ཁྱབ་བདག་རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེའི་རྟོགས་བརྗོད་པདྨ་དཀར་པོའི་དོ་ཤལ།

WechatIMG66.jpeg

༄༅།།ཁྱབ་བདག་པ་ཆེན་པོ་སྐྱབས་རྗེ་༧པདྨ་སྐལ་བཟང་རིན་པོ་ཆེའི་རྟོགས་བརྗོད་བསྡུས་པ་པདྨ་དཀར་པོའི་དོ་ཤལ།

དྲི་མེད་མཁྱེན་པའི་མཁའ་ལམ་ཡངས་པོར་ལྷག་བསམ་དུང་གི་ཟླ་བ་ཚེས། །ལེགས་གསུང་གདམས་པའི་ཟེགས་མ་འབུམ་གྱིས་བློ་ལྡན་བློ་ཡི་ཀུན་ད་བཞད། །མཛད་འཕྲིན་གསེར་གྱི་འཁོར་ལོ་རྩིབས་སྟོང་སྲིད་དང་ཞི་བའི་བླ་ན་མཐོ། །རིས་མེད་རྒྱལ་བསྟན་སྲོག་གི་ཀ་བ་ཁྱབ་བདག་པདྨའི་མཚན་ལ་འདུད། །པདྨ་ལས་འཁྲུངས་པདྨ་ཀ་ར་ཡི། །ཐུགས་ཀྱི་སྒྱུ་འཕྲུལ་ལུང་རྟོགས་བསྟན་པའི་བདག །སྐལ་བཟང་གདུལ་བྱའི་རེ་སྐོང་གང་དེ་ཡི། །རྟོགས་བརྗོད་པདྨ་དཀར་པོའི་དོ་ཤལ་སྤེལ།  །ཨེ་མ་གསུང་གསུམ་ཡོན་ཏན་ནོར་བུའི་གཏེར། །བློ་ཆུང་བློ་ཡིས་འབྱེད་པའི་མཐུ་དམན་ཡང་། །དད་གསུམ་གསེར་གྱི་ལྡེ་མིག་ལ་བསྟེན་ཕྱིར། །མཛད་པའི་ཆ་ཙམ་འདིས་ཀྱང་ཚོགས་ཆེན་རྫོགས། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་རང་གཟུགས་རིགས་གསུམ་སེམས་དཔའི་གསང་བ་ཆེ། །འཛམ་གླིང་གྲུབ་པའི་འཁོར་སྒྱུར་ཨོ་རྒྱན་མཚོ་སྐྱེས་བླ་མའི་ཐུགས་ཀྱི་སྲས། །དམར་སེར་ངུར་སྨྲིག་གར་གྱི་རྣམ་རོལ་འཆད་རྩོད་རྩོམ་པའི་གཡས་འཁྱིལ་དུང་། །རབ་འབྱམས་བདེ་གཤེགས་ཞིང་གི་རྡུལ་ན་ཡིད་འཕྲོག་དྲི་ཟའི་གླུ་དང་བསྡེབས། །སྤྱན་རས་གཟིགས་དབང་ཆོས་ཀྱི་དབང་པོ་དང་། །སྔ་འགྱུར་ཉིན་བྱེད་འཇམ་མགོན་མི་ཕམ་སོགས། །མཁས་གྲུབ་གསེར་རིའི་འཕྲེང་ལྟར་བྱོན་པའི་གནས།  །མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་ཆར།  །ལྷ་གཉན་ཆེན་པོ་རྡོ་རྗེ་འཕན་ཕྱུག་གིས།  །བདག་བཟུངས་རྫ་ཡུལ་རྫ་ཆབ་སྔོན་མོའི་འགྲོའི།  །ཤར་ཕྱོགས་དལ་གྱིས་འབབ་པའི་སྟོད་རྒྱུད་དུ།  །ལྗགས་ལ་དྷཱིཿཡིག་རང་བྱོན་རིགས་བཟང་གི།  །ཡུམ་གྱི་ལྷུམས་སུ་ཞུགས་ཚེ་མདངས་ལྡན་གྱི།  །ཤེལ་དཀར་མཆོད་སྡོང་འོད་ཟེར་འབར་བ་ཞིག །སྦྲ་ཐོག་བབ་པའི་ངོ་མཚར་རྨི་ལྟས་དང་།  །ལྷན་ཅིག་ལུས་སེམས་དགའ་བདེས་རྟག་ཏུ་མྱོས།  །ཁོར་ཡུག་ཆུ་སྐྱེས་གསར་པའི་ཚོམ་བུ་བཞད།  །མཁའ་ལ་འཇའ་ཟེར་ཐིག་ལེའི་སྤྲིན་ཕུང་འཁྲིགས། །རེག་འཇམ་བདུད་རྩིའི་སྦྲང་ཆར་ཟིལ་མ་བཅས།  །བལྟམས་ཚེ་(༡༩༤༣)གཙང་ཆབ་འོ་མའི་བདུད་རྩིར་གྱུར།  །ལྔ་ཕྲག་དུས་སུ་མཁྱེན་ཀོང་རྣམ་གཉིས་དང་།  །ཡེ་ཤེས་སྤྱན་ལྡན་དུ་མའི་བཀའ་ལུང་བཞིན།  །གསང་ཆེན་མངའ་བདག་པདྨ་བཛྲ་གྱི།  །སྐྱེ་སྲིད་གསུམ་པའི་མཚན་གྱི་ཅོད་པཎ་གསོལ།  །གཞོན་ནུ་ཉིད་ནས་དད་དང་ངེས་འབྱུང་དང་།  །བྱམས་དང་སྙིང་རྗེས་ཐུགས་རྒྱུད་ཡོངས་གང་ཞིང་།  །ཅིར་སྣང་དག་པའི་རོལ་མོར་འབྱམས་ཀླས་པའི།  །ངོ་མཚར་སྤྲུལ་པའི་རྣམ་འགྱུར་ལྷག་པར་གསལ།  །བཤེས་གཉེན་ཆེན་པོ་དྷརྨཱའི་མཚན་ཅན་ལས།  །བརྡ་སྤྲོད་ཡི་གེའི་ཕྱི་མོ་ཀློག་ཙམ་གྱིས།  །མཁྱེན་ཞིང་ཆུབ་པའི་སྐྱེས་ཐོབ་ཤེས་རབ་ཅེས།  །ངོ་མཚར་སྙན་པའི་དབྱར་རྔ་ཕྱོགས་སུ་ལྡིར།  །དགུང་གྲངས་བཅུ་ཕྲག་གྲུབ་དབང་རྫོགས་ཆེན་པའི། །གདན་ས་རུ་དམ་བསམ་གཏན་ཆོས་གླིང་གི།  །ཕོ་བྲང་ཁམས་གསུམ་ཟིལ་གནོན་ཡང་རྩེ་རུ།  །གཟིམ་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་དུ།  །རིན་ཆེན་གཙུག་ཏོར་གྲུབ་དབང་འཇིགས་བྲལ་བ།  །ཀུན་མཁྱེན་དངོས་སྣང་གུ་ཎ་ན་ཐ་སོགས།  །དད་ལྡན་སེར་སྐྱ་སྟོང་ཕྲག་དུ་མ་ཡིས།  །རབ་འབྱམས་ཀུན་བཟང་མཆོད་པས་མདུན་བསུ་བཅས།  །མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ་ཚེ།  །མཁའ་ལ་ཉི་ཟླ་སྐར་གསུམ་དུས་གཅིག་ཤར།  །སྣང་བཞི་མཐར་ཕྱིན་པདྨའི་མཚན་ཅན་གྱིས།  །ཆིག་བརྒྱུད་ཚིག་གསུམ་གདམས་པའི་མན་ངག་བསྩལ།  །གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ།  །ཡོངས་འཛིན་མཁན་ཆེན་གུ་ཎའི་མཚན་ཅན་ལས།  །ཟབ་གསང་སྙིང་ཐིག་གདམས་པའི་སྨིན་གྲོལ་སོགས།  །ཐེག་གསུམ་ཆོས་ཀྱི་དགའ་སྟོན་དཔལ་ལ་རོལ།  །རྡོ་རྗེ་འཆང་དངོས་དྷརྨཱ་མ་ཏི་སོགས།  །བཤེས་གཉེན་གསེར་རིའི་འཕྲེང་བ་ལྟར་བསྙེན་ནས།  །བཀའ་གཏེར་གསར་རྙིང་རྒྱུད་སྡེ་ཕལ་མོ་ཆེའི།  །གདམས་ཟབ་བདུད་རྩིས་ཐུགས་ཀྱི་བུམ་བཟང་གཏམས།  །རིག་སྟོང་དག་པ་འོད་གསལ་ཆོས་སྐུའི་དབྱིངས།  །རིག་རྩལ་མ་འགགས་ཆོས་རབ་རྣམ་འབྱེད་ཀྱི།  །རང་གྲོལ་མགྲིན་པ་རྡོ་རྗེའི་གསང་མཛོད་ལས།  །མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་གཏེར་ཆེན་རྡོལ།  །སྲིད་གསུམ་གྲོང་ཁྱེར་སྲིན་མོའི་གླིང་བཞིན་དུ།  །གཟིགས་པས་ངེས་འབྱུང་སྐྱོ་ཤེས་ཀྱིས་བསྐུལ་ཏེ། །སྡོམ་བརྩོན་འདུལ་འཛིན་གསེར་རིའི་འཕྲེང་བསྟར་ནས།  །དམར་སེར་ངུར་སྨྲིག་གསར་པའི་ཅོད་པཎ་གསོལ།  །ཕྱི་རུ་ཉེས་ལྟུང་རྙོག་བྲལ་ཉེ་བ་འཁོར།  །ནང་དུ་བྱང་སེམས་སྤྱོད་པས་ཞི་བ་ལྷ།  །གསང་བ་གསང་འཛིན་དགའ་རབ་དཔའ་བོའི་ཟླ།  །ཡང་གསང་གདོད་མའི་མགོན་པོ་ཁྱེད་ལས་སུ།  །ཇོ་ཤཱཀ་རྣམ་གཉིས་བསམ་ཡས་གཙུག་ལག་ཁང་།  །སྤྱན་རས་གཟིགས་དབང་གངས་ཅན་མགོན་པོ་སོགས།  །ལྷ་ལྡན་ཡུལ་གྱི་རྟེན་གནས་ཕལ་མོ་ཆེར།  །བསགས་སྦྱང་སྤེལ་བའི་རྣམ་དཀར་མཆོད་སྤྲིན་བསྟར།  །སྐྱབས་གཅིག་མཁན་ཆེན་ཨཱ་ཡུའི་མཚན་ཅན་གྱི།  །གསང་བ་སྙིང་པོ་གཞུང་ཆེན་(༡༣)ཆ་ལག་བཅས།  །ལེགས་སྦྱང་རྩ་འགྲེལ་བློ་འཛིན་འཆད་རྒྱུགས་སོགས།  །སྐྱེས་སྦྱང་ཤེས་རབ་མཁས་པའི་གྲགས་པ་འབར།  །སྐུ་གསུམ་ཀུན་འདུས་པདྨ་ཐོད་འཕྲེང་དང་།  །མཁྱེན་བརྩེའི་འོད་ཟེར་དྷརྨཱ་དྷརྟུའི་མཚན།  །བདེ་མཆོག་རྡོ་རྗེ་པདྨ་བཛྲ་སོགས།. །མཁས་དང་གྲུབ་པའི་ཟློས་གར་ཅིར་ཡང་བསྒྱུར།  །སྐུ་ལ་དམར་སེར་ངུར་སྨྲིག་གོས་བཟང་བཀླུབས།  །ངག་ལ་ལེགས་གསུང་གསུང་རབ་རིན་ཆེན་རྡོལ།  །ཐུགས་ལ་མཁྱེན་གཉིས་ཡེ་ཤེས་ཉི་མ་ཤར།  །མགོན་ཁྱོད་བསྟན་འདིར་སྟོན་པ་གཉིས་པ་ཡིན།  །ངམ་ནག་དུས་ཀྱི་རྒུད་པས་ཡོངས་གཙེས་ཤིང་།  །ཐུབ་བསྟན་མིང་གི་ལྷག་མ་ཙམ་གྱུར་ཀྱང་།  །དམ་པའི་རང་གཤིས་ནམ་ཡང་བསུབ་མེད་པས།  །སོར་བྱང་སྔགས་ཀྱི་དམ་སྡོམ་སྲོག་དག་བསྡོས།  །བརྣག་དཀའི་དཀའ་བ་འབུམ་གྱི་ངལ་ལས་འོག  །སྣང་གྲགས་ལྷ་སྔགས་ཆོས་སྐུའི་རོལ་རྩལ་ངང་།  །རབ་འབྱམས་རྩ་བ་གསུམ་གྱི་བསྙེན་སྒྲུབ་དང་།  །རྐྱེན་ངན་ལམ་ཁྱེར་རྟོགས་པའི་བོགས་འདོན་མཛད།  །སྔོན་བསགས་བསོད་ནམས་ཨུ་དུམ་ཝཱ་རའི་ཚལ།  །བསླབ་གསུམ་ཡོན་ཏན་ཡོངས་འདུའི་ལྗོན་བཟང་རྩེར།  །སྐུ་གཉིས་འབྲས་བུའི་མེ་ཏོག་མདངས་བཀྲ་བའི།  །དོན་གཉིས་ལྷུན་གྲུབ་བླ་མ་གཙུག་ན་རྒྱལ།  །ཡང་དར་བསྟན་པའི་ཕན་བདེའི་འོད་སྟོང་གིས།  །གངས་ལྗོངས་རྒུད་པའི་སྨག་རུམ་བསལ་དང་ལྷན།  །རྒྱལ་བསྟན་ཕྱི་མོ་གྲུབ་དབང་རྫོགས་ཆེན་པའི།  །ཡོངས་རྫོགས་བསྟན་པའི་ཁུར་ཆེན་ཁྱོད་ཀྱིས་བཞེས།  །ལེགས་བྱས་རྣམ་དཀར་ཚོགས་གཉིས་ཆུ་གཏེར་ལས།  །ལེགས་འཁྲུངས་གཙུག་ལག་གསེར་གྱི་རྒྱ་ཕིབས་ཅན།  །རབ་མཛེས་ཉི་ཟླའི་གཟི་མདངས་འཕྲོག་བྱེད་པས།  །རུ་དམ་གྲུབ་པའི་ཕ་ཁྱིམ་དོག་མོར་བྱས།  །བསྟན་འཛིན་ཉི་ཟླའི་གཟི་མདངས་ནུབ་རིར་ཆས།  །ལུང་རྟོགས་པདྨའི་དགའ་ཚལ་ཟུམ་པའི་དུས།  །སླར་ཡང་དཔལ་གྱི་སེང་གེའི་ཆོས་གྲྭ་ཞེས།  །རྒྱལ་བསྟན་སྲོག་གི་ཀ་བ་ཁྱེད་ཀྱིས་བཙུགས།  །རིན་ཐང་འཛམ་གླིང་ནོར་གྱིས་གཞལ་དཀའ་ཞིང་།  །ལྷག་བསམ་ཟླ་བ་དཀར་པོས་བསྐྲུན་མིན་པའི།  །རྙེད་དཀའི་རྟེན་མཆོག་མཚན་བཟང་གཟུགས་སྐུ་ཡི།  །ཟུངས་ཁྲག་དྲོན་པོས་བསྟན་ལ་རིམ་གྲོ་བྱས།  །སྤྱི་མཐུན་ལས་ཀྱིས་ནངས་པའི་སྨག་རུམ་ཁྲོད།  །རྒྱལ་བསྟན་སྣུམ་ཟད་མར་མེ་ལྟར་གྱུར་ཀྱང་།  །ཁྱེད་ཀྱིས་གཞི་གསུམ་འདུལ་བའི་ཕྱག་གཞེས་བཞིན།  །ས་ཆེན་ཁྱོན་ཡངས་གསེར་གྱི་མདངས་སུ་བསྒྱུར།  །ཆེར་སྙིགས་རྩོད་ལྡན་དུས་ཀྱི་ཡང་མཐའ་འདིར།  །འགའ་རེས་བསྟན་འདི་གྲགས་སྙན་ནོར་ལ་སྤེལ།  །ཁ་ཅིག་སྲིད་སྒྲུབ་བྱེད་པའི་ཕྱག་ཆར་དམིགས།  །ཁྱེད་ཀྱིས་བསྟན་སྙིང་ལུང་དང་རྟོགས་ལ་འཛིན།  །བརྒྱུད་གསུམ་བླ་མའི་གདམས་ངག་བདུད་རྩིའི་ཀླུང་།  །རིམ་དགུ་ཐེག་པའི་བསྟན་པ་གཞིར་བཞེངས་སུ།  །བསླངས་པའི་དགེ་མཚན་གསར་པའི་ཆོས་རྔ་ཆེ།  །རུ་དམ་པདྨའི་ཚལ་ན་ལྷག་པར་སྙན།  །བྱང་སེམས་གོ་ཆས་ངལ་བ་ཁྱད་བསད་དེ།  །འཛམ་གླིང་ཤར་ནུབ་རྒྱ་མཚོའི་འགྲམ་ངོག་ཚུན།  །སྣ་ཚོགས་གདུལ་བྱའི་མོས་པ་དང་བསྟུན་པའི།  །སྨིན་གྲོལ་ཆོས་ཀྱི་བཀའ་དྲིན་སྙིང་ལ་ལྕི།  །ཆོས་ཅན་འཁྲུལ་པའི་སྣང་བ་སྒྱུ་མར་གཟིགས།  །ཆོས་ཉིད་བརྗོད་བྲལ་ཡུལ་མེད་མཁའ་ལྟར་རྟོགས།  །མཐའ་གྲོལ་ཀློང་ཡངས་ཆེན་པོར་འབྱམས་ཀླས་པའི།  །ཡོངས་གྲོལ་ཆོས་སྐུའི་རྒྱལ་ས་ཁྱེད་ཀྱིས་རྙེད།  །སྙིང་ཐིག་སྙིང་པོའི་སྙན་རྒྱུད་མན་ངག་གི།  །བརྒྱུད་འཛིན་བུ་སློབ་ནམ་མཁའི་སྐར་ཚོགས་ལྟར།  །སྐྱེད་སྲིང་ཡ་མཚན་གྲུབ་པའི་རོལ་མོ་འབུམ།  །རྒྱལ་དང་དེ་སྲས་མཛད་པ་སུ་ཡིས་དཔོག  །དམ་པའི་གདན་ས་རུ་དམ་པདྨའི་ཐང་།  །དམར་སེར་འདུས་པ་རྒྱ་མཚོས་ཡོངས་གཏམས་ཏེ།  །རབ་འབྱམས་ཀུན་བཟང་མཆོད་པའི་སྤྲིན་ཕུང་བཅས།  །བྱང་ཆུབ་སྤྱོད་པའི་སྨོན་ལམ་ཡང་ཡང་སྤྲོས།  །བརྒྱུད་གསུམ་བླ་མའི་ཞལ་རླངས་མ་ཡལ་བའི།  །སྡེ་གསུམ་ཀློང་དགུའི་ཟབ་དོན་གདམས་པའི་བཅུད།  །ཤིན་ཏུ་ཉེ་ལམ་འོད་གསལ་རྫོགས་ཆེན་གྱི།  །མན་ངག་བདུད་རྩིའི་གོ་སྐལ་ཁྱེད་ཀྱིས་འགྱེད།  །ཁྱེད་ཀྱི་མཛད་བཟང་གསལ་བའི་ཟེར་འཕྲེང་འབུམ།  །གླིང་བཞིའི་མཁའ་ལ་འཚེར་བའི་རི་བོང་འཛིན།  །མཐོང་མིན་བ་ཚྭའི་མཚོ་ལ་ཟླ་བ་ཞེས།  །འཁྲུལ་པའི་མིག་ལ་གཟུགས་བརྙན་ཟླ་བར་སྣང་།  །དེང་དུས་བསྟན་འཛིན་ཟོལ་མ་ཕལ་མོ་ཆེས།  །ཆོས་བརྒྱད་ལོག་འཚོས་བསྟན་ཞབས་སྡུད་པའི་དུས།  །ཁྱེད་ཀྱིས་དབེན་གནས་རུ་དམ་པདྨའི་ཐང་།  །སྙིང་པོའི་སྒྲུབ་ལ་རྩེ་གཅིག་གཞོལ་བ་རྨད།  །ཡེ་སྟོང་གདོད་ནས་དག་པའི་ནམ་མཁའ་ལ།  །ལྷུན་གྲུབ་སྣང་བཞིའི་གཤོག་རྩལ་ཡོངས་རྫོགས་པའི།  །གདོད་ནས་རྒྱལ་སར་དབང་བསྒྱུར་དམ་པའི་མགོན།  །ཕ་རྗེས་བུས་ཟིན་ཁྱེད་ལ་རྟག་ཏུ་སྨོན།  །གསང་གསུམ་རཏྣའི་གཏེར་ཆེན་ཐང་མར་བརྡལ།  །མཛད་འཕྲིན་ཉི་ཟླའི་ཟེར་འཕྲེང་གླིང་བཞིར་འབར།  །གྲགས་སྙན་དབྱར་རྔས་ཡངས་པའི་ས་ཆེན་ཁྱབ།  །ཁྱེད་ཀྱི་སྐུ་ཚེ་བསྐལ་བརྒྱར་འཚོ་གཞེས་གསོལ།།

ཅེས་རྗེ་བཙུན་བླ་མ་མཆོག་གི་རྟོགས་བརྗོད་རྒྱ་མཚོ་ལྟ་བུ་ལས་འདིར་སྐྲ་རྩེའི་ཟེགས་མ་ཙམ་ཞིག་ཕྲན་་ཀྱིས་རང་གནས་དུང་དཀར་པདྨ་ཤེལ་རིའི་སྒྲུབ་གནས་འོད་གསལ་གླིང་དུ་སྤེལ་བ་སརྦ་མངྒ་ལཾ།

རྩོམ་སྒྲིག་པ།   དོན་འགྲུབ་རྡོ་རྗེ།