་གི་རྩོམ་ལུགས་དེའི་སྐོར་གྱི་སྙན་རྩོམ་དེར་བལྟས་ན་དངོས་གནས་མེ་ལོང་མའི་ལུགས་ལྟར་བརྩམས་པ་ཟེར་བའི་སྙན་ངག་གི་རྩོམ་ཚུལ་དེ་མཐར་ཕྱིན་ཡོད་པ་དེ་འདྲ་ཞིག་གི་ཚོར་སྣང་འབྱུང་ཡོང་། ཁོང་ཚང་གིས་དེ་ལྟ་བུའི་ཚིག་རྒྱན་སྙན་ངག་བརྩམས་དུས་སུ། མིང་གི་སྦྱོར་བ། རྒྱན་གྱི་བཀོད་སྟངས། བརྡ་སྤྲོད་ཀྱི་སྦྱོར་བ། འདི་དག་ལྷུག་རྩོམ་དང་མི་མཚུངས་ཤིང་འབོལ་རྩོམ་སྙན་ངག་དང་ཡང་མི་མཚུངས། འུ་ཚོས་བརྗོད་བཞིན་ཡོད་པའི་ཚིག་རྒྱན་སྙན་ངག་གི་ཁྱད་ཆོས་ཇི་མ་ཇི་བཞིན་ཐོན་འདུག

སྤྱིར་བཤད་ན། ཚིག་རྒྱན་སྙན་ངག་ལ་མཚོན་ན་ང་རང་གི་དགའ་ཕྱོགས་ཡིན་ན་ཐང་མོད། སྒེའུ་སྟེང་བློ་བཟང་གི་སྙན་ངག་གི་ཚད་དེར་ཐོན་དུས་ཙ་ན་ཚིག་རྒྱན་སྙན་ངག་གི་རྩེར་སོན་ཡོད་ཅེས་བཤད་ཆོག ད་ཐེངས་བླ་མ་ཁོང་ཚང་གི་སྙན་ངག་ལ་བལྟས་སོང་ཚེ་ཚིག་རྒྱན་སྙན་ངག་གི་ཆ་ནས་ཚད་དེ་འདྲ་ལ་སླེབས་ཏེ། དེ་ལྟ་བུའི་མཛེས་ཉམས་ཐོན་འདུག  དཔེར་ན། སྲིད་ན་རྣམ་པར་ཆེ་བའི་མཐུ་འཆང་བ།། ནག་པོའི་རྩ་ལག་སྙིང་ལ་ཞུགས་པའི་དཔུང་།། མཐར་བྱེད་རྡོ་རྗེ་རྣོན་པོའི་མཚོན་ཐོགས་པ།། སྐྱེས་མཆོག་འཛམ་གླིང་རྒྱལ་པོས་དགེ་ལེགས་སྩོལ།། [①]ལྟ་བུས་མཚོན་པའི་སྙན་རྩོམ《ཟུངས་ཁྲག་དྲོན་པོས་རི་མོར་བཀོད་པ་རྗེས་དྲན་མངོན་རྟོགས་ཀྱི་སྣང་བརྙན》དང《ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་ངང་ཚུལ》ལྟ་བུ། ལུས་མང་བོར་འཇུག་པ་དང་། རྩོམ་རྩལ་གྱི་ཆ་རྫོགས་ཡོད་པ་འདི་འདྲའི་སྙན་ངག་ལ་ད་ཐེངས་མཇལ་བྱུང་བ་དེ་ང་རང་ལ་མཚོན་ན་དགའ་བའི་དགའ་སྟོན་ཆེན་པོ་ཞིག་རེད། རང་གི་ལས་ཀ་རྩོམ་རིག་ཡིན་པའི་ངོས་ནས་རང་ལ་བླང་བྱ་མང་བོ་དང་། ཐོབ་བྱ་ཆེན་པོ་ཞིག་ཐོབ་སོང་སྙམ་པའི་ཚོར་སྣང་བྱུང་ཐལ།

དུས་མཚུངས་སུ་སྙན་ངག་བཀླག་པའི་གོ་རིམ་གྱི་ཁྲོད་དེ་ནས་ང་རང་གི་སེམས་ལ་འགལ་བ་ཞིག་ཀྱང་སྐྱེས་བྱུང་བ་ནི། མ་གཞི་ཁོང་ཚང་ནི་སྒྲུབ་པ་ཉམས་ལེན་བྱེད་མཁན་གྱི་དེ་འདྲའི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་པ་ལ། འོ་ན་འདི་འདྲའི་ཐུན་མོང་ཕྱིའི་རིག་གནས་ཀྱི་ཆ་འདི་ནས་སྙན་རྩོམ་འདི་འདྲའི་མང་པོ་ཞིག་བརྩམས་སོང་བ་ཡིན་ན། འདིའི་བར་འདི་ནས་དུས་ཚོད་ཀྱི་ཆ་ནས་ཁོང་གིས་ཇི་ལྟར་བཀོད་སྒྲིག་བྱས་ཡོད་པ་ཡིན་ནམ་སྙམ་སོང་། འདི་ནི་སྔུན་ངའི་སེམས་ལ་བྱུང་བའི་འགལ་བ་ཞིག་རེད།རེད་དེ་ད་ཐེངས་རྩོམ་ཞིབ་ཏུ་བཀླགས་ནས་སོང་ན་བླ་མ་ཁོང་ཉིད་ལ་མཚོན་ན་ཕལ་ཆེར་སྙན་ངག་རྩོམ་པའི་སྐབས་སུ་དེ་འདྲའི་རྩོལ་བ་བྱེད་མི་དགོས་དང་། དུས་ཚོད་མང་པོ་བཀོལ་མི་དགོས་པ་དེ་འདྲ་ཞིག་ཡིན་པར་ར་སྤྲོད་བྱུང་སོང་། དཔེར་ན། ཁོང་ཚང་ཡར་མར་ཕེབས་ལམ་གྱི་རླངས་འཁོར་གྱི་སྟེང་ནས་སྙན་ངག་བྲིས་ན་ཡང་སྙན་ངག་ཐོན་པ་དང་། ཡང་ཁོང་ལ《དུས་ལ་དཔྱད་པ་སྒྱུ་མའི་སྣང་བརྙན》ཟེར་བ་ཞིག་འདུག ཤོག་ལྡེབ་ཉི་ཤུ་ལྷག་ཅིག་ཡོད་ཀྱང་མཇུག་ཏུ་སྙན་ངག་དེ་བྲིས་པའི་དུས་ཚོད་བཤད་ཡོད་པར་བལྟས་ན་སྐར་མ་བཞི་བཅུའི་ནང་བྲིས་ཚར་སོང་བ་རེད། དེ་འདྲ་ཞིག་ཡིན་པའི་སྟབས་ཀྱིས་ངའི་སེམས་ཤིག་ལ་དངོས་གནས་ངེས་པ་དོན་གྱི་སྙན་ངག་པ་རེད་བསམ་བྱུང་ལ། ཡང་ན་སྙན་ངག་རིག་པའི་ཀློང་བརྡོལ་ཡོད་པར་སྨྲ་ཆོག་པ་ཞིག་རེད་སྙམ་སོང་།

ཁོང་གིས་སྙན་ངག་རྩོམ་པར་དུས་ཚོད་ཡུན་རིང་སྤྱད་མི་དགོས་པ་དང་། ག་དུས་ཡིན་ཡང་བརྩམས་ཆོག་པ་འདི་འདྲའི་སྟེང་ནས། ཁོང་ནི་སློབ་དཔོན་དནྜི་ཡིས་སྙན་ངག་རྩོམ་པའི་རྒྱུ་ཆེན་པོ་རང་བཞིན་གྱིས་གྲུབ་པའི་སྤོབས་པ་རྨད་དུ་བྱུང་བ་ལྡན་པར་རྟོགས། ལྷན་སྐྱེས་ཀྱི་ཡོན་ཏན་དེ་འདྲ་མེད་པ་ཡིན་ན་འདི་འདྲའི་རྩོལ་མེད་ཐོལ་བྱུང་དེ་བགྱི་བ་འབྱུང་མི་ཐུབ།  དེ་བས་ཁོང་ལ་དུས་ཚོད་ཀྱི་སྟེང་གི་འགལ་བ་ཆེན་པོ་དེ་མི་གནས་ཤིང་། རྩོམ་ལུས་སྣ་མང་ལ་འཇུག་པ་ཡངས་པ་དེ་བྱུང་བ་རེད། ངའི་སེམས་ཀྱི་འགལ་བ་ལའང་ཐག་ཆོད་ཐོབ་སོང་། དེ་ནི་ངས་བཤད་རྒྱུའི་ནང་དོན་གཅིག་ཡིན། འདིའི་སྐབས་ནས་ངས་བཤད་རྒྱུ་གཙོ་བོ་དེ་རྩོམ་ཡུལ་སྣ་ཚོགས་དང་རྩོམ་ལུས་སྣ་ཚོགས་བརྩམས་ཡོད་པ་དང་། དུས་ཡུན་མང་པོ་མི་དགོས་པ་འདི་འདྲའི་ངོས་ཐད་ནས་ཁོང་ཉིད་ངེས་པ་དོན་གྱི་སྙན་ངག་པ་ཞེས་ཟེར་ཆོག་ཆོག་རེད་ཅེས་ཟེར་ན་འདོད་པ་ཡིན། དེའི་འཕྲོར་དེ་ལས་ཀྱང་བྱེ་བྲག་ཏུ་གལ་ཆེ་བའི་དོན་དག་གཅིག་ཡོད་པ་ནི། ང་ཚོས་རྩོམ་རིག་སློབ་ཁྲིད་བྱེད་པའི་ངོས་ནས་བཤད་ན། བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་བཤད་པའི་སྐབས་སུ་རྩོམ་རིག་ལོ་རྒྱུས་ཀྱི་ཁྲོད་དུ་རྩོམ་པ་པོ་སུ་ཞིག་ནང་ལ་འཇོག་དགོས་པ་དང་སུ་ཞིག་ནང་ལ་བཞག་ན་མི་འཚམས་པ། དེ་ལ་ཤན་འབྱེད་བྱེད་ཀྱི་རྩ་བའི་ཆ་རྐྱེན་ཞིག་ཡོད་། དེ་ནི་རྩོམ་པ་པོ་གང་དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ། ཡང་ན་ཐུན་མོང་མ་ཡིན་པའི་རང་གཤིས་ཅི་ཞིག་འདུག་པ་དེ་ནི་དེའི་ནང་གི་ཚད་གཞི་གཙོ་བོ་གཅིག་རེད། འདི་འདྲ་ཞིག་གི་ངོས་ཐད་ནས་བོད་ཀྱི་རྩོམ་རིག་ལོ་རྒྱུས་བཤད་ན། དཔེར་ན་ཐོག་མར་རྗེ་བཙུན་མི་ལ་རས་པ་ལྟ་བུ་དང་། ས་སྐྱ་པཎ་ཆེན་ལྟ་བུ། རྗེ་ཙོང་ཁ་པ་ཆེན་པོ་ལྟ་བུ་ངེས་པར་དུ་བཤད་དགོས་འདུག དེ་མར་ཡོང་ན་དགེ་འདུན་ཆོས་འཕེལ་ལྟ་བུ་ངེས་པར་དུ་བཤད་དགོས། འདི་དག་ངེས་པར་དུ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་གྲལ་དུ་འཇོག་དགོས་པའི་རྒྱུ་མཚན་ནི། ཁོང་རྣམ་པ་སོ་སོའི་རྩོམ་དེ་ལ་གཞན་དང་མི་མཚུངས་པ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པའི་སྟབས་ཀྱིས་ཡིན། དེའི་སྟེང་ནས་འུ་ཚོས་ཤེས་ཐུབ་པ་གང་རེད་ཟེར་ན་ད་བར་གྱི་རྩོམ་རིག་གི་ངོས་ནས་བཤད་རྒྱུ་ཡིན་ན། ཁྱོད་རྩོམ་པ་པོ་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན་དགོས་ན་ངེས་པར་དུ་རང་ལ་ཐུན་མོང་མ་ཡིན་པའི་རྩོམ་གཤིས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ཡོད་དགོས་པ་རེད། དེ་འདྲ་ཞིག་གི་ངོས་དེ་ནས་ད་ཐེངས་སྙན་ངག་ཀློག་པའི་གོ་རིམ་གྱི་ཁྲོད་ནས་བླ་མ་ཁོང་ཚང་གི་རྩོམ་ལ་ཆེས་ཐུན་མོང་མ་ཡིན་པའི་མཛེས་པ་ཞིག་ཡོད་པ་མཐོང་བྱུང་བ་ནི། གཞུང་ལུགས་ཀྱི་སྐད་ཆས་བཤད་རྒྱུ་ཡིན་ན་མཛེས་རྟོག་གསར་བ་ཞིག་ཡོད་པ་དེ་འདྲ་ཞིག་ཟེར་དགོས་ནི་རེད་དེ། དེ་རྒྱའི་སྐད་ཆ་ཚུར་ལ་ཐད་བསྒྱུར་བྱས་བཞག་པ་རེད།དོན་གྱིས་འདི་ནས་བཤད་རྒྱུ་དེ་གང་རེད་ཟེར་ན། ཁོང་གི་རྩོམ་གྱི་བསམ་བློའི་ནང་དོན་སྟེང་ན། ཡང་ན་དེ་ལས་ཀྱང་ཡང་དག་པའི་སྐད་ཆའི་བཤད་ན་མཛེས་པ་མཆོག་ཏུ་གྱུར་པ་ཞིག་འདུག་སྟེ། གཞུང་ལུགས་ཀྱི་སྐད་ཆས་བཤད་ན་རྫོགས་པ་ཆེན་པོའི་ལྟ་གྲུབ་ཀྱི་མཛེས་པར་བྱས་ཡོད་པ་འདི་ནི་ཆེས་ཐུན་མོང་མ་ཡིན་པ་ཞིག་རེད་སྙམ་སོང་། སྤྱིར་བཏང་རྩོམ་རིག་དང་སྒོས་སུ་མཛེས་རྟོག་རིག་པའི་ལམ་ནས་རྫོགས་པ་ཆེན་པོའི་ལྟ་གྲུབ་ཟེར་ན་ཆོག  སྟོང་ཉིད་ཀྱི་ལྟ་བ་ཟེར་ན། ཕྱག་རྒྱ་ཆེན་པོའི་ལྟ་བ་ཟེར་ན་ཕལ་ཆེར་གཅིག་མཚུངས་ཡིན་ཁ་རེད། དེ་ཡིན་ཕྱིར་དབུ་ཕྱག་རྫོགས་གསུམ་གྱི་ལྟ་བ་འདི་སྙན་ངག་གི་ལམ་དུ་བསྟར་ཡོད་པ་འདི་ང་རང་ལ་མཚོན་ན་ཆེས་ཡིད་འཕྲོག་པའི་ཆ་ཞིག་ཏུ་གྱུར་བྱུང་།

བྱེ་བྲག་གི་འདིའི་དོན་རེ་རེ་བཞིན་ང་འདྲ་ཞིག་གིས་བཤད་ཤེས་ནི་མ་རེད་དེ། ཁོང་གི་སྙན་རྩོམ་གྱི་ཁྲོད་ནས་འདི་འདྲའི་ཚིག་རེ་གཉིས་ཁོལ་དུ་ཕྱུང་ནས་བཀླགས་ན་སེམས་ནང་ནས་དེ་ལ་གོ་བ་བསྐྱེད་ཐུབ་རྒྱུ་རེད་སྙམ། དཔེར་ན། དེ་ཚེ་འབྲས་བུ་རེ་དང་དོགས་པ་ཡི།། འཕྲང་ལས་གྲོལ་བའི་བྱར་མེད་རྣལ་འབྱོར་པ།། གང་བྱུང་བློ་བདེ་ཅི་བྱུང་དེས་ཆོག་གི།  གཞི་བདེའི་ངང་དུ་བློ་བདེ་ཨེ་མ་རྨད།། འདི་ལྟ་བུ་ཡིན་ན་རེ་དོགས་དང་བྲལ་བ། བྱར་མེད་རྩོལ་མེད་ཟེར་བ་དེ་འདྲ་རྩལ་ཏུ་བཏོན་ཡོད་པ་ཞིག་རེད།ཡང་ན་ནི། ཡ་གིའི་རྫོགས་པའི་སངས་རྒྱས་ཐོབ་འདོད་ཀྱི་རེ་བ།། མ་གི་ན་རཀ་དམྱལ་བར་ལྟུང་སྙེམས་གྱི་དོགས་པ།། རེ་དོགས་གཉིས་འཛིན་སྤང་བླང་བྱ་བྱེད་ལས་གྲོལ་ཚེ།། ཕ་གཞིས་བུ་ཡིས་ཟིན་པའི་བྱ་བྲལ་དེ་གུ་ཡངས།། འདི་ལྟ་བུ་ལ་མཚོན་ན་ཡང་ཕལ་ཆེར་གོང་གི་དེ་དང་གཅིག་མཚུངས་རེད། གཙོ་བོ་རེ་དོགས་བྲལ་བ། གཉིས་འཛིན་བྲལ་བ་དང་། ཡང་ན་གཟའ་གཏད་བྲལ་བ།དམིགས་གཏད་བྲལ་བའི་འཚོ་བ་ལ་སྨོན་བཞིན་པ་རེད། མ་གཞིའི་དོན་ནི་ཁྱེད་རྣམ་པས་མཁྱེན་ནི་རེད། ལྟ་བའི་མཐོ་ས་ནས་སྙན་ངག་ཅིག་བྲིས་ཡོང་ན་ཧ་ཅང་གི་ཐུན་མོང་མ་ཡིན་པ་ཞིག་ལ་འགྱུར་འགྲོ  དེ་འདྲ་ཐུན་མོང་མ་ཡིན་པ་ཞིག་ལ་འགྱུར་དགོས་པའི་རྒྱུ་མཚན་ནི། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་གནས་བབ་ལ་འབྲེལ་ཡོད་དེ། བྱར་རྩོལ་བྲལ་བའི་མཛེས་རྟོག་གི་སྐོར་བྲིས་པ་ཉུང་བ་དང་དེ་ལ་དོ་སྣང་ཆེན་པོ་བྱས་མེད་པས་ན། ཁོང་གི་བྱར་རྩོལ་བྲལ་བའི་རྩོམ་གྱི་བསམ་བློའམ་མཛེས་རྟོག་གི་ལྟ་བ་ལ་ཐུན་མིན་གྱི་གོ་ས་ཡོད་འདུག  

WechatIMG2383.jpeg

སྤྱིར་ན་ང་ཚོ་བོད་ཀྱི་སྙན་ངག་དེ་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་དམ་པོ་ཞིག་ཡོད་པ་ནི་སྨྲོས་མ་དགོས་པ་ཞིག་རེད།དེ་ཚང་མས་མཁྱེན་ནི་རེད། རེད་དེ་བོད་ཀྱི་རྩོམ་རིག་དང་སྙན་ངག་གི་བསྟན་བཅོས་དངོས་ལ་བལྟས་སོང་ན། དོན་གྱིས་རྩོམ་རིག་གིས་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་དོན་ཡོངས་ལ་ཁྱབ་ཐུབ་མི་འདུག  འུ་ཚོའི་བོད་ཀྱི་སྙན་ངག་དང་བརྩམས་སྒྲུང་ལ་མཚོན་ན་བརྩམས་སྒྲུང་གིས་གཙོ་བོར་ངེས་འབྱུང་གི་བསམ་བློ་སྟོན་པ་དང་། སྙན་ངག་གིས་དད་པ་དང་ནང་སྒོས་སུ་བླ་མའི་དད་པ་འདི་གཙོ་བོ་བྱས་ཡོད་གི  ལོ་ངོ་སྟོང་ལྷག་གི་རིང་ལ་འུ་ཚོ་རྩོམ་རིག་གིས་ཕལ་ཆེར་འདི་ལྟ་བུའི་བསམ་བློ་ཞིག་བསྟན་ནས་ཡོང་བ་ཞིག་རེད།  ནང་བསྟན་གྱི་བསམ་བློ་ངོས་ནས་བཤད་རྒྱུ་ཡིན་ན། དེའི་ཕན་ཆད་ན་ལམ་གྱི་རིམ་པའི་མ་ལག་གི་ཆ་ནས་བཤད་རུང་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་།  དལ་འབྱོར་རྙེད་དཀའ།  འཆི་བ་མི་རྟག་པ། ལས་རྒྱུ་འབྲས་སོགས་ཆོས་ཀྱི་ནང་དོན་རྒྱ་ཆེན་པོ་མང་པོ་མང་པོ་ཞིག་ཡོད་པ་ནི་ངས་འདིར་སྨོས་མ་དགོས་པ་ཞིག་རེད། རེད་དེ་བོད་མི་རིགས་ཀྱི་རྩོམ་རིག་གིས་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་དེ་དག་ལས་བྱེ་བྲག་གི་བསམ་བློ། ངེས་འབྱུང་གི་བསམ་པ་དང་དད་པ་འདི་མང་པོ་བསྟན་པ་ལས་དེ་ལས་གཞན་པའི་བསམ་བློའི་སྐོར་དེ་དག་བསྟན་པའི་རྩོམ་མེད་པ་མ་ཡིན་ཡང་།  ཤིན་ཏུ་ཉུང་ཉུང་རེད། ད་ལྟའི་རྩོམ་རིག་ཞིབ་འཇུག་གི་ངོས་ནས་བཤད་རྒྱུ་ཡིན་ན། བོད་ཀྱི་རྩོམ་རིག་གི་བསམ་བློ་དེ་ལྟའི་ཁྱབ་ཆུང་ས་ཞིག་ནས་ལུས་བསྡད་ཡོད་པའི་སྣང་ཚུལ་འདི་ང་ཚོས་ངེས་པར་དུ་ཁས་ལེན་དགོས།

སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་མཐོ་ས་ན་ད་དུང་ཟབ་མོ་སྟོང་བ་ཉིད་ཀྱི་ལྟ་གྲུབ་ཅིག་ཡོད།  གོང་ནས་བཤད་པའི་དབུ་ཕྱག་རྫོགས་གསུམ་གྱི་ལྟ་བ་ནི་དེའི་མཚོན་བྱེད་རེད། བསམ་བློ་དེ་བོད་ཀྱི་རིག་པའི་གཞུང་ལུགས་ཀྱི་ངོས་ནས་མང་དུ་བསྟན་འདུག་ཀྱང་། རྩོམ་རིག་གི་སྒོ་ནས་བསྟན་པ་ཤིན་ཏུ་ཉུང་།  འདི་དག་ནི་བོད་ཀྱི་རྩོམ་རིག་ལ་ཅུང་ཟད་སྦྱངས་མྱོང་བ་ཞིག་ཡིན་ན་མང་པོ་བཤད་མི་དགོས་པར་ཚང་མས་ཤེས་ཐུབ། གཙོ་བོ་བཤད་རྒྱུ་ནི་རིག་གཞུང་གི་སྒོ་ནས་བསྟན་པ་རེད་མ་གཏོགས་རྩོམ་རིག་གི་སྒོ་ནས་བསྟན་པ་ཉུང་གི་ཟེར་བ་འདི་ཡིན། དེ་ནས་དར་ཁྱབ་ཀྱི་ངོས་ནས་བཤད་ནའང་འདི་འདྲའི་སྣང་ཚུལ་ཞིག་ཡོད་པ་འདྲ། སྤྱིར་ན་སྟོང་ཉིད་ཀྱི་ལྟ་བ་ཟེར་ན་ཆོག  དབུ་རྫོགས་ཕྱག་གསུམ་གྱི་ལྟ་བ་ཟེར་ན་ཆོག   ཆོས་ཀྱི་ཆོས་ཉིད་ལ་དཔྱད་པའི་ལྟ་བ་མཐོན་པོ་འདི་རིག་གཞུང་གི་སྒོ་ནས་གཏན་ལ་མང་པོ་ཕབ་ཡོད་ཀྱང་།  སྤྱོད་པའམ་ལག་ལེན་དང་འཚོ་བའི་སྟེང་ལ་སྦྱོར་བའི་ཚེ་ན། བོད་ཀྱི་མཁས་པ་རྣམས་ཀྱིས་འདིའི་ནང་ཅུང་ཙམ་ཉེན་ཚབ་ཅིག་གནས་ཡོད་པར་མཐོང་ཡོད། ཡང་ན་འཛེམ་དོགས་བྱེད་དགོས་ས་ཞིག་ཡོད་པར་ཁོང་ཚོས་མཁྱེན་ཀི་ཡོད་པ་རེད།

ཆོས་རྣམས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་བདེན་མེད་སྤྲོས་བྲལ་གྱི་ལྟ་བ་དེ་སྤྱོད་པ་ལག་ལེན་དུ་བསྟར་ན་འཇིག་རྟེན་གྱི་ཁྲིགས་ཆགས་སྲུང་འཛིན་ལ་གནོད་འགྲོ། དེ་ཡིན་པའི་སྟབས་ཀྱིས་བོད་ལ་གཏམ་དཔེ་ཞིག་བྱུང་ཡོད་དེ། རྟོགས་པ་ལྷ་དང་མཉམ་ཡང་། ། སྤྱོད་པ་མི་དང་བསྟུན་དགོས།། ཟེར་བ་དང་། ཡང་ན། བཀའ་གདམས་གོང་མ་རྣམས་ཀྱིས། སྤྱོད་པ་ལྟ་བའི་རྗེས་སུ་མ་ཤོར་བ་ཞིག་གལ་ཆེ། ཞེས་ལྟ་སྤྱོད་ཀྱི་འགལ་འདུ་ལ་གཟབ་དགོས་པར་བསྟན་ཡོད། བཀའ་གདམས་པ་ཡེར་བ་ཞང་བཙུན་གྱི་ཞལ་ནས། རྟོགས་པ་ཕུལ་དུ་ཕྱིན་པའི་སྤྱོད་པ་ཞིག་དགོས་ཏེ། རྟོགས་པ་ཕུལ་དུ་ཕྱིན་པའི་ཚད་གང་ཡིན་ཞེ་ན། ཡངས་སར་ཡངས་པ་ཡིན་ཏེ་ལྟ་བ་ཡངས་དགོས། དོག་སར་དོག་པ་ཡིན་ཏེ་སྤྱོད་པ་དོག་དགོས། [②]ཞེས་ལྟ་བ་ཡངས་དགོས་པ་ལ་སྤྱོད་པ་དེ་ལྟར་ཡངས་པོ་མི་རུང་བར་བསྟན་ཡོད། དེ་བས་སྤྱོད་པའི་སྐབས་སུ་གོང་ནས་བཤད་བཞིན་པའི་ལྟ་བ་མཐོན་པོ། བློ་ཟད་ཆོས་ཟད་ཀྱི་ལྟ་བ་འདི་ཇི་བཞིན་པ་བྱེད་མི་རུང་བའི་དགོངས་པ་ཞིག་ཡོད་པའི་སྟབས་ཀྱིས།  རྩོམ་རིག་གི་ལམ་ནས་འདི་དང་འདི་ལྟ་བུའི་བསམ་བློ་མང་དུ་མ་བསྟན་ཞིང་། དར་ཁྱབ་ཏུ་འགྲོ་རུའང་མ་བཅུག་པ་དང་མ་ཐུབ་པ་རེད་སྙམ། དེའི་ཕྱིར་མི་ལ་རས་པའི་མགུར་གྱི་ནང་ན།  མི་མངོན་ནམ་མཁའི་དབྱིངས་ཤིག་ན། ། རྫོགས་པའི་སངས་རྒྱས་ཞལ་རྫུན་མཁན། །  དྲང་དོན་གྱི་བསླུ་བྲིད་གསུང་གསུང་ནས། ། ངེས་པའི་དོན་ལ་རྟོགས་དུས་མེད། །  ཟེར་ནས་ངེས་དོན་གྱི་སྐོར་འདི་མང་དུ་མ་བསྟན་པའི་དྲང་ངེས་ཀྱི་དགོངས་དོན་ཐད་ལ་ཁོང་གིས་ཀྱང་སྡུག་ཡུས་བཏོན་འདུག

ངས་འདི་ནས་མི་རིགས་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ངོས་ནས་བཤད་ནའང་དེ་དང་མཚུངས་པ་རེད།  སྤྱིར་ན་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཟེར་ན།  ལྟ་གྲུབ་ཟེར་ན། དགོངས་པའི་མཐར་ཐུག་ཟེར་ན། ཉིང་བཅུད་ནི་དབུ་མ་དང་ཕར་ཕྱིན་གྱི་དགོངས་པ་ཡིན་པ་རེད་དེ། རྩོམ་རིག་གི་ལམ་ནས་ལྟ་དགོངས་མཐོན་པོ་ཆེན་པོ་ཆེན་པོ་ཞིག་སྟོན་མ་ཐུབ་པ་འདི་ནི་བོད་ཀྱི་རྩོམ་རིག་གི་ངོས་ཐད་ནས་ཅུང་ཙམ་ཡིད་ཕངས་པའི་གནས་རེད། ད་ཐེངས་བླ་མ་ཁོང་ཚང་གིས་འདིའི་སྐོར་ནས་སྙན་ངག་མང་པོ་ཞིག་བརྩམས་ཡོད་པ་འདི་ང་རང་ལ་མཚོན་ནས་བཤད་ན། བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ཁ་གསབ་ཐོབ་སོང་བ་འདྲའི་ཡིད་དགའ་དགོས་པའི་དོན་དག་ཅིག་རེད་ཟེར་གི་ཡོད།དེར་མ་ཟད། དུས་སྐབས་གསར་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཀྱིས་ཡུལ་ཅན་གྱི་འཛིན་པའམ་བདག་གི་འཛིན་པ་དང་དངོས་ཞེན་སོགས་ཆེས་ཆེར་བདོ་ནས། བོད་མིའི་བསམ་པ་དང་སྙིང་སྟོབས་ལ་ནང་ནས་འགྱུར་ལྡོག་བྱུང་སྟེ།ཕྱོགས་གཅིག་ནས་སྤྱང་བོ་དང་གྲུང་པོར་གྱུར་ནས་རང་དོན་ལ་བསམ་ཤེས་པའི་འཕེལ་རྒྱས་ཤིག་བྱུང་བ་དང། ཡང་ཕྱོགས་གཅིག་ནས་དེ་ཉིད་ཀྱི་སྟབས་ཀྱིས་ནང་གི་བློ་བདེ་དང་གུ་ཡངས་བོར་ནས་དུས་རྒྱུན་སོ་མི་བསོད་པ། སེམས་པ་འཚིག་ནས་སྡོད་དགོས་པའི་ཉེན་ཚབ་ཅིག་འབྱུང་བཞིན་པ་འདི་འདྲའི་སྐབས་ན། སྙན་ངག་དང་རྩོམ་རིག་གི་ལམ་ནས་གོང་ལྟར། རེ་དོགས་གཉིས་འཛིན་སྤང་བླང་བྱ་བྱེད་ལས་གྲོལ་ཚེ༎ ཕ་རྗེས་བུ་ཡིས་ཟིན་པའི་བྱ་བྲལ་དེ་གུ་ཡངས༎ ཞེས་པ་ལྟ་བུའི་བྱར་མེད་བློ་བདེ་ཡི་མཛེས་རྟོག་དང་རྩོམ་ལ་དངོས་སུ་ནས་མི་སེམས་ལ་དབུགས་དབྱུང་སྦྱིན་པའི་མཛེས་རྟོག་གི་དགེ་མཚན་ཆེན་པོ་ལྡན་ནོ།།

རང་གི་ལས་ཀ་དང་འབྲེལ་ཏེ་ངས་རྩོམ་རིག་གི་ངོས་ཐད་ནས་རང་གི་བསམ་ཚུལ་ཞིག་བཤད་པ་ཡིན། བཀའ་དྲིན་ཆེ། དོན་འགྲུབ་རྡོ་རྗེས་ཡི་གེར་ཕབ་པ་ལ་གཏམ་བཤད་པ་བདག་གིས་དག་བཅོས་ཅུང་ཟད་དང་བཅས་སྤེལ་བའོ།། །།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།