ཚིག་གི་དབྱངས་འབྲས།

WechatIMG999.jpeg

བདག་ཡིད་མེ་ཏོག་པད་མའི་ཞིང་། །

ཚོར་བའི་འདབ་མ་རླུང་གིས་འགུལ། །

སྣང་བའི་གངས་ཅན་ནགས་ཚུལ་དུ། །

སྙན་ངག་རྫ་ཆུ་དྭངས་གསལ་བཞུར། །

 

སེམས་ཉིད་འཁོར་བའི་ཉིན་སྲིབ་འདྲ། །

ཚངས་བའི་དབྱངས་ལ་ལན་ཅིག་རོལ། །

དབྱངས་ཅན་ལྷ་ཡི་གཟི་ཉམས་འཕྲོས། །

མགུར་མའི་མཛེས་སྡུག་དོད་པའི་བསྟོད། །

 

ཚིག་ལ་དབྱངས་ཀྱིས་ཉམས་ཤིག་དོད། །

གཡུ་དཀར་ཟླ་བའི་རང་སེམས་བཏུལ། །

སེམས་སུ་འཕྲོས་པའི་གཡུ་དཀར་མ། །

མི་ཚེ་དབྱངས་ཀྱི་རྒྱུད་མངས་ཡིན། །

 

བདག་ཡིད་ཚོར་བའི་དཔྱངས་པའི་ན། །

ཚོར་དབྱངས་སྙན་མོ་དཀྲོལ་བཞིན་དུ། །

མགུར་མའི་ཆོ་འཕྲུལ་ཕྱི་ནང་དུ། །

སྨིན་དྲུག་ལྷ་མོ་བརྗོད་གཞིར་བྱས། །

 

རྣམ་རྟོག་པད་འདབ་ཡོམ་ཡོམ་སྒུལ། །

དྲན་པ་སེམས་ཀྱིས་ཡིད་ངོར་ལ། །

དབྱངས་ལྡན་ལྷ་ཡི་ཞལ་གཟུཊ་ཤར། །

ཡིད་ཆེས་དད་པའི་སྣང་ངོར་བསྒོམ། །

 

སེམས་ཉིད་ཁྲ་མོ་མ་འགག་པར། །

སྙན་ངག་ཆུ་ཕྲན་གཙང་མར་འབྲི། །

འདི་ཕྱི་གཉིས་ཀྱི་སྐྱབས་མགོན་ལ། །

མཆོད་པ་ཙམ་ཤིག་མཚོན་པར་བྱེད། །

 

དབྱར་གཞུང་ཐང་ཆེན་སྔོན་མོ་དུ། །

སྙན་ངག་ཚིག་གི་སིལ་བུ་འཐོར། །

སེམས་སུ་འཛུམ་པའི་གཡུ་ཆུང་མ། །

མི་རྟག་འཁོར་བའི་བདག་མོར་འབོད། །

 

གཡང་གི་ར་བའི་བདག་འཛིན་མ། །

འཚོ་བའི་གཞི་རྟེན་ལེགས་སྐྱོང་བས། །

འཛུམ་པའི་ཞལ་དཀར་ཟླ་དབྱངས་མ། །

མ་བཅོས་སེམས་ལ་ལྷིང་ངེ་གསལ། །

 

༢༠༢༠~༨ ~ ༡༡   ཉིན་ལྔ་རིག་སློབ་གླིང་དུ་སྦྱར།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།