རྩོམ་པ་པོའི་སྐུ་པར།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་རིགས་པའི་རྒྱལ་པོ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་ཞེས་གངས་རིའི་རིག་གཞུང་སྨྲ་བ་ཀུན་གྱི་ཞལ་ན་རླུང་ལྟར་གྲགས་པ་འདི་ལ་མདོ་རྒྱུད་བསྟན་བཅོས་ལས། “འདི་ཡོད་པས་ན་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེས་པ་སྟེ། གང་དུ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་”ཅེས་དང་། 《རྩ་ཤེ་》 རུ། “གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ལ། །གང་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །”ཞེས་གསུངས་པ་སོགས་ལ་གཞི་བཅོལ་ནས་རིགས་པའི་རྒྱལ་པོ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་ལ་འདུས་བྱས་ཀྱི་རྟེན་འབྲེལ་གཏན་ཚིགས་དང་། འདུས་མ་བྱས་ཀྱི་རྟེན་འབྲེལ་གཏན་ཚིགས་གཉིས་སུ་ཕྱེ་སྟེ་དཔྱད་པ་བྱས་ཡོད།
[བརྡ་ཆད་གཙོ་བོ།] རྟེན་འབྲེལ། གཏན་ཚིགས། འདུས་བྱས། འདུས་མ་བྱས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B943 ཀྲུང་གོའི་བོད་རིག་པ།
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག]1002 – 946X(2012)03 -081 - 08
དང་པོ། རིགས་པའི་རྒྱལ་པོ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས།
རིགས་པའི་རྒྱལ་པོ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་འདིའི་ཁུངས་དམ་པ་ནི། མདོ་ལས། “འདི་ཡོད་པས་ན་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེས་པ་སྟེ། གང་དུ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་” ①ཅེས་པའོ། གཞི་འདི་ལ་བརྟེན་ནས། 《རྩ་ཤེ་》རུ། “གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ལ། །གང་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །” ②ཞེས་གསུངས་སོ། དེ་དག་གི་དོན་ལ་དགོངས་ནས་《བསྟོད་པ་ལེགས་བཤད་སྙིང་པོ》རུ། “སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང་། །ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས། །འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། །ཕུལ་བྱུང་ལེགས་པར་ཁྱོད་མཁྱེན་གཞན་གྱིས་མིན། །” ③ ཞེས་གསུངས་པ་ལྟར། སྟོན་པ་པོ་གང་ལ་རྟེན་འབྲེལ་གྱི་ལམ་ནས་བསྟོད་པའི་དགེ་ལེགས་ཀྱི་མཚན་མ་མངོན་པར་གསལ་བའི་དགོངས་དོན་ལ་གཞིགས་ནས་ཕྱོགས་དང་རིས་སུ་མ་ཆད་པར་འདི་ལ་ཞིབ་འཇུག་དང་རྒྱུས་ལོན་ཡག་པོ་ཞིག་བྱེད་དགོས་རྒྱུ་ནི་ཤེས་རྒྱ་ཡངས་པ་ཀུན་གྱི་ཆེས་རྨད་དུ་བྱུང་བའི་ལས་བསམ་གྱིས་མི་ཁྱབ་པ་ཞིག་ཏུ་མཐོང་ངོ་།
དེ་ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས། “ཀླུ་སྒྲུབ་ཡབ་སྲས་དང་རྗེ་ཐམས་ཅད་མཁྱེན་པས་སྟོང་པ་རྟེན་འབྲེལ་གྱི་དོན་དུ་གསུངས་པ་དེ་ཡང་ལྟོ་ལྡིར་བ་བུམ་པའི་དོན་དུ་འཇོག་པ་ལྟ་བུ་ཡང་མ་ཡིན་ལ། གཅིག་རྟོགས་པས་གཅིག་ཤོས་རྟོགས་པ་ཙམ་ལ་བྱེད་པའང་མ་ཡིན་ནོ། །དེས་ན་སྟོང་པ་རྟེན་འབྱུང་གི་དོན་དུ་འགྲོ་བ་ནི་གང་ཟག་སུ་རུང་རུང་ལ་མ་ཡིན་གྱི་ལྟ་བ་རྣམ་དག་ངེས་ཟིན་པ་བརྗེད་པའི་ངོར་འཇོག་པ་ཡིན་ནོ། །” ④ཞེས་ནན་གྱིས་བསྐུལ་བ་དེ་ཡང་དོན་གྱིས་དངོས་པོའི་ཆོས་ཉིད་ལ་གསལ་ཁ་གཏོད་པའི་ལག་རྗེས་ཤིག་ཡོད་དགོས་ན་མངོན་སུམ་ལ་སྣང་བའི་བྱ་བྱེད་ཙམ་གྱིས་མ་ཡིན་པར་རྗེས་དཔག་གཏན་ཚིགས་ཀྱི་རིགས་པས་དཔྱད་དེ་ཆོས་རྣམས་ཀྱི་ངོ་བོ་མ་འདྲེས་པར་རྟོགས་པའི་ལྟ་བ་རྣམ་དག་ཅིག་རྒྱུད་ལ་སྐྱེ་དགོས་པར་གདམས་པ་ཡིན།
ཡང་ལྕང་སྐྱ་རིན་པོ་ཆེས། སྟོང་པ་རྟེན་འབྱུང་དུ་རྟོགས་དཀའ་ཞིང་། རྟོགས་པ་རྣམས་ཀྱང་གང་ཟག་དབང་པོ་རྣོན་པོ་ལྟ་བ་རྣམ་དག་ངེས་ཟིན་མ་བརྗེད་པའི་གང་ཟག་དག་ལ་བྱ་དགོས་པར་གསུངས་ཤིང་། དེའི་ཁུངས་སུ། “ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡིད་ཀྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །” ⑤ཞེས་རྗེ་ཙོང་ཁ་པའི་གསུང་དྲངས་པ་དེ་ཡང་གནད་གང་ཡིན་ལ་དཔྱད་པ་ཡང་དང་ཡང་དུ་བཏང་སྟེ་ཆོས་རྣམས་ལ་བདེན་པར་འཛིན་པའི་བདེན་འཛིན་གྱི་དམིགས་གཏད་ཅན་གྱི་རྟག་ལྟ་དང་།སྒྲོ་འདོགས་ཀྱི་ལྟ་བ་དང་དགག་བྱའི་ཚད་མ་ཟིན་པར་ཐལ་དྲགས་པས་ཀུན་བྱང་གི་རྒྱུ་འབྲས་མཐའ་དག་ལ་རང་ངོར་ངེས་པ་དྲང་དུ་མེད་པར་སོང་བའི་ཆད་ལྟ་དང་། སྐུར་འདེབས་ཀྱི་ལྟ་བའི་གཉེན་པོ་སྟོང་པ་རྟེན་འབྱུང་དང་། རྟེན་འབྱུང་སྟོང་པར་རྟོགས་པའི་ཤེས་རབ་ཆེན་པོ་འདི་འདྲ་བ་ཤིན་ཏུ་མེད་དུ་མི་རུང་བ་དང་། རང་བཞིན་གྱི་སྣང་ཕྱོགས་ལད་མོ་ཙམ་གྱིས་དཀའ་ཞིང་། ཆོས་དོན་ལ་ཕྱི་ནང་གཉིས་ཀྱི་སྒོ་ནས་བརྡར་ཤ་ཆོད་པ་ཞིག་འོང་ན་བསྔགས་པའི་གནས་ཕུན་སུམ་ཚོགས་པ་སྟེ། མ་དྲོས་པས་ཞུས་པ་ལས། “མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་འགྱུར་ཏེ། །མཐར་ལྟ་བ་ལ་བརྟེན་པར་ཡོང་མི་བྱེད། །”ཅེས་པ་ཁུངས་སུ་བྱས་ནས། དབུ་མ་ལ་འཇུག་པར། “གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་རྟོག་པར་མི་ནུས་པ། །དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །” ⑥ཅེས་གསུངས་ཤིང་།དེ་ནི་“གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །གསུང་བ་འདི་ལས་ཡ་མཚན་པའི། །ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །” ⑦ཅེས་པའི་དོན་ལྟར། འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་ཐམས་ཅད་རྒྱུ་དང་རྐྱེན་གང་ལའང་རག་མ་ལས་པ་ཞིག་ནི་མེད་ཅིང་། ཐམས་ཅད་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བ་ལས། རང་བཞིན་གྱིས་གྲུབ་པའི་ཆོས་ཤིག་ཡེ་ནས་མེད་པས། འདི་ལ་རིགས་པའི་ལམ་ནས་རྙེད་པའི་བདེན་དོན་སྨྲ་བ་ཞིག་ཡིན་ན་ནི་དོན་དུ་གོ་བར་ངེས་ཤིང་ངོ་མཚར་བའི་གནས་དང་། འདི་ལས་ལེགས་པའི་གདམས་པ་གཞན་མ་མཆིས་པར་གསུངས་སོ།
དེ་ཡང་དབུ་མའི་ལྟ་བ་གཏན་ལ་འབེབས་བྱེད་ཀྱི་གཏན་ཚིགས་ཆེན་མོ་ལྔ་ཞེས་པའི་གྲས་སུའང་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་འདི་བཞུགས་ཤིང་། འདི་ལ་《བཤེས་སྤྲིངས་》སུ། “རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་པོ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །དེ་ཉིད་རིག་པས་རྣམ་མཆོག་ཐོབ་པར་འགྱུར། །” ⑧ཞེས་གསུངས་པ་དང་། བསྔགས་ཡུལ་དམ་པ་འདི་ལ་ཕྱི་ནང་གི་རྟེན་འབྲེལ་གཉིས། ཀུན་ཉོན་དང་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་གཉིས། འདུས་བྱས་དང་འདུས་མ་བྱས་ཀྱི་རྟེན་འབྲེལ་གཉིས། དུས་གསུམ་རེ་རེ་བ་ལ་རྒྱུ་འབྲས་སུ་བྱས་པའི་དྲུག ཡན་ལག་གི་སྒོ་ནས་བཞི་དང་བཅུ་གཉིས་སོགས་དབྱེ་སྒོ་སྣ་ཚོགས་པ་ཞིག་སྣང་ནའང་། རྩ་བའི་ངོས་འདུས་བྱས་ཀྱི་རྟེན་འབྲེལ་དང་འདུས་མ་བྱས་ཀྱི་རྟེན་འབྲེལ་གཉིས་ཀྱི་ནང་དུ་མ་འདུས་པ་མེད་པས། འཕགས་པ་ཀླུས། “གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །”ཞེས་སོགས་གསུངས་པ་ལ། རྗེའི་ལམ་རིམ་བསྡུས་པར། “འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །” ⑨ཅེས་《རྩ་ཤེ་》ཁུངས་སུ་བྱས་ཏེ་འདུས་བྱས་དང་འདུས་མ་བྱས་ཀྱི་རྟེན་འབྲེལ་གཉིས་སུ་གསུངས་ཤིང་། རྟེན་འབྲེལ་འགྲེལ་པར། “་བརྟེན་ནས་བཏགས་པའི་རྟེན་འབྱུང་ལ་བྱ་ཡི་རྒྱུ་རྐྱེན་ལས་སྐྱེས་པ་ཙམ་ཁོ་ན་ལ་བྱས་ན་འདུས་མ་བྱས་ཀྱི་རྟེན་འབྲེལ་ལ་མི་འགྲིག་གོ” ⑩ཞེས་ལྕང་སྐྱ་རིན་པོ་ཆེས་གསུངས་པ་དེ་ལྟར་དུ་ཚད་གཞུང་སྨྲ་བ་ལ་གྲགས་པའི་ཤེས་བྱ་ལ་འདུས་བྱས་དང་འདུས་མ་བྱས་གཉིས། དང་པོ་འདུས་བྱས་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ། གཉིས་པ་འདུས་མ་བྱས་ལ་རྣམ་པ་ཐམས་ཅད་པ་དང་རེ་འགའ་བ་གཉིས་སུ་འཇོག་པ་བཞིན། ངེད་ཅག་གི་ཤེས་ངོར་སྣང་དུ་ཡོད་ཡོད་འདྲ་བའི་གཞི་ལམ་འབྲས་བུའི་རྣམ་གཞག་ཙམ་ལ་སྦྱར་ནས་རྟེན་དང་གདགས་གཞི་གང་ཡང་རུང་བ་ལ་བརྟེན་ནས་བཏགས་པའི་རྟེན་འབྱུང་དུ་གྱུར་པའི་འདུས་བྱས་ཀྱི་རྟེན་འབྲེལ་དང་འདུས་མ་བྱས་ཀྱི་རྟེན་འབྲེལ་གཉིས་སུ་ཕྱེ་སྟེ་དཔྱད་པར་འདོད་དོ། །
གཉིས་པ། འདུས་བྱས་ཀྱི་རྟེན་འབྲེལ་ཆེན་མོའི་གཏན་ཚིགས།
སྤྱིར་འདུས་བྱས་སུ་གང་གྲུབ་ལ་དངོས་པོས་ཁྱབ་ཅིང་། དངོས་པོས་མ་ཁྱབ་པའི་འདུས་བྱས་ཀྱང་མེད་པས། རྟེན་འབྲེལ་ཆེན་མོའི་གཏན་ཚིགས་ཀྱི་ལམ་ནས་དཔྱད་ན། འདུས་བྱས་ཀྱི་དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་མ་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའི་ཐལ་འགྱུར་འདིས་འདུས་བྱས་ཀྱི་དངོས་པོ་རྣམས་རང་བཞིན་གྱིས་མ་གྲུབ་པའི་རྒྱུ་མཚན་དུ་རྟེན་འབྲེལ་བཀོད་པ་ཡིན་ལ། དེ་ཡང་རང་བཞིན་གྱིས་གྲུབ་ན་གང་ལའང་མ་བརྟེན་པར་རང་དབང་ཚུགས་ཐུབ་ཏུ་གྲུབ་དགོས་པས་འདུས་བྱས་ལ་མི་སྲིད་དེ། 《རྩ་ཤེ་》རུ། ”བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པར། །གྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །”⑾ ཞེས་གསུངས་པ་ལྟར་རོ། དེ་ཡང་ཆུ་བོ་ཐུར་དུ་རྒྱུག་པ་དང་། མེ་གྱེན་དུ་འཕྱུར་བ་དང་། ཚེར་མ་ལ་སོགས་རྣོ་བའི་ཁྱད་པར་ལ་སོགས་པ་ཡང་རྒྱུ་རྐྱེན་རྟེན་འབྲེལ་ངེས་ཅན་ཞིག་འཛོམས་པའི་རྟགས་ཀྱིས་དེ་ལྟར་དུ་ཆགས་ཀྱི། རྒྱུ་རྐྱེན་གཞན་དང་ཁོར་ཡུག་གཞན་ཞིག་འཛོམས་ན་ནི་དེ་ལས་ལྡོག་སྟེ། མི་འབྱུང་བའི་ངེས་པ་མེད་པ་དེ་ནི་རང་དབང་ཚུགས་ཐུབ་ཏུ་མ་གྲུབ་པའི་རྟགས་ཏེ་རང་བཞིན་གྱིས་མ་གྲུབ་པའི་རྟགས་སོ། །
གཞན་ཡང་མིའི་དབང་པོ་ལྔ་ལ་མཚོན་ནའང་མིའི་རིགས་ཐུན་མོང་ལ་འཛོམས་པ་དེ་རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པའི་སྟོབས་ཀྱིས་བྱུང་བ་མ་གཏོགས་དེ་མ་འཚོགས་ན་མིག་མེད་པ་དང་། རྣ་བ་མེད་པ། སྣ་མེད་པ་ལ་སོགས་པ་འབྱུང་བ་དང་། རྒྱུ་རྐྱེན་གཞན་དང་དུག་གིས་འབྱུང་ཁམས་བསྒྱུར་བ་ལ་སོགས་པ་བྱུང་ན་མགོ་དང་རྐང་ལག་ལ་སོགས་པ་དུ་མ་འབྱུང་བར་ངེས། དེ་ཕྱིར་དངོས་པོ་རྣམས་རྟེན་འབྲེལ་དུ་སྒྲུབ་པའི་རིགས་པའི་དབང་དུ་བྱས་ནའང་། དངོས་པོ་ཆོས་ཅན། རྟེན་འབྲེལ་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། ཞེས་པ་ལྟ་བུའི་ཐལ་འགྱུར་འདི་འདུས་བྱས་ཀྱི་རྟགས་ཀྱིས་དངོས་པོ་རྟེན་འབྲེལ་དུ་སྒྲུབ་པའི་གཏན་ཚིགས་རྣམ་དག་གོ ཅིའི་ཕྱིར་གཏན་ཚིགས་རྣམ་དག་ཏུ་སོང་བ་ཡིན་ཞེ་ན། འདི་སྨྲ་སྟེ། འདུས་པའི་དོན་ནི། རྒྱུ་རྐྱེན་འདུས་པའི་དོན་ཡིན་ཞིང་། རང་གི་རྒྱུ་རྐྱེན་དུ་གྱུར་པའི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་ལ་སོགས་པ་འདུས་པ་ཞེས་པ་དང་དོན་འདྲ། དེ་ཕྱིར་རྒྱུ་ཉེར་ལེན་དང་ལྷན་ཅིག་པའི་རྐྱེན་དང་འབྲེལ་ནས་བྱུང་བས་རྟེན་འབྲེལ་ལས་མ་འདས་སོ། །ཡིན་ཡང་སྐབས་འདིར་རྟེན་འབྲེལ་ཞེས་པའི་རྟེན་ནི་འབྲེལ་གཞིའམ་གདགས་གཞི་གང་ཡིན་པ་དེར་གོ་བར་བྱ་ཡི། བརྟེན་ནས་བྱུང་བའི་དོན་ཙམ་དང་མི་འདྲ་སྟེ། རྟེན་གཞི་གང་ལ་བརྟེན་པའམ་འབྲེལ་ཏེ་འཇོག་དགོས་པའི་ཞིབ་ཆ་འདི་ཤིན་ཏུ་གལ་ཆེའོ། དཔེར་ན། རྟེན་གཞི་ས་བོན། བརྟེན་པ་མྱུ་གུ་གཉིས་ཀྱི་དབར་དུ་རྟེན་འབྱུང་འབྲེལ་གྱི་འབྲེལ་བ་གྲུབ་པ་དེ་རྟེན་འབྱུང་འབྲེལ་གྱི་རྟེན་འབྲེལ་གཏན་ཚིགས་ཡིན་ལ། དེ་བཞིན་བདག་ཉིད་གཅིག་པའི་རྟེན་འབྲེལ་གཏན་ཚིགས་ལའང་རྟེན་གཞི་དངོས་པོ་དང་། དེ་དང་བདག་ཉིད་གཅིག་པའི་གཟུགས། ཤེས་པ། ལྡན་མིན་འདུ་བྱེད་རེ་རེ་ནས་དངོས་པོ་དང་བདག་ཉིད་གཅིག་པའི་འབྲེལ་བ་གྲུབ་པས་བདག་ཉིད་གཅིག་པའི་རྟེན་འབྲེལ་གཏན་ཚིགས་སུ་གོ་དགོས་པའི་ཁྱད་པར་ཤེས་དགོས་སོ། །
དེ་ལྟར་གོ་སླ་བར་བྱས་པ་ཙམ་ལས་རྩ་བའི་རིགས་པ་ལ། ལྕང་སྐྱ་རིན་པོ་ཆེས། “རྒྱུ་དང་རྐྱེན་ལ་ལྟོས་པ་ཞེས་པའི་རྒྱུ་རྐྱེན་ནི། འདུས་བྱས་ཀྱི་རྒྱུ་རྐྱེན་ས་བོན་དང་ཆུ་ལུད་ལྟ་བུ་ཁོ་ན་ལ་མི་བྱ་བར་འདོགས་བྱེད་ཀྱི་རྟོག་པ་ལའང་བྱ་དགོས་པ་འདི་དཔལ་ལྡན་ཟླ་བ་དང་རྗེ་བདག་ཉིད་ཆེན་པོའི་དགོངས་པ་ཁྱད་པར་ཅན་ཞིག་ཡིན་”⑿ ཞེས་གསུངས་པ་ལྟར། ཕྱི་ནང་གི་རྟེན་འབྲེལ་གཉིས་འཚོགས་དགོས་ཤིང་། ཁྱད་པར་དུ་ནང་གི་རྟེན་འབྲེལ་དུ་གྱུར་པའི་རྟོག་པ་ཁྱད་པར་ཅན་འདིས་འདོགས་ལུགས་ཀྱི་རྟེན་འབྲེལ་གཏན་ཚིགས་འདི་ཤིན་ཏུ་གལ་ཆེ་བ་ཡིན་པ་རྟོགས་ཐུབ་བོ།
འདི་ལ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། ཕྱིའི་རྟེན་འབྲེལ་དང་། ནང་གི་རྟེན་འབྲེལ་གཉིས་སུ་གསུངས་ནས་འགྲེལ་པ་མཛད་ཡོད། ⒀སྐབས་འདིར་གཟུགས་སུ་གྱུར་པའི་འདུས་བྱས་ཀྱི་རྟེན་འབྲེལ་དང་། ཤེས་པར་གྱུར་པའི་འདུས་བྱས་ཀྱི་རྟེན་འབྲེལ། ལྡན་མིན་འདུ་བྱེད་དུ་གྱུར་པའི་འདུས་བྱས་ཀྱི་རྟེན་འབྲེལ་དང་བཅས་གསུམ་གྱི་དབང་དུ་བྱ་སྟེ།
༡ གཟུགས་སུ་གྱུར་པའི་འདུས་བྱས་ཀྱི་རྟེན་འབྲེལ་གཏན་ཚིགས།
དེ་ཡང་གཟུགས་སུ་གྱུར་པའི་འདུས་བྱས་ཀྱི་རྟེན་འབྲེལ་ནི། མྱུ་གུ་ལྟ་བུ་ལ་མཚོན་ན། རང་གི་རྟེན་དུ་གྱུར་པའི་ས་བོན་ལ་བརྟེན་ནས་སྐྱེས་པ་སྟེ། རང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚང་བའི་སྟོབས་ཀྱིས་མྱུ་གུའི་བདག་ཉིད་དུ་གྲུབ་ཅིང་། དེ་མ་འཚོགས་ན་མི་སྐྱེ་བའི་ཆོས་ཅན་ཉིད་དུ་གྲུབ་པ་ནི་རྒྱུ་འབྲས་ཀྱི་འབྲེལ་བ་ལ་རག་ལས་པས། རྟེན་འབྱུང་འབྲེལ་གྱི་འབྲེལ་བའང་འདི་ལྟ་བུའི་སྟེང་ནས་ཤེས་ཐུབ། དེ་མིན་ཉེར་ལེན་འཚོགས་ཀྱང་དེ་དང་ལྷན་ཅིག་པའི་དུས་དང་འབྱུང་བ་ལ་སོགས་པ་མ་འཚོགས་ན་མི་སྐྱེ་བས་ཁྱབ་པ་འདི་དངོས་པོའི་ཆོས་ཉིད་དང་། སྒོས་སུ་འཇའ་ཚོན་ལྟ་བུ་ལ་མཚོན་ནའང་དུས་དང་གནས་སྐབས་གང་ཡིན་དུ་མི་འབྱུང་ཡང་། རྐྱེན་འཛོམས་ན་དབྱར་དུས་མང་དུ་མཐོང་ཞིང་། དགུན་དུས་མཐོང་དཀའ་བ་ཡིན། རྣམ་པ་འདི་དུས་རྒྱུན་རང་ཅག་གི་སྣང་ཤེས་མངོན་སུམ་པས་འཇོག་ཐུབ་ཀྱི་ཡོད། ཡིན་ཡང་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་ན་དུས་རྒྱུན་དུ་མི་མཐོང་བའི་ངེས་པའང་མེད་པ་ལྟ་བུ་རེད། འགྲེལ་པར་ཡང་། “ཆོས་རྣམས་ལ་ངོ་བོས་གྲུབ་པའི་རང་བཞིན་འགའ་སྟེ་ཅུང་ཟད་ཙམ་ཡང་མེད་པ་དང་། རྒྱུ་འདི་ལ་བརྟེན་ནས་འབྲས་བུ་འདི་འབྱུང་བའི་ཚུལ་ལ་སོགས་པའི་བྱ་བྱེད་ཀྱི་རྣམ་གཞག་ཐམས་ཅད་འཐད་པའི་བདེན་པ་གཉིས་གཞི་གཅིག་གི་སྟེང་དུ་མི་འགལ་བར་འདུ་བ་ལྟ་སྨོས་ཀྱང་ཅི་དགོས་”⒁ཞེས་གསུངས་པའང་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་དོན་དམ་བདེན་པ་སྟེ་ས་བོན་རང་བཞིན་གྱིས་མ་གྲུབ་པ་ལྟ་བུ་དང་། རྒྱུ་ས་བོན་དེ་ལ་བརྟེན་ནས་འབྲས་བུ་མྱུ་གུ་འབྱུང་བ་ཀུན་རྫོབ་བདེན་པའི་བྱ་བྱེད་ཐམས་ཅད་འཐད་པའི་བདེན་པ་གཉིས་གཞི་གཅིག་གི་སྟེང་ནས་འགྲེལ་བ་ཡིན། ཡང་ན་གསེར་བུམ་ལྟ་བུ་ལ་མཚོན་ན། བསྟན་ཡོད་ཐོགས་བཅས་ཀྱི་གཟུགས་ཡིན་པ་མ་ཟད། རང་རྒྱུ་གསེར་དང་ལྷན་ཅིག་པའི་བཟོ་པ་ལ་སོགས་པའི་རྟེན་ཐུན་མོང་མ་ཡིན་པ་ལས་བྱུང་བ་ཉིད་ཀྱིས་འགྲུབ་བོ། སྒོས་སུ་གསེར་བུམ་དེ་བུམ་པ་དང་བདག་ཉིད་གཅིག་ཡིན་ལ། བུམ་པ་མེད་ན་གསེར་བུམ་ཡང་མེད་པས་ཁྱབ་པ་ཡོད་པས། རྟེན་བུམ་པ་བཞག་སྟོབས་ཀྱིས་དེའི་བྱེ་བྲག་ཏུ་གྱུར་པའི་གསེར་བུམ། ས་བུམ། ཟངས་བུམ་སོགས་ཀྱང་འཇོག་ནུས་པ་འདི་རྟེན་འབྲེལ་གྱི་ཆོས་ཉིད་དེ། གཟུགས་སུ་གྱུར་པའི་རྟེན་འབྲེལ་དང་། བདག་ཉིད་གཅིག་པའི་རྟེན་འབྲེལ་གྱི་དགོངས་པའོ། དེ་མཚུངས་སུ་ཆོས་གང་དང་གང་ཡིན་པ་དེ་དང་བདག་ཉིད་གཅིག་པ་དང་། རང་བཞིན་གཅིག་པ། ངོ་བོ་གཅིག་པའི་འདུས་བྱས་དང་འདུས་མ་བྱས་གང་ཡིན་རུང་བདག་ཉིད་གཅིག་པའི་རྟེན་འབྲེལ་གྱི་འབྲེལ་བ་གྲུབ་པ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་དོ། །
གཞན་ཡང་འཇིག་རྟེན་གཏམ་ལ། ཟངས་ངར་དང་འགྲོགས་ན་ནག་པོ། མཆོད་རྟེན་དང་འགྲོགས་ན་དཀར་པོ་ཞེས་པ་ལྟར་མཐའ་གཅིག་ཏུ་རང་བཞིན་གྱིས་ནག་པོར་སོང་བ་དང་།དཀར་པོར་སོང་བ་མ་ཡིན་པར་རྒྱུ་རྐྱེན་རྟེན་འབྲེལ་འཚོགས་ན་དེ་ལྟར་དུ་མི་འགྱུར་བའི་ངེས་པ་མེད་པར་བསྟན་པ་ཡིན་ནོ། དེ་ཡང་ཕྱིའི་དངོས་པོའི་རྟེན་འབྲེལ་གྱི་དཔེ་ཙམ་དུ་ཟད་ཀྱི་དོན་གྱིས་ནང་སེམས་ཀྱི་རང་ཕུགས་ལ་བཏང་བའི་གཏམ་ཉི་ཤར་ལྟ་བུ་ཡིན་ཏེ།བག་ཆགས་བགོ་བའི་གཞི་སེམས་ཀྱི་འབྲི་དེབ་ངོས་ལ་རི་མོ་འབྲི་མཁན་བཟང་ངན་གཉིས་ཀྱིས་འབྲི་མི་ཆོག་པ་མེད་ལ། བྲིས་པའི་རི་མོ་ཡང་མཐའ་གཅིག་ཏུ་བཟང་པོས་བྲིས་ན་མཛེས་པ་དང་། ངན་པས་བྲིས་ན་མི་མཛེས་པས་ཁྱབ་པ་ཡང་མེད། དེ་ཡང་འབྲི་བ་པོ་དང་བྲིས་པའི་རི་མོ། བལྟ་མཁན་དང་བལྟ་ཕྱོགས་ལ་སོགས་པའི་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་ན་དེའི་དབང་གིས་སྣ་ཚོགས་པར་སྣང་བ་ཡིན་པས། དེ་ནི་རྟེན་འབྲེལ་གྱི་ཆོས་ཉིད་དོ།
རྟེན་འབྲེལ་གཏན་ཚིགས་ཀྱི་རིགས་པས་དཔྱད་ན། བསྟན་ཡོད་ཐོགས་བཅས་ཀྱི་གཟུགས་རྣམས་ཆོས་ཅན། རང་བཞིན་གྱིས་གྲུབ་པས་སྟོང་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་འདིས་དེ་འདྲའི་གཟུགས་རྣམས་རྒྱུ་དང་རྐྱེན་སོགས་གང་ལའང་མ་བརྟེན་པར་རང་དབང་ཚུགས་ཐུབ་ཏུ་གྲུབ་པ་བཀག་ནས་རང་བཞིན་གྱིས་མ་གྲུབ་པའི་གཏན་ཚིགས་སུ་རྟེན་འབྲེལ་བཀོད་པ་དང་། དེ་ལ་རིགས་པ་གཞན་གྱིས་གནོད་པ་མེད་པ་སྟེ། རྟེན་འབྲེལ་ལ་རང་བཞིན་གྱིས་མ་གྲུབ་པས་ཁྱབ་པ་ཡོད་པའི་ཕྱིར། དེ་ཡང་《བྱང་ཆུབ་ལམ་རིམ་ཆེན་མོ》རུ། “སེམས་ཅན་གཞན་རྣམས་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་བར་བཟུང་བ་ན་དེ་ལ་བརྟེན་ནས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡོད་པར་འཛིན་པས་འཆིང་བར་འགྱུར་ལ། མཁས་པ་དག་ལ་ནི་རྒྱུ་མཚན་དེ་ལ་བརྟེན་ནས་རང་བཞིན་ཡོད་པ་འགོག་ཅིང་། རང་བཞིན་མེད་པ་ལ་ངེས་པ་དྲངས་ཏེ་མཐར་འཛིན་གྱི་ལྟ་བའི་འཆིང་བ་གཅོད་པས་ན་རྟེན་འབྲེལ་གྱི་རྟགས་ཀྱིས་རང་བཞིན་མེད་པར་འགྲུབ་པ་འདི་ནི་རྨད་དུ་བྱུང་བའི་ཐབས་ལ་མཁས་པ་ཆེན་པོའོ་”ཞེས་དང་། 《ཚིག་གསལ》ལས། “དེའི་ཕྱིར་དངོས་པོ་རྣམས་ཀྱི་འབྱུང་བ་རྒྱུ་དང་རྐྱེན་ལ་ལྟོས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏོ་”ཞེས་གསུངས་པ་རྣམས་ལས་ཀྱང་གསལ་པོར་ཤེས་ཐུབ།
༢ ཤེས་པར་གྱུར་པའི་འདུས་བྱས་ཀྱི་རྟེན་འབྲེལ་གཏན་ཚིགས།
དེ་ཡང་ཤེས་པར་གྱུར་པའི་འདུས་བྱས་ཀྱི་རྟེན་འབྲེལ་ནི། གཟུགས་འཛིན་མིག་ཤེས་ལྟ་བུ་ལ་མཚོན་ན། ཤེས་པ་ལ་དབང་ཤེས་དང་ཡིད་ཤེས་གཉིས་སུ་ཕྱེ་བའི་དང་པོ་ཡིན་ལ། རང་རྒྱུ་ཐུན་མོང་མ་ཡིན་པ་མིག་དབང་དང་། དམིགས་རྐྱེན་གཟུགས་གང་ཡང་རུང་བས་རྟེན་བྱས་པ་ལས་བྱུང་བ་ཡིན། རྟེན་འབྲེལ་ཆེན་མོའི་གཏན་ཚིགས་ཀྱི་ལམ་ནས་དཔྱད་ན། གཟུགས་འཛིན་མིག་ཤེས་ཆོས་ཅན། རང་གི་རྒྱུ་རྐྱེན་དམིགས་པ་དང་འདོགས་བྱེད་རྟོག་པ་སོགས་པ་འཛོམས་པ་ལས་བྱུང་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་པའི་རྟགས་ཀྱིས་དེ་འདྲའི་མིག་ཤེས་ལྟ་བུ་གང་ལ་བརྟེན་ནས་བྱུང་བའི་རྒྱུ་དང་རྐྱེན། དམིགས་པ། འདི་ནི་དབང་ཤེས་སོ་ཞེས་སུ་འདོགས་པའི་འདོགས་བྱེད་རྟོག་པ་ལ་སོགས་པའི་མཐུས་གཟུགས་འཛིན་མིག་ཤེས་ཞེས་སུ་འཇོག་ཐུབ་པའི་དགོངས་པ་མཐར་ཐུག་ནི་རྟེན་འབྲེལ་ཉིད་ལ་ཐུག་པ་རྟོགས་ཐུབ་པ་སྟེ། རྟེན་གཞི་དང་གདགས་གཞི་དེ་རིགས་ཀྱི་རྐྱེན་ལས་བྱུང་བས་ཡིན། དེ་བཞིན་གཉིས་པ་ཡིད་ཤེས་ཀྱི་དབང་དུ་བྱས་ནའང་། ཡིད་ཚོར་བདེ་སྡུག་བཏང་སྙོམས་གསུམ་པོ་གང་ཡིན་རུང་རང་གི་རྒྱུ་དང་རྐྱེན་དམིགས་པ་སོགས་རྟེན་གང་དང་འཕྲད་པ་ན་དེ་མཐུན་གྱིས་ཡིད་ཚོར་བདེ་སྡུག་ཅི་རིགས་པ་ཞིག་འབྱུང་བ་ནི་རྟེན་འབྲེལ་ཉིད་ལ་རག་ལས་ཤིང་། རྟེན་འབྲེལ་གྱི་རྟགས་ཀྱིས་འགྲུབ་པའི་ཕྱིར་རོ།
དེ་ཡང་རྣག་ཁྲག་ཕོར་པ་གང་ལ་ལྷ་མི་ཡི་དྭགས་གསུམ་གྱིས་བལྟས་པའི་ཚེ་ན་མཐོང་སྣང་མི་འདྲ་བ་གསུམ་འབྱུང་བ་ལྟ་བུ་དབང་ཤེས་དང་ཡིད་ཤེས་ལ་སྒྱུ་བའི་འཕྲུལ་སྣང་སྣ་ཚོགས་པ་མ་ངེས་པའི་རྨི་ལམ་བཞིན་དུ་འོང་བ་འདི་ཡང་རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པའི་རྟགས་ཀྱིས་བྱུང་བ་ཡིན་པ་ཤེས་དགོས་པའི་གནད་དམ་པའོ། །
ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། ཞེས་པ་དང་། རྒྱུ་ཚོགས་པ་ལས་འབྲས་སྐྱེ་ཕྱིར། ཞེས་པ་སོགས་ཀྱིས་ཀྱང་རྟག་མཐའ་དང་ཆད་མཐའ་བཀག་ནས་རྒྱུ་རྐྱེན་རྟེན་འབྲེལ་འཚོགས་ན་འབྲས་བུ་ལ་མཐའ་གཟུང་མེད་པར་འདི་འགྲུབ་དང་མི་འགྲུབ། འདི་སྐྱེས་དང་མི་སྐྱེས་ལ་སོགས་པ་མེད་པར། འདི་ཡོད་པས་ན་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེས་པ་སྟེ། ཞེས་གསུངས་པའི་དོན་རྡོའི་འགངས་ལ་བབ་པའི་གཏན་ཚིགས་ཚད་མ་ཉིད་བསྟན་པ་ཡིན་ནོ།
སྐབས་འདིར་འཕྲད་ལྟོས་བརྟེན་གསུམ་གྱི་རྣམ་གྲངས་ཀྱི་དགོངས་པ་འདི་ཤིན་ཏུ་གོ་དགོས་ཤིང་དཀའ་བའི་གནད་དམ་པ་ཡང་ཡིན་ཏེ། འཕྲད་པ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་སྐྱེ་འགག་གི་བྱ་བ་དང་འཕྲད་པ་ལ་བྱ་ཡི་རྒྱུ་འབྲས་གཉིས་འཕྲད་པ་ཙམ་ལ་མ་ཡིན་ནོ། ། ལྟོས་པ་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་རང་རང་གི་ཆ་ཤས་ལ་ལྟོས་ནས་རང་གི་བདག་ཉིད་རྙེད་པའི་གཏན་ཚིགས་ལ་གོ་དགོས། བརྟེན་ཞེས་བྱ་བ་ནི་ཆོས་ཐམས་ཅད་བརྟེན་ནས་བཏགས་པའི་གཏན་ཚིགས་ཀྱི་དོན་བསྟན་པ་སྟེ། རང་རང་གི་གདགས་གཞི་ལ་བརྟེན་ནས་བཏགས་པ་ཙམ་དུ་གྲུབ་པ་ལའོ། འདི་ལ་ལྕང་སྐྱ་རིན་པོ་ཆེས། “རྒྱུ་དང་རྐྱེན་ཞེས་བྱ་བ་ནི་མྱུ་གུའི་ཉེ་བར་ལེན་པའི་རྒྱུ་ས་བོན་དང་རྐྱེན་ཆུ་ལུད་སོགས་ཙམ་ལ་བྱས་ན་གཏན་ཚིགས་སྔ་མ་དང་། བདག་ཉིད་ཀྱི་ངོ་བོ་གྲུབ་པའི་རྒྱུ་གདགས་གཞིའམ་ཆ་ཤས་ལ་བྱས་ན་གཏན་ཚིགས་བར་པ་དང་། རང་རང་འདོགས་བྱེད་ཀྱི་རྟོག་པ་ལ་བྱས་ན་གཏན་ཚིགས་ཕྱི་མ་སྟོན་ནོ་”⒂ཞེས་དགོངས་དོན་སོ་སོར་བཀྲལ་བ་ནི་རྨད་དུ་བྱུང་བའི་ལྟ་བའོ། །
༣ ལྡན་མིན་འདུ་བྱེད་དུ་གྱུར་པའི་འདུས་བྱས་ཀྱི་རྟེན་འབྲེལ་གཏན་ཚིགས།
དེ་ཡང་ལྡན་མིན་འདུ་བྱེད་དུ་གྱུར་པའི་འདུས་བྱས་ཀྱི་རྟེན་འབྲེལ་ནི། གང་ཟག་གང་ཡང་རུང་བ་ལྟ་བུ་ལ་མཚོན་ན། རང་དང་མཚུངས་ལྡན་དུ་འགྲོ་སའི་གཙོ་བོ་སེམས་མེད་པའི་འདུ་བྱེད་ཀྱི་ཕུང་པོ་ཡིན་ལ། རང་རྒྱུ་ཐུན་མོང་མ་ཡིན་པ་ཁུ་ཁྲག་དང་། རྐྱེན་འདོད་ཆགས་ལ་སོགས་པ་ནང་གི་བསམ་པ་གཡོས་པའི་སྟོབས་ཀྱིས་རྟེན་བྱས་པ་ལས་བྱུང་བས་དེ་ལྟར་རོ། །
དེ་ཡང་བུམ་པའི་སྐྱེ་བ་ལྟ་བུ་ལ་མཚོན་ན། ཐུབ་བསྟན་དགེ་ལེགས་རྒྱ་མཚོས། “དེ་འཛིན་གྱི་བློ་ངོར་བུམ་པ་དེ་སྔར་མེད་གསར་དུ་སྐྱེ་བའི་ཆ་དེ་ལ་བུམ་པའི་སྐྱེ་བ་ཞེས་ངོས་འཛིན་དགོས་ཤིང་། བུམ་པའི་སྟེང་དུ་བུམ་པ་དེ་ཉིད་ཀྱང་མ་ཡིན་པར་བློ་ངོར་སྣང་ལ་སྣང་བ་ལྟར་ཡང་གྲུབ་པས་ན་བུམ་པའི་སྐྱེ་བ་ནི་བུམ་པ་མིན་ཕྱིར་གཟུགས་ཀྱང་མིན་ལ་ཤེས་པ་མ་ཡིན། འོན་ཀྱང་བུམ་པའི་སྐྱེ་བ་ནི་རྟོག་ངོར་ཤར་ཙམ་གྱིས་ཟད་པ་མ་ཡིན་པར་བུམ་པའི་སྟེང་ནས་གྲུབ་པ་ཞིག་ཡོད་པ་དང་། དེ་ཡང་བུམ་པ་སྐྱེད་བྱེད་ཀྱི་རྒྱུ་ལས་བྱུང་བ་ཡིན་པར་འཆར་བ་ལྟར་གྲུབ་ཕྱིར་འདུས་བྱས་ནི་ཡིན་ནོ་”⒃ཞེས་གྲུབ་མཐའ་འོག་མའི་ལུགས་ལྟར་བཀྲལ་ནའང་སྐབས་འདིར་ལྡན་པ་མིན་པའི་འདུ་བྱེད་ཀྱི་ངོས་འཛིན་ཐད་གོ་བ་ཟབ་མོ་ཞིག་ཆགས་པའི་རྟེན་དུ་འགྲོའོ། དེ་བཞིན་བུམ་པའི་སྐྱེ་འཇིག་གནས་རྙིང་བཞི་དང་། བློས་ཡུལ་བཟུང་བའི་ཆ་དང་། ལག་པ་སྐྱོད་པ་དང་། གང་ཟག་དང་། དུས་དང་ལོ་ཟླ་དང་། ཤར་ཕྱོགས་ལྟ་བུའི་སྟེང་ནས་ལྡན་པ་མིན་པའི་འདུ་བྱེད་ཀྱི་དངོས་པོ་སྟེ། གཟུགས་དང་ཤེས་པ་གང་རུང་མ་ཡིན་པའི་རྒྱུ་རྐྱེན་རྟེན་འབྲེལ་ལས་སྐྱེས་པའི་འདུས་བྱས་ཤིག་ལ་ངོས་འཛིན་གནང་བ་ནི་དཔལ་ལྡན་ཐལ་འགྱུར་བའི་ལུགས་དང་མི་མཐུན་པ་མེད་པས་ཤིན་ཏུ་རྨད་པའི་གནས་སོ། ཚུལ་འདི་རྟེན་འབྲེལ་གཏན་ཚིགས་ཀྱི་རིགས་པ་ལ་སྦྱར་ནའང་རྟེན་འབྲེལ་གྱི་རྟགས་ཀྱིས་བུམ་པའི་སྐྱེ་འཇིག་སོགས་རྒྱུ་དང་རྐྱེན་ཅི་རིགས་པ་འཚོགས་ན་འགྲུབ་པ་དང་མ་འཚོགས་ན་མི་འགྲུབ་པས་ཁྱབ་པ་ཡོད་པར་སྒྲུབ་ནུས་པ་སྔོན་གྱི་ཤིང་རྟ་ཆེན་པོ་རྣམས་ཀྱིས་ལན་གཅིག་མ་ཡིན་པར་གསུངས་པ་དེ་བཞིན་ནོ།
བུམ་པའི་སྐྱེ་བ་དང་འཇིག་པ་ལ་སོགས་པ་ནི་གཟུགས་ཀྱང་མ་ཡིན་ལ། ཤེས་པ་ཡང་མ་ཡིན་པའི་ཚུལ་ཇི་ལྟ་བུ་ཞེ་ན། གལ་ཏེ་དེ་དག་གཟུགས་ཡིན་པའི་དབང་དུ་བཏང་ན་བུམ་པའི་གཟུགས་ཡིན་རྒྱུ་ལས་གཞན་མེད་ལ་དེ་མ་ཡིན་ཞིང་། དངོས་པོ་གཞན་ཞིག་གི་གཟུགས་སུ་དེ་བསམ་གྲུབ་ལ། གསལ་ཞིང་རིག་པ་མ་ཡིན་པས་ཤེས་པ་ཡང་མ་ཡིན་ཕྱིར་དངོས་པོ་ཡིན་པའི་ཐད་ལ་དོགས་པ་སྐྱེ་དོན་མེད་པས་ལྡན་མིན་འདུ་བྱེད་ལས་གཞན་མ་ཡིན་ནོ། རྟགས་གསལ་གྱི་དབང་དུ་བྱས་ན། བུམ་པའི་སྐྱེ་སོགས་བཞི་ཆོས་ཅན། རྫས་གྲུབ་ཡིན་ཏེ། བུམ་པ་རྫས་གྲུབ་གང་ཞིག དེ་དག་བུམ་པའི་རྫས་ལས་གྲུབ་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། བུམ་པའི་སྐྱེ་སོགས་བཞི་པོ་བུམ་པའི་རྒྱུ་ཚོགས་ཚར་གཅིག་པས་བསྐྱེད་པའི་འབྲས་བུ་ཡིན་པའི་ཕྱིར། ཞེས་སྔ་མ་རྣམས་ཀྱི་གསུང་ན་ཉི་མ་ཤར་བ་བཞིན་དུ་གསལ་བས་དེ་ལྟར་གོ་བར་བྱའོ།
གསུམ་པ། འདུས་མ་བྱས་ཀྱི་རྟེན་འབྲེལ་གཏན་ཚིགས།
སྤྱིར་རྟག་པ་གང་ཡིན་ལ་འདུས་མ་བྱས་ཀྱིས་ཁྱབ་ཅིང་། འདུས་མ་བྱས་གང་ཡིན་ལ་རྟག་པས་མ་ཁྱབ་པ་མེད་དོ། དེ་ཕྱིར་རྒྱུ་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གང་ཡང་མ་འདུས་པ་སྟེ། འདུས་མ་བྱས་ཡིན་ལ། རང་གི་ཆ་ཤས་སུ་གྱུར་པའམ་ཚོགས་པ་ན་ཡོད་པའི་ཐོགས་རྒྱུ་མེད་པ་དང་། རེག་རྒྱུ་མེད་པ་ལ་སོགས་པ་རྟེན་དང་འབྲེལ་ནས་འཇོག་དགོས་པ་ཉིད་དོ། 《རྣམ་འགྲེལ་》ལས། “གང་གི་རང་བཞིན་འཇིག་མེད་པ། དེ་ལ་མཁས་རྣམས་རྟག་ཅེས་བརྗོད་” ཅེས་གསུངས་པ་འདི་གྲུབ་མཐའ་ཐུན་མོང་གི་ལུགས་ཡིན་ལ། དུས་རྟག་ཏུ་རང་བཞིན་འགྱུར་རྒྱུ་མེད་པ་དང་འཇིག་རྒྱུ་མེད་པའི་ཤེས་བྱ་ཡིན་ན། རྟག་པ་ཡིན་པས་ཁྱབ་པ་ཡོད་དགོས་པར་བསྟན། དེ་ཕྱིར་རྟེན་འབྲེལ་གྱི་རྟགས་ཀྱིས་འདུས་མ་བྱས་ཀྱི་ཆོས་རྣམས་རང་རྒྱུ་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་ལས་མ་སྐྱེས་ཀྱང་ཡོད་པས་ཁྱབ་པ་སྒྲུབ་ནུས་ཏེ། རྟག་པའི་འཇོག་བྱེད་སྔ་མ་དེ་ལུགས་སོའོ། །
དེ་ཡང་འདུས་མ་བྱས་སུ་གྲུབ་པའི་རྐྱེན་དང་གདགས་གཞི་ཚང་ན་འགྲུབ་ཀྱི་མ་ཚང་ན་མི་འགྲུབ་སྟེ། སློབ་ཁང་ལྟ་བུ་ལ་མཚོན་ན་འདུས་མ་བྱས་སུ་འགྲུབ་པའི་རྐྱེན་དང་གདགས་གཞི་མ་ཚང་བས་དེར་མ་གྲུབ་བོ། ད་ལྟའི་གྲོང་ཁྱེར་གྱི་སློབ་ཁང་འདི་རིགས་ཀྱང་རྒྱུ་ཉེར་ལེན་ཨར་འདམ་དང་སོ་ཕག་ལྕགས་རིགས་ལ་སོགས་པ་དང་། ལྷན་ཅིག་བྱེད་རྐྱེན་བཟོ་བོ་དང་དེའི་ཤེས་རབ་ལ་སོགས་པ་ཚང་བའི་སྟོབས་ཀྱིས་དགེ་སློབ་གཉིས་ཀས་ལོངས་སྤྱོད་ཆོག་པའི་དོན་བྱེད་ནུས་པར་གྲུབ་པ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཞིང་། དེ་འདྲའི་རྒྱུ་རྐྱེན་མ་ཚང་ན་མི་འགྲུབ་པས་ཁྱབ་པ་ཡོད་པ་ལྟ་བུ་རེད། དེ་ལས་ལྡོག་སྟེ་འདུས་མ་བྱས་སུ་བཞག་ན་ནི་རྒྱུ་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གང་ཡང་མ་འདུས་ཟེར་དགོས་པས་མཚམས་དེ་ལས་བརྒལ་མི་ནུས་སོ། །
འོ་ན་འདུས་མ་བྱས་ཀྱི་ཆོས་རྣམས་རྟེན་འབྲེལ་དུ་གོ་བ་ལ། དཔེར་ན། ནམ་མཁའ་ཆོས་ཅན། རྟེན་འབྲེལ་ཡིན་པར་ཐལ། འདུས་མ་བྱས་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི་འདུས་མ་བྱས་ཀྱི་རྟགས་ཀྱིས་ནམ་མཁའ་རྟེན་འབྲེལ་དུ་སྒྲུབ་པའི་གཏན་ཚིགས་ཡིན་ལ། གཏན་ཚིགས་འདིའི་སྟེང་ནས་ནམ་མཁའ་རྟེན་འབྲེལ་དུ་གོ་བའི་གདགས་གཞི་ནི། འདུས་མ་བྱས་ཀྱི་རྟགས་ཀྱིས་ཐོགས་རྒྱུ་མེད་པ་དང་རེག་རྒྱུ་མེད་པའི་སྟོང་ཆ་ཞིག་གོ་འོང་བ་འདི་ལ་ཐུག་གོ དེའི་ཕྱིར་འདུས་པ་མ་ཡིན་ཞེས་པའང་དེ་འདྲའི་རྒྱུ་རྐྱེན་མ་འདུས་པ་ལ་བྱེད་རྒྱུ་ལས་གཞན་མེད་པས། གོ་བ་རགས་པའི་དབང་དུབྱས་ན་དེ་འདྲ་བས་ཀྱང་ངེས་པ་རྙེད་སླའོ། འདི་ལ་རྣམ་པ་ཐམས་ཅད་པའི་འདུས་མ་བྱས་ཀྱི་རྟེན་འབྲེལ་དང་། རེ་འགའ་བའི་འདུས་མ་བྱས་ཀྱི་རྟེན་འབྲེལ་གཉིས་ཡོད་དེ།
༡ རྣམ་པ་ཐམས་ཅད་པའི་འདུས་མ་བྱས་ཀྱི་རྟེན་འབྲེལ་གཏན་ཚིགས།
སྐབས་འདིར་རྣམ་པ་ཐམས་ཅད་པའི་འདུས་མ་བྱས་སམ་རྟག་པ་ཞེས་པ་ནི། དུས་དང་གནས་སྐབས་གང་གི་དབང་དུ་བྱས་ནའང་འགྱུར་དུ་མེད་པའི་ཆོས་ཉིད་ཅན་ཞིག་ཡིན་པའི་ཆ་ནས་བཞག་པ་སྟེ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་ལའོ། ཤེས་བྱ་ལྟ་བུ་ལ་མཚོན་ན། དུས་དང་གནས་སྐབས་གང་གི་དབང་དུ་བྱས་ནའང་མེད་པའི་གནས་སྐབས་འཇོག་ཏུ་མེད་པས་རྣམ་པ་ཐམས་ཅད་པའི་རྟག་པ་ཡིན་ལ། དུས་དང་གནས་སྐབས་ལན་རེ་ཙམ་ལ་ཡོད་དུ་སྲིད་ཀྱང་ལན་རེར་མེད་ཀྱང་སྲིད་པ་ཞིག་ཡིན་ན་ནི་མི་རྟག་པའི་རང་བཞིན་ཅན་ནོ། རྣམ་པ་ཐམས་ཅད་དུ་ཡོད་ཅེས་པའི་འགལ་ཟླར་ལན་རེར་ཡོད་ལ་ལན་རེར་མེད་ཀྱང་སྲིད་པ་ཞིག་ཞོར་གྱིས་འོང་བ་འདི་ཡང་རྟེན་འབྲེལ་གྱི་རང་བཞིན་ཏེ། ཅིག་ཤོས་ལ་ལྟོས་ནས་ཅིག་ཤོས་འཇོག་དགོས་པ་ཆོས་ཉིད་གཡོ་མེད་ཀྱི་གཏན་ཚིགས་རྣམ་དག་ཡིན་པས་སོ། །
ལྟོས་འཇོག་གི་རྟེན་འབྲེལ་གྱི་དབང་དུ་བྱས་ནའང་། མཐོ་བ་དང་དམའ་བ། རིང་པོ་དང་ཐུང་ངུ་། བདེན་དང་མི་བདེན་ལ་སོགས་པ་ལྟོས་ས་ལྟོས་འཇོག་གི་གཏན་ཚིགས་འདིས་འཇོག་དགོས་པ་ཡིན་ལ། དེ་བཞིན་ནམ་མཁའ་ལྟ་བུར་ལྟོས་འཇོག་གི་རིགས་པས་དཔྱད་ནའང་། ཐོགས་རྒྱུ་དང་རེག་རྒྱུ་གཉིས་ཀ་ཡོད་པའི་བསྟན་ཡོད་ཐོགས་བཅས་ཀྱི་གཟུགས་ཀྱི་སྟོང་ཆ་ནས་ནམ་མཁའ་ཞེས་སུ་བཏགས་པ་ཙམ་མ་གཏོགས་ཐོགས་རྒྱུ་དང་རེག་རྒྱུའི་ཆོས་གང་ཡང་འཇིག་རྟེན་ན་མི་སྲིད་པ་ཞིག་ཡིན་ན་ནི་དེས་སྟོང་པའང་འཇོག་ཏུ་མེད་པས་ནམ་མཁའ་ཇི་ལྟར་འཇོག དེ་ལྟར་གཞན་ལའང་རིགས་འགྲེས་ཏེ་ཤེས་དགོས་པ་ཡོད་དོ། ནམ་མཁའ་ཆོས་ཅན། རྟེན་འབྲེལ་ཡིན་པར་ཐལ། རྣམ་པ་ཐམས་ཅད་པའི་རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི་རྣམ་པ་ཐམས་ཅད་པའི་རྟགས་ཀྱིས་ནམ་མཁའ་རྟེན་འབྲེལ་དུ་སྒྲུབ་པའི་གཏན་ཚིགས་ཡིན་ཏེ། སྒྲུབ་བྱེད་གོང་དུ་བཀོད་པ་དེ་བཞིན་ནོ། །
༢ རེ་འགའ་བའི་འདུས་མ་བྱས་ཀྱི་རྟེན་འབྲེལ་གཏན་ཚིགས།
རེ་འགའ་བའི་འདུས་མ་བྱས་སམ་རེ་འགའ་བའི་རྟག་པ་ཞེས་པ་ནི། རེ་འགར་འཇོག་ཏུ་ཡོད་ཀྱང་རེ་འགར་འཇོག་ཏུ་མེད་པའི་འདུས་མ་བྱས་ཡིན་པའི་ཆ་ནས་བཞག་པ་སྟེ། ཁང་པའི་ནམ་མཁའ་ལྟ་བུ་ལ་མཚོན་ན། ཁང་པ་ཡོད་པའི་གནས་སྐབས་སུ་འཇོག་ཏུ་ཡོད་ཀྱང་། ཁང་པ་འཇིག་པའི་སྐད་ཅིག་གཉིས་པ་ནས་འཇོག་ཏུ་མེད་དོ། དེས་ན་ཁང་པ་འཇིག་པའི་སྐད་ཅིག་གཉིས་པ་ནས་དེ་འདྲའི་ནམ་མཁའ་དེ་ཡང་འཇིག་གོ་ཞེ་ན་མ་ཡིན་ཏེ། འཇོག་ཏུ་མེད་པ་ཙམ་གྱིས་འཇིག་པའི་ངེས་པ་མེད་ལ། ཁང་པ་མེད་པའི་གནས་སྐབས་སུ་ཁང་པའི་ནམ་མཁའ་ཞེས་འཇོག་ཏུ་མེད་ཀྱང་ནམ་མཁའ་ནི་ནམ་ཡང་ནམ་མཁའི་བདག་ཉིད་དོ། དཔེར་ན། གནས་སྐབས་སློབ་ཁང་དུ་སློབ་མ་བཀྲ་ཤིས་མེད་ཀྱང་དེ་མེད་ཅེས་གོ་བར་མི་རིགས་པ་ལྟ་བུའོ། གནད་འདི་རྟེན་འབྲེལ་གཏན་ཚིགས་ཀྱིས་གཏན་ལ་ཕབ་ན། གདགས་གཞི་ཁང་པ་ལ་བརྟེན་ནས་དེའི་ནམ་མཁའ་ཞེས་སུ་བཏགས་པའི་ཡུལ་ལ་ཁང་པའི་ནམ་མཁའ་ཞེས་ཟེར་ཞིང་། གདགས་གཞི་དེའི་ངོས་ནས་དེའི་ནམ་མཁའ་ཞེས་པ་ལས། གདགས་གཞི་གང་ཡང་མེད་པར་དེ་དང་དེའི་ནམ་མཁའ་ཞེས་འཇོག་མི་བཏུབ་པ་ལྟ་བུའོ། དེ་ནི་རྟེན་འབྲེལ་གྱི་དགོངས་པ་མཐར་ཐུག་གོ ཡིན་ཡང་ཐལ་འགྱུར་བས། “བློ་ལ་སྣང་བའི་དབང་གིས་མ་བཞག་པར་ཡུལ་རང་གི་ངོས་ནས་གྲུབ་པ་མེད་ན་བློ་ལ་སྣང་བའི་དབང་གིས་བཞག་པ་དེ་གདགས་གཞིའི་ངོས་ནས་ཚུར་གྲུབ་པ་ཤིན་ཏུ་འགལ་བས། དཔེར་ན། བུམ་པ་དེ་བཙལ་ན་བུམ་པའི་མཆུ་སོགས་དང་མཆུ་སོགས་ཚོགས་པ་དེ་ཡིན་པ་དང་། དེ་ལས་དོན་གཞན་གང་དུ་མ་རྙེད་པས་བུམ་པ་དེ་གདགས་གཞིའི་ངོས་ནས་གྲུབ་པ་ཅུང་ཟད་ཀྱང་མེད་ལ། ཡོད་ན་བདེན་གྲུབ་ཡིན་དགོས་སོ་”⒄ཞེས་《སྤྱི་དོན་རིན་ཆེན་སྒྲོན་མེ་》རུ་གསུངས་པའི་སྐབས་དང་མི་འདྲ་བའི་གནད་ཤེས་དགོས།
གཞན་ཡང་ཚད་གཞུང་ནས་བསྟན་པའི་རྒྱུ་འབྲས་ཆེ་ཆུང་དང་། ཤེས་པ་ཡུལ་ལ་འཇུག་ཚུལ་གྱི་རིམ་པ། གཅིག་དང་ཐ་དད། ཡིན་ལོག་མིན་ལོག རྫས་ཆོས་དང་ལྡོག་ཆོས། སྤྱི་དང་བྱེ་བྲག་མཚན་ཉིད་དང་མཚོན་བྱ་སོགས་བསྡུས་ཚན་སོ་སོའི་སྐབས་གང་ཡིན་རུང་རྟེན་འབྲེལ་གྱི་གཏན་ཚིགས་དང་སྦྱར་ནས་ཤེས་དགོས་པའི་གནད་བསམ་གྱིས་མི་ཁྱབ་པ་མང་སྟེ། རྒྱུ་ལ་ལྟོས་ནས་འབྲས་བུ་དང་། འབྲས་བུ་ལ་ལྟོས་ནས་རྒྱུ། ཡུལ་ལ་ལྟོས་ནས་ཡུལ་ཅན། ཡུལ་ཅན་ལ་ལྟོས་ནས་ཡུལ། རྫས་ཆོས་ལ་ལྟོས་ནས་ལྡོག་ཆོས། ལྡོག་ཆོས་ལ་ལྟོས་ནས་རྫས་ཆོས། གཅིག་ལ་ལྟོས་ནས་ཐ་དད། ཐ་དད་ལ་ལྟོས་ནས་གཅིག་འཇོག་ཚུལ་སོགས་ཀྱི་རིགས་པ་མང་དུ་ཡོད་པ་ལྟ་བུ་ཡིན། དེ་དག་ཀྱང་རྟེན་འབྲེལ་གྱི་གཏན་ཚིགས་ལ་སྦྱར་ན་གོ་བའི་གནད་ཟབ་མོ་རེ་ཡོད་པས་གལ་ཆེའོ། དེ་ལྟར་རྟེན་འབྲེལ་གཏན་ཚིགས་ཀྱི་དོན་རྡོར་བབ་པའི་ལྟ་ཕྱོགས་ཤིག་ནི། རྟེན་འབྱུང་སྟོང་པ་དང་། སྟོང་པ་རྟེན་འབྱུང་དུ་ངེས་པ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་ཅིང་། ཐ་སྙད་དུ་བྱ་བྱེད་ཐམས་ཅད་ཀུན་རྫོབ་སྒྱུ་མའི་རང་བཞིན་ཅན་དུ་མ་མཐོང་བ་དེ་ཕྱིར་རྟེན་འབྲེལ་གཏན་ཚིགས་ལའང་གོ་བ་རྙེད་དཀའ་བ་དེ་ཡིན། ལྕང་སྐྱ་རིན་པོ་ཆེས། “ཤིང་རྟ་ཆེན་པོ་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲའི་དོན་འཆད་ལུགས་མི་འདྲ་བ་མང་དུ་ཡོད་པ་རྣམས་ལེགས་པར་ཤེས་པ་གལ་ཆེ་སྟེ། འདི་ལ་བརྟེན་ནས་རྟེན་འབྲེལ་གྱི་གཏན་ཚིགས་ཀྱི་དོན་ལ་ཁྱབ་ཆེ་ཆུང་དང་དེ་ཁོ་ན་ཉིད་ཀྱི་གཏིང་དཔོག་པ་ལ་ངེས་པ་སྐྱེད་ལུགས་མི་འདྲ་བའི་གནད་དུ་མ་ཞིག་ཡོད་པའི་ཕྱིར་རོ་”⒅ཞེས་པའི་དགོངས་པ་སྙེགས་སའང་དེ་ཡིན་ནོ།
མཇུག་བསྡུའི་གཏམ།
བོད་ཀྱི་རིག་གནས་ལ་མཐོང་ཆེན་དང་རྒྱུས་ལོན། ཞིབ་འཇུག་དང་སློབ་གཉེར་བྱེད་མཁན་མང་ཞིང་། སྒོས་སུ་རྒྱལ་ཁབ་ཀྱིས་ཀྱང་འདི་ཕྱོགས་ལ་གཅིགས་འཛིན་དང་རྒྱབ་སྐྱོར་གནང་བའི་རྣམ་པ་གསར་པ་ཞིག་ཆགས་ཡོད་ལ། དེའི་གྲུབ་འབྲས་ཀྱང་ཡར་ངོའི་ཟླ་ལྟར་འཕེལ་བཞིན་ཡོད་པའི་སྐབས་འདིར་ཁོ་བོས་བོད་ཀྱི་གཞུང་ཆེན་བཅུའི་ནང་ནས་དབུ་མ་ཆེན་པོའི་ལྟ་བ་གཏན་ལ་འབེབས་བྱེད་ཀྱི་རིགས་པའི་རྒྱལ་པོ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་ལ་དཔྱད་པ་གཏོང་ཁུལ་བྱས་ཤིང་། དཔྱད་པ་གཏོང་ཡུལ་ཡང་ལྟ་བའི་གནད་ལ་མ་ཡིན་པར་རྟེན་འབྲེལ་གཏན་ཚིགས་ཀྱི་བསྒྲུབ་བྱ་སྒྲུབ་ཚུལ་གྱི་རིགས་པ་དེ་ཡིན་པས། ནོངས་འགལ་ཅི་མཆིས་རིན་བྲལ་བཀའ་སློབ་ཡོད་པར་ཞུའོ། །
མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
① 《སངས་རྒྱས་ཀྱི་མདོ་》ལྷ་ལྡན་ཞོལ་དཔར་ཁང་གི་ཤིང་དཔར། ད་པ། P. 289
② ⑨⑾《ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་དྲུག་དང་བྱང་ཆུབ་སེམས་འགྲེལ་》གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་དགུ་པ། p52.16.18སེར་གཙུག་དཔེ་རྙིང་འཚོལ་བསྡུ་ཚོགས་ཆུང་།
③⑦《རྗེ་ཙོང་ཁ་པའི་བསྟོད་པ་ལེགས་བཤད་སྙིང་པོ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1997. 8 P26.23
③⑿⒂⒅《ལྕང་སྐྱ་ཚང་གི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་》ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1989.6 P316,310,310,309
⑤《རྗེ་ཙོང་ཁ་པའི་གསུང་ཐོར་བུ་ལས་ལམ་གཙོ་》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987.8 P345
⑥《ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988.9 P107
⑧《འཕགས་པ་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003. 3. P24
⑩⒁《ལྕང་སྐྱ་ཚང་གི་རྟེན་འབྲེལ་བསྟོད་པའི་འགྲེལ་པ་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996.4 P56.59
⒀ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་《ཤེས་བྱ་ཀུན་ཁྱབ་》 མི་རིགས་དཔེ་སྐྲུན་ཁང་། 1982.5 P311
⒃⒄ཐུབ་བསྟན་དགེ་ལེགས་རྒྱ་མཚོའི《བསྡུས་གྲྭའི་སྤྱི་དོན་》 ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1990.3 P151. 381
ཀྲུང་གོའི་བོད་རིག་པ་ལས་དྲངས།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།