གནས་སྤྱི་གཙུག་ཡིད་འོང་པད་དཀར་གྱི་གདན་ལ།།
ཞབས་མི་འགྱུར་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི།།
མགོན་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ཀྱི་ཆར་རྒྱུན།།
ངའི་ཕ་ཡུལ་ལྡོང་ངེའི་ལུང་བཟང་དུ་ཕོབས་ཤིག།
ལས་བག་ཆགས་དར་གྱི་སྐུད་པ་ཡིས་བཅིངས་ཤིང་།།
ཡིད་ནམ་མཁའི་དབྱིངས་སུ་ཉི་ཟླ་བཞིན་འཆར་བའི།།
ཆུང་གཉོམ་ལག་རྒྱས་སའི་ཕ་ཡུལ་གྱི་སྣོད་བཅུད།།
མདང་ཐུན་གསུམ་རྗེས་མའི་རྨི་ལམ་དུ་འཁོར་བྱུང་།།
ས་མདོ་སྨད་ཡུལ་ན་སྙན་གྲགས་ཀྱི་དྲི་བསུང་།།
སུས་མ་ཁོགས་ཕྱོགས་ཀྱི་འཁོར་ལོ་རུ་ཁྱབ་པའི།།
ཡུལ་རེ་བ་ཀུན་སྐོང་གསེར་ལྗོངས་ཀྱི་ཤར་ཕྱོགས།།
རླངས་ལྷ་གཟིཊ་དཀར་པོའི་གདུང་རྒྱུད་ཀྱིས་བཟུང་ཡོད།།
སྟོད་གྲོ་མོ་རི་བོའི་འདབས་ཤོད་དུ་ཆགས་པའི།།
བར་རོང་མ་འབྲོག་གི་ས་མཚམས་དེ་བཟུང་བའི།།
སྨད་རྒྱ་མཚོ་བཞིན་དུ་མེར་མེར་གྱིས་འཁྱིལ་བའི།།
ས་ལྡོང་ངེའི་ལུང་བཟང་ཕྱུག་མོ་དེ་མཛེས་ཨང་།།
ལོ་བཅུ་གཉིས་ཙམ་ནས་ཕ་ཡུལ་དང་གྱེས་ཤིང་།།
ཐག་རིང་མ་ཐུང་གི་མི་ཡུལ་དེ་འགྲིམས་ཀྱང་།།
སྙིང་དམར་པོའི་གསང་མིག་རེ་རེ་ལ་བསྐུངས་པའི།།
ནང་དྲན་པའི་བྱིའུ་ཆུང་ཕ་ཡུལ་འདི་ལགས་སོ།།
ཕྱུགས་དཀར་ནག་ཁྲ་གསུམ་རི་ངོས་སུ་ཁེབས་ཡོད།།
ཞིང་རྣང་མའི་ས་ཚིགས་རང་བྱུང་གིས་གྲུབ་འདྲ།།
ནང་ཕུ་ནུའི་དཔུང་རྡང་རྣོ་ལྕགས་ལ་བརྒྱུས་པའི།།
སྡེ་ཆེན་པོ་མར་ཁུའི་མཚོ་མོ་དང་འདྲ་བྱུང་།།
མདུན་ལབ་བཙས་སྒང་གི་དར་ལྕོག་དང་མཉམ་དུ།།
སྡེ་སྟོད་སྨད་གཉིས་ལ་རྒྱང་ལྟ་རེ་བྱེད་བཞིན།།
འདིའི་སྣོད་ཀྱི་བཀོད་པའི་འདྲ་དཔེ་ཞིག་དྲངས་ན།།
དཔལ་གསང་བདག་ཕྱག་གི་རྡོ་རྗེ་དང་མཚུངས་སོ།།
ས་གཤིན་པོ་མཛེས་སྡུག་མེ་ལོང་གི་ལག་པས།།
ངའི་ལྟེ་ཁྲག་དང་པོའི་ཐིགས་པ་དེ་བསྐྱོར་ཡོད།།
ལམ་ཆེ་ཕྲ་སྒང་གཤོང་སྣ་ཚོགས་ཀྱི་ངོས་སུ།།
ཆུང་བྱིས་པའི་དུས་ཀྱི་རྐང་རྗེས་དེ་དཔར་ཡོད།།
ཤར་ར༵ང་མཆོ༵ག་སྤང་རིའི་ལང་ཚོ་དེ་ཡིད་འོང་།།
ལྷོ་སྟ༵ག་ལུ༵ང་ནགས་རིའི་གཟི་བྱིན་དེ་རྒྱན་ཆེ།།
ནུབ་རྭ༵་བརྒྱང༵ས་སྒ༵ང་ལ་མེ་ཏོག་གི་ཁྱུ་འཁྲིགས།།
བྱང་གཡའ་དང་བྲག་རིའི་རྔམ་ཁ་དེ་རྫིག་ཨང་།།
སྟེང་ལྷ་ལམ་འཇའ་སྤྲིན་ཐེམ་སྐས་ལས་མ་བབས།།
ལས་ལུང་བསྟན་དཀར་པོའི་ཤོག་བྱང་ཡང་མེད་ལ།།
རྗེ་སྐལ་ལྡན་རས་པའི་སྒྱུ་ལུས་ཀྱི་སྐྱེད་ཡུམ།།
སྨན་མཛངས་མ་སྟོང་གི་ཐིག་ལེ་ཞིག་འཁྲུངས་མྱོང་།།
ཕྱི་དགྲ་མགོ་འཇོམས་པའི་དཔའ་བོ་ཡི་སྣང་བརྙན།།
ནང་ཉམས་རྟོགས་འབར་བའི་གྲུབ་ཐོབ་ཀྱི་ལོ་རྒྱུས།།
གཏམ་ཁ་ལྕེས་སྡེ་ཆེན་ཚོ་མགོ་སོགས་གནོན་པའི།།
བུ་གྲགས་པ་ཅན་ཚོའི་སྐྱེས་ཡུལ་རང་ལགས་སོ།།
ཆུང་བྱིས་པའི་བག་ཆགས་འབྲུ་དྲུག་གི་ས་བོན།།
ཕྱོགས་གང་སར་སྨིན་པའི་གཏམ་རྒྱུད་ཀྱི་ཀློང་དུ།།
ནང་ན་ཟླ་ཚོགས་སའི་གད་ཁུང་ཞིག་ཡོད་ལ།།
བྱ་བྱིའུ་ཚང་བསློགས་པའི་རྗེས་ཤུལ་ཀྱང་ཡོད་དོ།།
བེའུ་རེའུ་ལུག་དེད་པའི་ལམ་ཕྲན་ཞིག་དྲན་བྱུང་།།
རྩྭ་ལྕི་བ་བཏུས་པའི་རི་སྒང་ཞིག་དྲན་བྱུང་།།
སྔོ་རི་སྒོག་བཏོགས་པའི་བྲག་ཐེམ་ཞིག་དྲན་བྱུང་།།
རྡོ་རང་འཐག་འཁོར་བའི་ཆུ་འགྲམ་ཞིག་དྲན་བྱུང་།།
དཔྱིད་དར་ཁ་ལྷུང་དུས་ཁུ་བྱུག་དེ་གྲག་འོང་།།
དབྱར་མེ་ཏོག་བཞད་དུས་གཡུ་སྦྲང་དེ་འཁོར་འོང་།།
སྟོན་ལོ་ལེགས་གསེབ་ནས་གླུ་སྐད་ཅིག་ཐོས་འོང་།།
དགུན་ཁ་བ་དཀར་པོའི་འཕྱོ་ཉམས་དེ་མཐོང་འོང་།།
ཕྱི་དུས་བཞིའི་རྣམ་པ་རི་མོ་ལྟར་གསལ་ཅིང་།།
ནང་བརྩེ་སེམས་འོ་མ་མདོག་གཅིག་ཏུ་འཁྱིལ་བའི།།
ཡུལ་ལྡོང་ངེའི་ལུང་བཟང་པདྨོ་ཡི་དགའ་ཚལ།།
ངའི་མི་ཚེ་གཅིག་གི་དུས་ཚོད་ཀྱིས་བཏེགས་ཡོད།།
སྟོད་ཨ་སྐྱབས་གཞུང་གི་མཆོད་རྟེན་ལ་མཇལ་ཡོད།།
སྨད་བྲག་ཐེམ་ཨ་ལགས་ཕྱག་རྗེས་ཡང་བསྐོར་ཡོད།།
གཟུགས་མི་མཐོང་རྣམ་ཤེས་ཕྲ་མོ་ཡི་བྱེའུ་ཆུང་།།
མཚན་གཅིག་ལ་སྐོར་བ་ག་ཙམ་ཞིག་བརྒྱབ་ཡོད།།
སྦྲ་མཐིང་སྨུག་ཕུབ་པའི་འབྲོག་སྡེ་དེ་དྲན་བྱུང་།།
ཁང་སྐྱ་ལེབ་ཅན་གྱི་གྲོང་ཚོ་དེ་དྲན་བྱུང་།།
ལས་བྲེལ་ཟིང་ཆེ་བས་མགོ་ཡོམ་ནི་འཁོར་ཀྱང་།།
ཉིན་གཅིག་ཀྱང་སེམས་ཀྱི་གྲུ་ག་ནས་མ་བོར།།
བདག་བྱེས་སུ་འཁྱར་བའི་ལོ་ཟླ་དེ་རིང་བས།།
ཡུལ་གཞིས་སྡོད་མི་ཡིས་གཏིང་བརྗེད་དུ་གྱུར་ཀྱང་།།
སྙིང་དམར་ཆུང་ལྡིང་བའི་གུར་ཁྱིམ་གྱི་དབུས་སུ།།
ཡུལ་ལྡོང་ངེའི་ལུང་པའི་སྐྱིད་སྡུག་དེ་རུམ་ཡོད།།
ལོ་བཞི་བཅུའི་སྔོན་གྱི་ཕ་ཡུལ་གྱི་རྣམ་པ།།
དུས་ད་ལྟ་གནམ་ས་བླ་འོག་ལྟར་བརྗེས་ཀྱང་།།
ས་ལག་མཐིལ་ཙམ་ཡང་བརྩེ་སེམས་ཀྱིས་བོར་མེད།།
ཆབ་ཆུ་མིག་ཙམ་ཡང་དུང་བ་ཡིས་བརླན་ཡོད།།
ལར་འཇིག་རྟེན་མི་ཡི་བག་ཆགས་ཀྱི་གཏིང་ན།།
མིང་སྣ་ཚོགས་ནམ་མཁའི་རྒྱུ་སྐར་ལྟར་བཀྲ་ཡང་།།
ས་གང་དུ་ཕྱིན་ཀྱང་བརྗེད་མེད་ཀྱི་ཐ་སྙད།།
གསེར་སེར་པོ་ལྟ་བུའི་ཕ་ཡུལ་འདི་ཡིན་ཨང་།།
རྒྱུད་གཙང་མ་ལྡོང་གི་རུས་ཆེན་ལ་གཏུགས་ཡོད།།
གཤིས་དྲང་མོ་ལྷ་གཡག་དཀར་པོ་ཡིས་མཚོན་ཡོད།།
རྒན་མགོ་དཀར་ལུགས་ཀྱི་བདག་པོ་ལ་གནས་ཡོད།།
གཞོན་སོ་དཀར་ཁ་ཏ་བསླབ་བྱ་ལ་གནས་ཡོད།།
སྙིང་དམར་པོའི་ཁྲག་གི་རླབས་རྒྱུན་དེ་ཁྱོད་ཡིན།།
སེམས་དཀར་པོའི་བརྩེ་གདུང་འཇོག་ས་དེ་ཁྱོད་ཡིན།།
ལོ་ཆུང་དུས་མིག་གི་ཐོགས་ས་དེ་ཁྱོད་ཡིན།།
ལོ་རྒས་དུས་དྲན་པའི་ཞེན་ཆགས་དེ་ཁྱོད་ཡིན།།
ཕྱི་ལུས་པོ་དབྱར་སྐྱེས་མེ་ཏོག་གི་ལྗོན་བཟང་།།
ས་ཐག་རིང་ཡུལ་ནས་ཚོར་མེད་དུ་རྒས་ཀྱང་།།
ནང་དྲན་ཤིང་ལྕི་བའི་ཐང་དཀར་གྱི་རྒོད་པོ།།
དུས་ནམ་ཡང་འབབ་ས་ཕ་ཡུལ་གྱི་བྲག་ཐེམ།།
སྣོད་པད་མ་རྒྱས་པའི་ཞིང་བཀོད་དང་འདྲ་ཡང་།།
བཅུད་འཚོ་བའི་སྐྱིད་སྡུག་ལས་དབང་གིས་བྲིས་ཡོད།།
དུས་སྐྱ་རེངས་བུ་མོའི་རླུང་གཡབ་ལ་བརྟེན་ནས།།
ང་ལྡོང་བཙན་སྣང་གྲགས་རྨི་ལམ་ལས་བསླངས་བྱུང་།།
རྡོའི་ཁང་བརྩེགས་གྲུ་བཞིའི་སྒེའུ་ཁུང་ལ་བརྐྱངས་པའི།།
སྨྱུག་ལྗོན་པའི་རྩེ་མོ་དགུ་བསྒྲིགས་དེ་མཐོང་དུས།།
ཆུང་བྱིས་པའི་དུས་ཀྱི་ཕ་ཡུལ་དང་མཉམ་དུ།།
གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཞིག་དྲན་བྱུང་།།
ཕྱི་སྲ་བརྟན་ལྕགས་རིའི་གས་ཁ་ལ་བསམས་ནས།།
ནང་ཕོ་བྲང་མཐོན་པོའི་སྒོ་གླེགས་དེ་དྲན་བྱུང་།།
མིག་ཁྲ་ཆུང་སྨོན་འདུན་མཆི་མ་ཡིས་སྐོར་གྱིན།།
མི་སྐྱེས་ཆེན་ཞིག་གི་སྣང་བརྙན་ཡང་དྲན་བྱུང་།།
ཚིག་སྤྲོས་པ་ཆེན་པོའི་ཤོམ་ར་དེ་བསྐྱུར་ནས།།
གཏམ་གོ་སླའི་ངག་གི་ཕྲེང་བ་ལ་བརྒྱུས་འདི།།
ས་ཐག་རིང་ཡུལ་མིའི་སྙན་དབང་གི་གསོས་སུ།།
གླུ་རྡུང་ལེན་ཞིག་གི་དོད་ཙམ་དུ་ཕུལ་ལོ།།
2020.12.1 ཞོགས་པར།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།