མཁན་རིན་པོ་ཆེ་དགེ་འདུན་ནོར་བུའི་མཛད་རྣམ།

WechatIMG2744.jpeg

༄༅། །ཡོངས་ཀྱི་བཤེས་གཉེན་དམ་པ་མཁན་ཆེན་རིན་པོ་ཆེ་དགེ་འདུན་ནོར་བུ་མཆོག་ནི། དང་པོ་གནས་གང་དུ་སྐུ་བལྟམས་ཤིང་རབ་ཏུ་བྱུང་བའི་ཚུལ། གཉིས་པ་རང་དོན་དུ་ཐོས་བསམ་སྒོམ་པ་ལ་ཇི་ལྟར་གཞོལ་བའི་ཚུལ། གསུམ་པ་གཞན་དོན་གདུལ་བྱའི་དཔལ་དུ་བཞུགས་ནས་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་ཇི་ལྟར་སྤེལ་བའི་ཚུལ་དང་གསུམ་གྱིས་འཆད་པར་འདོད་པ་ལས། དང་པོ་ནི། ཡབ་ཤེལ་ཕྲེང་ཁྱུར་འོང་ཡོངས་འཛིན་ཅེས་པ་དཔའ་རྩལ་ཆེ་ཞིང་བློ་ཁོག་ཡངས་པ། ལས་རྒྱུ་འབྲས་ལ་རྩི་མཐོང་བྱེད་པ། ལྷ་དཀོན་མཆོག་ལ་དད་གུས་ཆེ་བ་དེ་དང་། ཡུམ་ཨ་དཀར་བཟའ་བོ་ཁོ་བྱ་བ་རྒྱལ་བ་ཀཿ ཐོག་པའི་འཇའ་ལུས་འབུམ་ཕྲག་གཅིག་གི་ཆེས་གཞུག་མ་ཉག་བླ་པདྨ་བདུད་འདུལ་དང་མྱི་རྒྱུད་གཅིག་ཅིང་ཉེ་ཐག་རིང་དུ་མ་སོང་བ་བུད་མེད་ཀྱི་སྐྱོན་ཀུན་ཟད་པ་དེ་གཉིས་ཀྱི་སྲས་སུ་ཕྱི་ལོ་(1934) པའམ། བོད་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་བརྒྱད་པ་ཤིང་ཕོ་ཁྱིའི་ལོར་མཚན་རྫོགས་གཟུགས་སྐུའི་མེ་ཏོག་ཡུམ་གྱི་ལྷུམ་རྒྱ་ལས་གྲོལ། དེ་ཡང་ཁྱིམ་གཅིག་ལས་མཆེད་པའི་ཚངས་པར་མཚུངས་པ་དྲུག་ཡོད་པ་ལས། ཆེ་བ་སྲིང་ཨ་གྲགས། དེ་ནས་ལྷ་སྐྱིད། དེ་ནས་གནས་ལོ། དེ་ནས་གཅེན་ཆེ་བ་གུར་མགོན། དེ་ནས་གཅེན་ཆུང་བ་སྐྱབས་མཆོག་འགྲོ་བའི་མགོན་པོ་འཇམ་དབྱངས་ཤེས་རབ་རྒྱལ་མཚན། དེ་ནས་ཐ་ཆུང་ནི་མཁན་རིན་པོ་ཆེ་ཁོང་ཉིད་ཡིན་ལ། དེ་ཡང་ཁོང་སྐུ་བལྟམས་པའི་ཉིན་དེ་ཀར་སྐྱབས་རྗེ་འགྲོ་བའི་མགོན་པོ་འཇམ་དབྱངས་བླ་མ་ཤེས་རབ་རྒྱལ་མཚན་རིན་པོ་ཆེ་ཁོང་དང་སྲིང་ཆེ་བ་ཨ་གྲགས་གཉིས་ཕྱི་རོལ་ཏུ་དགོས་པ་འགའི་ཆེད་དུ་འཆག་ཏུ་སོངས། དལ་ཅིག་ན་སྤྲུལ་རིན་པོ་ཆེས་ཨ་ཅེ་ལ་གསུང་རྒྱུར་ངེད་གཉིས་མྱུར་དུ་རང་ཁྱིམ་ལ་འགྲོ། ངེད་ཚང་ལ་ཁང་གདོང་ཚང་བྱོན་འདུག་གསུངས། དེ་ནས་མྱུར་སྟབས་ཀྱིས་མིང་སྲིང་གཉིས་ཕྱིར་ཁྱིམ་དུ་ལོག་པ་ན་ཁང་གདོང་ཚང་གང་ན་ཡང་བྱོན་མི་འདུག མཁན་རིན་པོ་ཆེ་ཁོང་སྐུ་བལྟམས་འདུག་པས་ཕྱིས་སུ་ཀུན་གྱིས་ཁོང་ཁང་གདོང་ཚང་གི་སྤྲུལ་སྐུ་ཞིག་ཡིན་ངེས་རེད་ཅེས་གླེང་གིན་འདུག( རྗེས་སོར་མཁན་རིན་པོ་ཆེ་སྐུ་ན་ཆེར་སོན་པ་དགུང་གྲངས་ལྔ་བཅུ་ཡས་མས་སུ་ཡུལ་བླ་མ་རུང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆོས་རྗེ་ཡིད་བཞིན་ནོར་བུའི་ཞབས་པད་སྤྱི་བོར་ལེན་དུ་འབྱོན་སྐབས། བླ་མ་ཡིད་བཞིན་ནོར་བུས་དེ་རིང་ངེད་ཅག་གི་གནས་འདིར་དཔལ་སྤྲུལ་རིན་པོ་ཆེ་འབྱོན་རྒྱུ་རེད་ཅེས་ལུང་བསྟན་པའི་ཚུལ་གཞན་གྱི་ངག་བརྒྱུད་ལས་དེ་ལྟར་གསུངས་པ་ཡང་ཐོས། དངོས་གནས་ཁོང་གིས་གསུང་ཚངས་པའི་དབྱངས་ཀྱིས་ཆོས་ཁྲིད་ཅིག་གི་ནང་དུ་འཁོར་འདུས་པ་ཀུན་ལ་གཡས་འཁྱིལ་དུང་གི་རང་སྒྲ་གཟེངས་སུ་བཏེགས་ཏེ་སྤྲུལ་སྐུ་ཟེར་ན་ཨ་ཁུ་དགེ་འདུན་ལྟ་བུ་ཞིག་དགོས་པ་རེད། དེ་མིན་དཀར་པོ་ཞིག་དང་དམར་པོ་ཞིག་ལ་སྤྲུལ་སྐུ་ཟེར་བ་མིན་གསུངས་པ་དེར་འཁོད་འདུས་སྡེ་ཀུན་ལ་གསལ། ཡང་བཤད་སྒྲོས་ཤིག་ལ་ཤེལ་ཕྲེང་བླ་མ་ཚེ་རིང་རྡོ་རྗེས་མོལ་མཆིད་ཀྱི་འཕྲོས་སུ་དགེ་ཁོ་ནི་གླག་བླ་མ་བསོད་ནམས་ཆོས་འགྲུབ་ཀྱི་སྤྲུལ་སྐུ་ཡིན་ཞེས་བཤད་སྲོལ་ཞིག་ཀྱང་ཡོད་གསུངས། ཇི་ལྟར་ཡོད་ཅེས་དྲིས་ཚེ། ཁོང་གིས་གསུང་རྒྱུར་དགེ་འདུན་ནོར་བུའི་མ་ཡུམ་བོ་ཁོ་དང་ངའི་ཨ་མ་ཨ་ཚེ་གཉིས་ཀ་ཉིན་ཞིག་གླག་བླ་མ་བསོད་ནམས་ཆོས་འགྲུབ་ཀྱི་སྐུ་མདུན་དུ་མཇལ་བཅར་ཞུ་སྐབས་ཤིག་ལ་བོ་ཁོས་ངེད་ཚང་གི་ཁྱིམ་གཞིའི་འབྱོར་བས་ཅུང་ཕོངས་ནའང་ཁྱེད་ངེད་ཚང་ལ་ཁྱིམ་ཞུས་བྱ་དགོས་ནམ་ཙམ་ན་ཕེབས་ཞུས་ཚེ། ཁོང་གིས་ང་ཁྱེད་ཚང་ལ་སང་ཕོད་སྤྲེལ་ཟླའི་ནང་ཙམ་ན་འོང་ངེས་ཡིན་གསུངས། དེའི་ཕྱི་ལོ་གླག་བླ་རིན་པོ་ཆེ་སྤྲེལ་ཟླའི་ནང་ཙམ་ན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་རྗེས་སུ་མཁན་རིན་པོ་ཆེ་འདི་སྐུ་བལྟམས་པ་ཡིན་ཅེས་བཤད་རྒྱུན་ཞིག་ཡོད་མོད་གང་ལྟར་ཡང་། བླ་མ་ནོར་བསྟན་གྱི་སྐུ་མདུན་ནས་ངེད་བུ་སྤུན་གསུམ་ལས་འཆད་ཉན་སྒོམ་སྒྲུབ་གང་ཐད་ནས་རྩེར་བུད་དེ་ཁོང་ཡིན་གསུངས།)རིམ་གྱིས་སྐུ་ཆེར་ནར་སོན་ཅིང་ཡི་གེའི་སྦྱོར་ཀློག་ལ་འཇུག་པའི་དུས་སུ་སླེབས་ཙ་ན་གཅེན་འཇམ་དབྱངས་བླ་མ་རིན་པོ་ཆེས་བཞེད་དགོངས་ལྟར། ཝ་ལོ་སྒྲུབ་བརྒྱུད་བྱ་བ་ཀློག་གི་སློབ་དཔོན་དུ་བསྟེན་ནས་གཞན་དང་མཚུངས་པ་མེད་པའི་བརྩོན་པ་ཆེར་བསྐྱེད་སྒོས་ཡི་གེའི་སྦྱོར་ཀློག་སོགས་མྱུར་དུ་བསླབ་གྲུབ་པ་མཛད། དེ་ནས་ཁོང་རིན་པོ་ཆེ་དགུང་གྲངས་བཅུ་བཞིར་སླེབས་སྐབས་དཔལ་འཇའ་ལུས་འཕོ་ཆེན་པ་མཁན་ཆེན་ཚེ་དབང་རིག་འཛིན་སོགས་མཁན་སློབ་གྲངས་ཚང་གི་མདུན་ནས་སྐུ་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས། དེའི་ཚེ་མཁན་རིན་པོ་ཆེ་ཚེ་དབང་རིག་འཛིན་གྱིས་འདི་ལ་རབ་བྱུང་གི་མཚན་ཁྱད་པར་ཅན་ཞིག་གདགས་དགོས་ཞེས་ཐུགས་གཙིགས་ཆེར་བཞེས་ངོས་རབ་བྱུང་གི་མཚན་ལ་༼   ཐུབ་བསྟན་དགེ་ལེགས་རྣམ་རྒྱལ་༽  ཞེས་གསོལ།

WechatIMG2745.jpeg

    གཉིས་པ་རང་དོན་དུ་ཐོས་བསམ་སྒོམ་པ་ལ་ཇི་ལྟར་གཞོལ་བའི་ཚུལ། དེ་ནས་དཔལ་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་གི་བཤད་གྲྭ་མཁྱེན་བརྩེ་ཀུན་འདུས་མཁས་མང་གླིང་གི་གྲྭ་སར་ཞུགས། དཔལ་འཇའ་ལུས་འཕོ་ཆེན་པ་མཁན་ཆེན་ཚེ་དབང་རིག་འཛིན་གྱི་སྐུ་མདུན་ལས། འཕགས་པ་འཇམ་དཔལ་མཚན་བརྗོད་སོགས་ཀྱི་ལུང་དང་། རིག་འདུས་ཚེ་སྒྲུབ་ཀྱི་དབང་དང་། གནོད་སྦྱིན་ཙིའུ་དམར་པོའི་ལུང་སོགས་ཆོས་ཚན་ཇི་སྙེད་ཅིག་ནོད་པ་བྱས། ཡེ་ཐོག་དང་པོའི་སངས་རྒྱས་མཁན་ཆེན་ནོར་བུ་བསྟན་འཛིན་ཐུན་མིན་རིགས་ཀྱི་བདག་པོར་བསྟེན་ཅིང་། རྒྱུད་ཕུར་གྱི་དབང་ལུང་། རནྟའི་ཕུར་པའི་དབང་། ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་དབང་། སེམས་སྡེའི་དབང་། ཀློང་སྡེའི་དབང་། ཡུམ་བཀའི་དབང་། སྒྲོན་མའི་དབང་ལུང་ཡོངས་རྫོགས། སྒྲོལ་མ་མྱུར་མགྱོགས་མའི་ལུང་། གསང་འདུས་ཀྱི་དབང་། ཀྱཻ་རྡོར་གྱི་དབང་། བདེ་མཆོག་གི་དབང་། ཀུན་རིག་གི་དབང་། མཁའ་སྤྱོད་དཀར་དམར་གྱི་དབང་དང་འཕོ་བའི་སྐོར་དང་ས་རྙིང་ཕྱོགས་ཀྱི་སྨིན་བྱེད་དབང་གི་སྐོར་དང་། ཀུན་མཁྱེན་བླ་མའི་ངལ་གསོ་སྐོར་གསུམ། མཛོད་ཆེན་བདུན། རང་གྲོལ་སྐོར་གསུམ། མུན་སེལ་སྐོར་གསུམ། ཀུན་མཁྱེན་གསུང་འཐོར་སྐོར་སོགས་གྲོལ་བྱེད་ཁྲིད་ཀྱི་གདམས་སྐོར་དང་། དཔལ་སྤྲུལ་སྔོན་འགྲོ། བར་དོ་དྲུག་ཁྲིད། བསྐྱེད་རིམ་ཟིན་བྲིས། བསྐྱེད་རིམ་ལྷ་ཁྲིད། ཐབས་ལམ་འབྲུ་འགྲེལ་ཁྲིད། གཏུམ་མོ་ལག་ལེན་འདེབས་པའི་མེ་དབང་། རྩ་རླུང་ཆ་ཚང་། འཇམ་དཔལ་སྨྲ་སེང་གི་རྗེས་གནང་སྒྲུབ་ཐབས་དང་བཅས་པ། བཀའ་གདམས་ལྷ་བཞིའི་རྗེས་གནང་། རྣམ་རྒྱལ་མའི་རྗེས་གནང་ལུང་དང་། བསྙེན་གནས་ཀྱི་རྗེས་གནང་ལུང་། ཛམ་དཀར་ལྷ་ལྔའི་རྗེས་གནང་ལུང་། སྨིན་གླིང་རྡོར་སེམས་ཀྱི་དབང་ལུང་ཆ་ཚང་། ཁོང་རང་ཉིད་ཀྱིས་མཛད་པ་ཙིའུ་དམར་ཚོགས་བསྐང་། མ་མགོན་ཚོགས་བསྡུས། རྡོ་རྗེ་རྣམ་པར་འཇོམས་པའི་དབང་། ཙིའུ་དམར་སྲོག་དབང་དང་ལུང་། ཀོང་སྤྲུལ་རིན་པོ་ཆེའི་གདམས་ངག་མཛོད་སྐོར་དང། སྙིང་ཐིག་དུམ་གཉིས་དང་། སྙིང་ཐིག་ཡ་བཞི་སོགས་རྒྱབ་བརྟེན་ལུང་གི་ཚོགས་དང་། སློབ་དཔོན་ཀ་མ་ཤི་ལའི་སྒོམ་རིམ་ཐོག་མཐའ་བར་གསུམ། བི་མ་ལའི་སྒོམ་རིམ་ཅིག་ཅར་པ་དང་། རིམ་གྱིས་པ་གཉིས། དྭགས་པོའི་ཐར་རྒྱན། རྗེའི་ལམ་རིམ་ཆེན་མོ། ས་པཎ་ཐུབ་པ་དགོངས་གསལ། གཞན་དགའ་རིན་པོ་ཆེའི་འགྲེལ་བ་མངོན་པ་མཛོད། སྤྱོད་འཇུག ཀ་རི་ཀཱ་ལྔ་བཅུ་པ། བཤེས་སྤྲིངས་སོགས་ཕར་ཕྱིན་ཐེག་པའི་ཆོས་ཚན་སོགས་མདོ་སྔགས་རིག་གནས་དང་བཅས་པ་བུམ་པ་གང་བྱོས་ཚུལ་གྱིས་རྒྱ་ཆེར་མནོས། རྡོ་གྲུབ་ཆེན་རིན་པོ་ཆེ་རིག་འཛིན་བསྟན་པའི་རྒྱལ་མཚན་གྱི་སྐུ་མདུན་ནས་སྙིང་ཏིག་ཡ་བཞིའི་དབང་། གཅོད་དབང་ཆུ་བོ་གཅིག་འདྲེས་ཀྱི་དབང་། སྒྱུ་འཕྲུལ་ཞི་བའི་དབང་སོགས་དབང་ལུང་དུ་མ་དང་། གྲུབ་ཆེན་རིན་པོ་ཆེ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་གི་མདུན་ལས་སྒྱུ་འཕྲུལ་ཞི་བའི་དབང་དང་། མགོན་པོ་ཚོགས་བདག་གི་དབང་། ཆོས་སྐྱོང་མ་གཟའ་དམ་གསུམ་གྱི་སྲོག་གཏད་སོགས་དབང་ལུང་དུ་མ་མནོས། གཞན་ཡང་གནུབས་ཟུར་མཁན་པོ་ཨ་འཇམ་གྱི་སྐུ་མདུན་ནས་སོ་སོར་ཐར་པའི་མདོ་དང་། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་དང་། དབུས་མཐའ་རྣམ་འབྱེད་སོགས་གསན། ཚིམ་ཤུལ་མཁན་པོ་བསོད་ནམས་དབང་རྒྱལ་གྱི་མདུན་ལས་རྩ་འཇུག་བཞི་སྤྱོད་སོགས་དབུ་མའི་ཆོས་སྐོར་ཡོངས་རྫོགས། བྱམས་པའི་ཆོས་སྡེ་ལས་རྒྱུད་བླ་མ། མངོན་རྟོགས་རྒྱན། ཆོས་ཉིད་རྣམ་འབྱེད་རྣམས་དང་། འདུལ་བའི་སྐོར་ལས་མདོ་རྩ་དང་སུམ་བརྒྱ་པ་དང་ལྔ་བཅུ་པ་དང་། ཡོན་དགའ་རྡོ་རྗེ་འཆང་གི་སྡོམ་གསུམ་འགྲེལ་ཆེན་སོགས་གཞུང་རེ་རེའང་ཚར་གྲངས་གཉིས་དང་གསུམ་སོགས་གསན་པར་མཛད། ཧོར་མོས་ཚུལ་ཁྲིམས་ཀྱི་སྐུ་མདུན་ནས་ཚད་མ་རྣམ་འགྲེལ་དང་། ཚད་མ་རིགས་གཏེར། ཧོར་མོས་མཁན་ཆེན་འཇམ་དཔལ་གྱི་སྐུ་མདུན་ལས་དབུ་མ་རྩ་བ་ཤེས་རབ། གོ་རམས་ལྟ་བ་ངན་སེལ། ཀུན་མཁྱེན་མི་ཕམ་པའི་ཆོས་ཉིད་རྣམ་འབྱེད་སོགས་དང་། དགོན་པ་སྤྲུལ་སྐུའི་མདུན་ནས་རྒྱལ་བའི་བཀའ་རིན་པོ་ཆེའི་ལྗགས་ལུང་མནོས་པ་སོགས་མདོར་ན་ཆོས་གང་ཞུས་ཀྱི་སྐབས་ཀུན་ཏུ་གོ་ལོ་དང་ཐོས་ལོ་ཙམ་དུ་མ་བཞག་པར། ནམ་རྒྱུན་གསོལ་ཟས་ངན་ངོན་རྩམ་སྐྱ་དང་ཆུ་རྐྱང་ཙམ་གྱིས་ཆོག་ཤེས་མཛད་ནས་ཆོས་ཁྲིད་དང་སྐྱོར་སྦྱང་སོགས་ཐུན་གཅིག་ཀྱང་ཆད་དུ་མ་བཅུག་པར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཅིང་། ཐོས་བསམ་ཁོ་ན་ལ་གཞོལ་ཆེས་པས་གསོལ་ཟས་དང་སྣོད་སྤྱད་ཅ་ལག་སོགས་བཏང་སྙོམས་སུ་བཞག་པས་རུལ་ལད་དུ་སོང་བའི་ཚུལ་གཅེན་གུར་མགོན་གྱིས་མཐོང་རྐྱེན་ལས་ཁོང་ལ་བསྡིག་པའི་ཚུལ་སོགས་ཀྱང་བཤད་དུ་ཡོད། ཚུལ་འདི་དག་ནི་འཇིག་རྟེན་རྙིང་བའི་དུས་སུ་ཁོང་རིན་པོ་ཆེའི་ལུང་དང་རྟོགས་པའི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་ཇི་ལྟར་བཟུང་བའི་ཚུལ་རགས་ཙམ་བཀོད་པ་ཡིན་ནོ། །མཚམས་འདི་ནས་ལོ་ངོ་ཉི་ཤུ་རྩ་གཉིས་ཙམ་ལ་དུས་ཀྱི་འཕོ་འགྱུར་ཚད་མེད་པའི་དབང་ལས་ཁོང་གི་སྤོང་ཀློག་གི་ལས་ལ་འགལ་རྐྱེན་སོང་ནའང་ཁོང་རིན་པོ་ཆེའི་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་བྱིན་སོགས་ལས། སྐབས་དེ་དུས་ཀྱི་ལས་བྱེད་དག་གིས་ཇོར་ཆུང་ཞེས་པའི་སའི་ཞིང་སྲུང་དང་ར་སྲུང་གི་ལས་འགན་བཀལ་ནས་དབེན་པར་བཞུགས་སུ་བཅུག་པས་ཅུང་གུ་ཡངས་པའི་གོ་སྐབས་ཤིག་རྙེད་བྱུང་། དེ་ནས་དགུང་གྲངས་ལྔ་བཅུ་བཞེས་པ་ན་འཕགས་པའི་གནས་བརྟན་ཉེ་བ་འཁོར་གཉིས་པ་འདུལ་བ་འཛིན་པ་ཆེན་པོ་མཁན་རིག་གནས་དང་། གདོད་མའི་མགོན་པོ་རྗེ་བཙུན་ནོར་བུ་བསྟན་འཛིན་གྱི་ཉེ་གནས་མཁན་ཆེན་རིན་པོ་ཆེ་ཐུབ་བསྟན་ཚེ་དབང་སོགས་མཁན་སློབ་གྲངས་ཚང་གི་མདུན་ནས་ཁོང་རིན་པོ་ཆེ་དང་མགར་པ་པ་སྤོ་དཀོན་མཆོག་རྣམས་ཀྱིས་བསྙེན་རྫོགས་ཀྱི་སྡོམ་པ་ལྷན་དུ་བཞེས། ཁྱད་པར་དུ་ཁོང་རིན་པོ་ཆེ་ནི་འཇིག་རྟེན་གསར་རྙིང་ཀུན་དང་སྲིད་ཅུས་འཇམ་རྩུབ་གང་གི་སྐབས་སུའང་། སྡོམ་གསུམ་པདྨའི་ལྗོན་བཟང་ལ་ཉེས་ལྟུང་ཕྲ་མོའི་སད་སྐྱོན་མ་ཞུགས། འཆད་རྩོད་རྩོམ་པའི་མགྲིན་གླུ་ལ་དུས་ཀྱི་ཉེན་པས་རེ་འགར་མ་སོང་། ཐོས་བསམ་སྒོམ་པའི་སྒྲོ་མདངས་ལ་ཆོས་བརྒྱད་དུག་ཆུས་བཟི་ཁ་མ་ཕོག དྲན་ཤེས་བརྟན་པོའི་སྒོ་སྲུང་ལ་ཆགས་སྡང་འགོང་པོའི་མགོ་སྐོར་མ་ཐེབས་པ་ཞིག་ལགས་ཕྱིར། ཚུལ་ཁྲིམས་དག་པས་ལུས་ངག་གཙང་བ། ཤེས་རབ་དག་པས་ལུང་རིགས་ལ་མཁས་པ། ལྷག་བསམ་དག་པས་གཞན་ཕན་ལ་བརྩོན་པ། ཉམས་མྱོང་རྟོགས་པའི་གདེང་ཚད་དང་ལྡན་པ་ཞིག་ཀྱང་ཡིན་ནོ། །དུས་ཕྱིའི་བསྟན་པ་ཕྱི་དར་གྱི་སྐབས་སུའང་དཔལ་ལྡན་མཚུངས་པ་མེད་པའི་སྡེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་སྐུ་མདུན་ནས་ལོ་འཁོར་དུ་མའི་ཡུན་ལ། སྙིང་ཏིག་ཡབ་བཞིའི་དབང་། དཔལ་ལྡན་དུས་ཀྱི་འཁོར་ལོའི་དབང་། བཀའ་ཡོངས་རྫོགས་འདུས་པའི་དབང་། ལྕེ་བཙུན་སྙིང་ཐིག་གི་དབང་ཁྲིད་ལན་གཉིས། སྒྱུ་འཕྲུལ་གསང་བ་སྙིང་པོའི་དབང་སོགས་དབང་སྣ་ཚོགས་པ་དང་། གསང་སྙིང་ཕྱོགས་བཅུ་མུན་སེལ་དང་། སྤྱི་དོན་འོད་གསལ་སྙིང་པོ། གསང་སྙིང་མཛོད་ཀྱི་ལྡེ་མིག་གི་ཁྲིད་སོགས་ནས་རྒྱ་གཞུང་ཆེན་པོ་མངོན་རྟོགས་རྒྱན། འདུལ་བ་མདོ་རྩ་བ། མངོན་པ་མཛོད། སྤྱོད་འཇུག ཚད་མ་རིགས་གཏེར། མི་ཕམ་མཁས་འཇུག ངེས་ཤེས་སྒྲོན་མེ་སོགས་པས་མཚོན་ཏེ། སྨིན་གྲོལ་གྱི་ཟབ་ཁྲིད་རྣམས་ལེགས་པར་མནོས་ཤིང་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར། གཞན་ཡང་སྐྱབས་གཅིག་བླ་མ་བཀའ་དྲིན་ཅན་འཇམ་དབྱངས་ཤེས་རབ་རྒྱལ་མཚན་གྱི་སྐུ་མདུན་ནས་སྒྱུ་འཕྲུལ་གསང་སྙིང་གི་དབང་། སྙིང་ཐིག་དུམ་གཉིས་ཀྱི་དབང་། གོ་རམས་དབུ་མའི་སྤྱི་དོན། གླག་བླའི་བདེ་སྨོན་འགྲེལ་པ་སོགས་དང་། ཀཿ ཐོག་མཁན་རྒན་རིན་པོ་ཆེ་རྒྱལ་མཚན་འོད་ཟེར་ལས་ངག་ཆུང་སྙན་རྒྱུད། སྔོན་འགྲོ་སྨྲ་བའི་དགའ་སྟོན་སོགས་ཁྲིད་ལུང་ཅི་རིགས་པ་དང་། ཨ་འཛོམས་འབྲུག་པ་རིན་པོ་ཆེ་ཐུབ་བསྟན་པདྨ་ཕྲིན་ལས་ཀྱི་སྐུ་མདུན་ནས་ཡེ་ཤེས་བླ་མའི་སྨིན་ཁྲིད་ངག་ཆུང་སྙན་བརྒྱུད་གདམས་པ། ཀཿ ཐོག་རྨོག་སྤྲུལ་རྡོ་རྗེ་འཆང་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱི་སྐུ་མདུན་ནས་ཀཿ ཐོག་ཁྲིད་རྒན་མ་དང་། རིན་ཆེན་གཏེར་མཛོད་ཆེན་མོའི་དབང་། སྔ་འགྱུར་རྙིང་མ་རྒྱུད་འབུམ་གྱི་ལུང་སོགས་དང་། ཁྲ་གླིང་མཁན་རིན་པོ་ཆེ་པདྨ་བློ་གྲོས་ཀྱི་སྐུ་མདུན་ནས་འདུས་པ་མདོའི་དབང་དང་། ཀུན་གཟིགས་མི་ཕམ་པའི་བཀའ་འབུམ་ཡོངས་རྫོགས་ཀྱི་ཁྲིད་ལུང་། གནུབས་ཟུར་མཁན་ཆེན་འཇིགས་དབང་ལས་མི་ཕམ་མདོ་སྡེའི་རྒྱན་འགྲེལ། སོར་མདོའི་འགྲེལ་པ། འབྱེད་རྣམ་གཉིས་ཀྱི་འགྲེལ་པ། རྒྱུད་བླའི་འགྲེལ་པ་སོགས་དང་། ཀཿ ཐོག་ཉག་རོང་མཁན་པོ་ལས་ཆོས་དབྱིངས་མཛོད་དང་། མི་ཕམ་མངོན་པ་མཛོད་འགྲེལ། མཁན་སྒེག་པའི་མདུན་ནས་སྔོན་འགྲོ་ཀུན་བཏུས་དང་། ངག་ཆུང་སྔོན་འགྲོ། མཁན་སྒེག་རྡོར་གྱི་མདུན་ལས་ཆགས་མེད་མདོས་སྣ་དྲུག་ཅུ་སོགས་དང་། འབྲོག་རི་བོ་དགེ་ལྡན་པའི་མཁས་པ་ཆེན་པོ་སྒྲ་བ་དམ་ཆོས་ཀྱི་སྐུ་མདུན་ནས་དབྱངས་ཅན་སྒྲ་མདོ། གནས་ལྔ་རིག་པའི་དབང་ཕྱུག་ཁྲོ་རུ་ཚེ་རྣམ་གྱི་མདུན་ནས་དབྱངས་ཅན་སྒྲ་མདོ་སོགས་དང་། དེང་དུས་འཛམ་གླིང་གི་སྨན་རམས་གྲགས་ཅན་བཅུ་གཉིས་ཀྱི་ཡ་ཀྱལ་དུ་བགྲང་བའི་མཛོད་དགེ་ཨ་ཁུ་བསྟན་ཁོའི་སྐུ་མདུན་ནས་སྨན་རྒྱུད་བཞི། མཚན་ཉིད་དགོན་འཇམ་དཔལ་སྨྲ་སེང་གླིང་གི་དགེ་བཤེས་གྲགས་པ་ཀླུ་སྒྲུབ་དང་། ཀླུ་སྒྲུབ་འོད་གསལ་གཉིས་ཀྱི་མདུན་ནས་བསྡུས་གྲའི་སྐོར་དང་། རི་ཁྲོད་པ་ཁྲི་ཟུར་པ་ལས་ཀུན་རིག་གི་དབང་ནོད་པ་སོགས་ཐོས་བསམ་དང་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ། སྐུ་ཚེ་ཧྲིལ་པོར་རང་དོན་དུ་གྲོང་ཆོག་སོགས་འགྲིམས་ནས་དཀོར་ཟས་དང་འབུལ་བ་སྡུད་པ། ཆོས་བརྒྱད་རྗེས་བསྙེག་གིས་འགྲོ་དོན་ལ་རིང་བ་སོགས་རྒྱང་དུ་བསྲིངས། དེ་ཡང་ཁོང་སྐུ་ན་ཆུང་ངུའི་དུས་སུ་གཉེན་གྱིས་འབྲེལ་བ་དམ་པའི་ཨ་དཀར་དཀོན་མཆོག་བྱ་བའི་སྲིང་མོ་ཚེ་ལས་འདས་པའི་གཤིན་ཆོག་ལ་སྤུན་ཡེ་ཤེས་ཀྱིས་བོས་ཚེ། ཁོང་འགྲོ་མ་འདོད་པར་སྔ་ནུབ་འབྲོས་པར་བརྩམས་ཡང་མ་རྒན་གྱིས་རྟོགས་ནས་ཐབས་ཀྱིས་བྱོལ་བཏབ། ཕྱི་ཉིན་སྤུན་ཨ་དཀར་ཡེ་ཤེས་དང་ལྷན་ཁོའི་རེ་བསྐང་དུ་གཤིན་ཆོག་ལ་འབྱོན་དགོས་བྱུང་། (སྤུན་ཡེ་ཤེས་ནི་ཁོང་ཁྱིམ་མི་ཡོངས་ལ་གཞན་དང་མི་མཚུངས་པའི་འབྲེལ་ཤིན་ཏུ་ཟབ་པས་ངོ་བཟློག་མ་ནུས་པར་འགྲོ་དགོས་བྱུང་)ནའང་ཉིན་གཉིས་ཙམ་དུ་བཞུགས། དེའི་མཚན་མོ་ལྐོག་བྲོས་ཀྱིས་ཁོང་རང་གི་བཞུགས་མལ་དུ་ཕྱིར་ཕེབས། རྗེས་སོར་སྤུན་ཡེ་ཤེས་ཀྱིས་ཁྱོད་ཀྱིས་བདག་ལ་ཞེ་དགུའི་བདུན་ཁ་ཙམ་ཡང་དགང་རོགས་མ་བྱས་ཞེས་འཁང་ར་བཏང་ཡང་ཁོང་རིན་པོ་ཆེས་ཅང་མི་གསུངས་པར་དབུ་ཞུམ་ཞུམ་ལྟར་བཞུགས་སྐད། སྐུ་མཚམས་སོགས་སུ་བཞུགས་པའི་སྐབས་ཉིད་ན་གསུང་སྨྲ་བཅད་དང་གཞན་སུ་ལའང་འབྲེལ་འདྲིས་སོགས་སྤངས་ཏེ་ལོ་ངོ་དུ་མའི་རིང་ལ་མཚམས་རྒྱ་དམ་བཅད་མཛད་པ། ཚད་མ་རྣམ་འགྲེལ་གྱི་རྩ་བའང་ཐུགས་དམ་གཙོར་འཛིན་སྒོས་ཚར་གྲངས་སྟོང་ཕྲག་ལྷག་གི་གྲངས་བསགས་དང་། ཁྱད་པར་དུ་ཀུན་མཁྱེན་ཆེན་པོའི་ཆོས་དབྱིངས་རིན་པོ་ཆེའི་མཛོད་རྒྱུན་གྱི་ཞལ་འདོན་གནང་བ་སོགས་ཁ་དོན་དང་བཟླས་བརྗོད་སོགས་ལ་ཤིན་ཏུ་ཟབ་ནན་བྱེད་པ། མདོར་ན་ཐོས་བསམ་སྒོམ་གསུམ་དང་མཚམས་བསྙེན་སྒྲུབ་གང་ཐད་ནས་སུ་དང་མཚུངས་པ་མེད་པར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཏེ་དགེ་བའི་ཚོགས་ཀུན་རྫོགས་པར་བྱེད་པའི་སྒྲུབ་བརྩོན་པ་འདི་ལྟ་བུ་ཉིད་སའི་སྟེང་ན་དཀོན་པའི་ཚོད་དུ་སྣང་ངོ་། །གཞན་ཡང་སྐབས་འདིའི་ཞོར་འཕྲོས་སུ་ཁོང་རིན་པོ་ཆེར་མངོན་ཤེས་ཁྱད་པར་དུ་འཕགས་པ་མངའ་བའི་ཚུལ་ཡང་། དམངས་གཙོ་བཅོས་སྒྱུར་གྱི་མཇུག་རྙིང་བཞི་རྩད་བརླག་གི་སྐབས་དེར་བདུད་སྲིན་སྙིང་ལ་ཞུགས་པ་འགའ་འགས་འཇམ་དབྱངས་བླ་མ་རིན་པོ་ཆེ་ལ་ཉེས་མེད་ལྷིངས་འཛུགས་སྒོས་མུན་ནག་ཚེ་ཁྲིམས་ལ་སྦྱར་ཞིང་། ཕྱིར་འོང་ཞལ་མཇལ་གྱི་རེ་ཐག་ཆད་དེ་ལོ་འཁོར་ཇི་སྙེད་ཅིག་ལོན་པའི་དུས་ཉིན་ཞིག་ལ། ཁོང་གི་མདུན་དུ་ཚ་མོ་སླེབས་སྐབས་ངེད་ཚང་གི་ཤེར་ཁོ་ཐོན་འོང་གི་ད་མཐོ་བ་གནམ་དུ་འགྱུར་རྒྱུ་རེད་ཅེས་སྤྱན་ནམ་མཁར་ཅེར་གཟིགས་མཛད་ཀྱིན་ལན་གཉིས་བཟླས་བྱུང་ཟེར། དེ་ནས་ཆེར་མ་འགོར་བར་ཁོང་རིན་པོ་ཆེ་ཕྱིར་ཕེབས་གནང་སོང་ཟེར། ཡང་མཁན་རིན་པོ་ཆེ་ཁོང་མདུན་འཁོར་དང་བཅས་ཁྲེང་ཏོའུ་ལ་ཕེབས་ནས་ཁྲོ་རུ་ཚེ་རྣམ་གྱི་མདུན་དུ་དབྱངས་ཅན་སྒྲ་མདོ་དང་། ཨ་འཛོམས་རིན་པོ་ཆེའི་མདུན་ནས་ཡེ་ཤེས་བླ་མ་སོགས་ཀྱི་སྨིན་ཁྲིད་ཞུ་སྐབས། ཉིན་ཞིག་ཚ་བོ་ཚེ་ཁོ་གྲོང་ཁྱེར་ནང་དུ་འཆམ་འཆམ་ལ་སོང་། མི་རིགས་ཞིན་ཅང་ནས་ཡིན་པའི་ནག་ཚོགས་འགའ་དང་འཕྲད་པར་ཁོ་ཚོས་ཐོག་མར་ཚོང་པའི་ཟོལ་གྱིས་ཁམ་བུའི་ཐུད་སྦྲང་ཉོས་ཟེར། ཚེ་ཁོར་ཡང་མོས་མཐུན་བྱུང་ནས་སྦྲང་ཐུད་གཅད་པའི་མཚམས་བཞག ཁོ་ཚོས་གསེག་གིས་བཅད་དེ་ཚད་ལས་བརྒལ་བ་རྒྱ་ཁར་ཕུད་ནས་རིན་འདི་འབབ་འདུག་ཟེར་ནས་བཙན་གྱིས་མགོར་བཀལ། དེ་དུས་འདི་ཙམ་ཆད་མེད་བྱས་པས་ཐམས་ཅད་འཛིང་རྩོད་དུ་གྱུར། དེ་མ་ཐག་གྲི་རིང་དག་ཤུབས་ལས་བཏོན་ཏེ་དེ་དག་གིས་ཕྱོགས་རུབ་བརྒྱབ་ནས། ད་ཁྱོད་གསོད་དོ་ཞེས་གྲི་རྩེ་སྐེར་གཟས་ཚེ་ཅུང་དངངས་པ་ལྟར་བྱུང་ཟེར། མྱུར་བར་གཟན་འོག་ནས་གྲི་ཐུང་ཞིག་ལེན་པར་བརྩམས་པ་ན་ཁོ་ཚོས་བོའུ་ཐུང་ལ་ནོར་ནས་ཕྱིར་བཀྱེད་བྱེད་བཞིན། ཁ་ནས་རྒྱོབས་ཡ་རྒྱོབས་ཡ་ཟེར་བཞིན་ཕྱི་ཕྱིར་བྱེར་སོང་། མཐར་ཐམས་ཅད་ནང་འདུམ་པ་ལྟར་བྱུང་ནས་རིན་གོང་མར་ཕབ་ནས་ཉོ་དགོས་བྱུང་། ཡིན་ཡང་སྒོར་གཅིག་བཙན་གྱིས་འཕྲོག་ཤོར། དེ་ནས་སྦྲང་དེ་ཉུང་ཙམ་ཟོས་ཀྱང་དེ་ཙམ་ཞིམ་པ་ཡང་མི་འདུག་མ་ཟོས་ཟེར། དེའི་སྐབས་སུ་གློ་བུར་དུ་མཁན་རིན་པོ་ཆེས་མདུན་འཁོར་པདྨ་ལྷུན་གྲུབ་སོགས་ལ་ད་ལྟ་ད་ལྟ་མྱུར་བ་མྱུར་བར་ཚེ་ཁོ་འཚོལ་དུ་འགྲོ་དགོས་ཞེས་བཀའ་གནང་ཕེབས་པ་ལ། ཐམས་ཅད་ཀྱིས་ད་ངེད་ཚོས་བཙལ་བས་མི་རྙེད་ཅུང་ཙམ་ནས་ཁོ་ཐོན་འོང་ངེས། ཉིན་ཉིན་འདི་ལྟར་འགྲོ་ཡིན་འདུག་བྱས་པས། ད་ང་རང་འཚོལ་དུ་འགྲོ་གསུངས་ནས་ཁོང་ཡར་བཞེངས་ཏེ་ཕྱིར་ཐོན་ནས་སྡོད་ཁང་ར་བའི་ནང་ཀུན་ཏུ་ཕར་ཚུར་བྱོན་འཆག་བྱེད་པ་ན་ཡུན་རིང་མ་འགོར་བར་ཚེ་ཁོ་ཐོན་བྱུང་། དེ་ནས་ཐམས་ཅད་སེམས་ལྷོད་ལ་བབས་ནས་ཡར་ཁྱིམ་དུ་ལོག མཁན་ཐུབ་བསྟན་འོད་ཟེར་གྱིས་ཚེ་ཁོར་ཁྱོད་ད་ཕན་ཆད་ནས་ཕྱི་དྲོ་དུས་ཚོད་བཞི་ཕན་འགོར་མི་ཆོག་མཁན་པོས་ཐུགས་ཁུར་བྱེད་ཀྱིན་འདུག་ཅེས་ཁྲིམས་བཅས། ཚེ་ཁོས་ནི་རང་གི་ལོ་རྒྱུས་དེ་དག་ལ་མ་བཤད་པར་མགོ་སྒུར་སྒུར་གྱིས་བསྡད་པ་ཡིན་ཟེར། ཕྱིས་ཚུལ་དེ་ཞིབ་བཤད་མཛད་པས་ཐམས་ཅད་ཀྱིས་ཁྱོད་ལ་དེ་ཡག་འདུག ནམ་རྒྱུན་ཡིན་ན་ཁྱོད་ཕྱིར་འོང་སྐབས་ངེད་ཅག་ལ་ཕ་འབབ་ཅི་ཡང་མེད་དེའི་ཉིན་ཐུད་སྦྲང་ཞིམ་པོ་ཞིག་སྦྱིན་སོང་ཟེར་ནས་བཞད་གད་བྱེད་ཟེར། དེ་དང་འདྲ་བའི་མཁྱེན་པ་མང་དུ་བདོག་ཀྱང་འདི་སྐོར་མཚོན་ཙམ་བཀོད་པའོ།།

   WechatIMG2746.jpeg

   གསུམ་པ་གཞན་དོན་གདུལ་བྱའི་དཔལ་དུ་བཞུགས་ནས་བཤད་སྒྲུབ་ལས་གསུམ་གྱིས་བསྟན་པ་ཇི་ལྟར་སྤེལ་བའི་ཚུལ་ནི། སྤྱིར་དགོན་པ་འདིའི་བདག་པོ་རྗེ་བཙུན་འཇམ་དབྱངས་བླ་མ་བཀའ་དྲིན་ཅན་གྱིས་མཛད་ནས། ད་ལྟའི་བར་དུ་ཁོང་སྐུ་མཆེད་གཉིས་དང་མཁན་རིན་པོ་ཆེ་ཐུབ་བསྟན་ཚེ་དབང་སོགས་འདུལ་འཛིན་གནས་བརྟན་ཆེན་པོ་རྣམས་ཀྱིས་ཐུགས་དགོངས་གཅིག་མཐུན་གྱིས། འདུས་པའི་སྡེ་ཡོངས་རྫོགས་ལ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བྱིན་པའི་གྲངས་ཚད་ཀྱང་། མ་དགོན་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་དང་བུ་དགོན་སེང་ཁྲི་སོགས་དགོན་མ་ལག་དང་བཅས་པ། དེ་ལས་གཞན་ཕྱོགས་ཡོང་དང་བཅས་སྡོམ་ན་ཕལ་ཆེར་ངུར་སྨྲིག་རབ་བྱུང་གི་སྡེའི་གྲངས་སྟོང་ཕྲག་གསུམ་ཕྱེད་ནས་བཞིར་ཟིན་པ་ཙམ་ལ་ཁོང་གིས་བསླབ་པ་སྦྱིན་པའི་མཁན་པོའི་ཐུགས་འགན་ཆེད་བཞེས་སྒོས་དགེ་ཚུལ་སློང་གི་དངོས་པོར་བསྒྲུབས་པ་འདི་ལྟ་བུ་དགོན་པ་གཅིག་གི་ངོས་ཐད་ལ་མཚོན་ན་སངས་རྒྱས་ཀྱི་བསྟན་པར་བཞག་པའི་ཕྱག་རྗེས་ཆེས་ངོ་མཚར་བསུབ་ཏུ་མེད་པ་ཞིག་བསྐྲུན་པ་ཡིན་ནོ། །ཡང་ཁོང་ཡུལ་བླ་མ་རུང་དུ་བླ་མ་ཡིད་བཞིན་ནོར་བུའི་མདུན་དུ་བཞུགས་ནས་ལོ་འཁོར་དུ་མ་ཟིན་པའི་དུས་དེ་ཙ་ན། རྗེ་བཙུན་བླ་མ་པྲ་ཛྙཱ་དྷྭ་ཛ་རིན་པོ་ཆེས་ཁོང་གི་བླ་མ་རྣམ་གཉིས་ཀྱི་བསྟན་པ་གསང་བ་སྙིང་ཐིག་གི་རང་རྐང་རྨ་མེད་ཅིག་འཛིན་པ་ལ་གྲོགས་དན་པར་གཟིགས་ཏེ། ལས་ཐོག་འགན་འཛིན་པར་གདན་ཞུས་གནང་བ་ལྟར། བླ་མ་ཡིད་བཞིན་ནོར་བུས་ཀྱང་ཐུགས་དགྱེས་པའི་ངང་ནས་ད་ནི་ཁྱེད་ཀྱིས་སྐུ་ཚེ་ཧྲིལ་པོར་འཁོར་བུ་སློབ་ཀྱི་ཚོགས་པ་རྒྱ་ཆེར་བསྐྱངས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཆད་ཉན་སྒོམ་སྒྲུབ་ཀྱིས་འཛིན་དགོས་ཞེས་བཀས་བསྐུལ་པ་ལྟར། ཕྱིར་རང་དགོན་དུ་ཕེབས་ནས་ལས་ཐོག་མཁན་ཁྲིའི་ཐུགས་འགན་བཞེས་ཏེ། རང་ལུགས་ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་ནང་རྒྱུད་རིན་པོ་ཆེ་སྡེ་གསུམ་གྱི་དགོངས་གནད་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཡབ་སྲས་བརྒྱུད་པ་དང་བཅས་པའི་གཞུང་ཀུན་དང་། མདོ་ཕར་ཕྱིན་ཐེག་པའི་ཕྱོགས་རྒྱལ་སྲས་གཞན་ཕན་ཆོས་ཀྱི་སྣང་བའི་བཞེད་པ་གཙོར་བཞག་གི་སྟེང་ནས་ཀུན་གཟིགས་མི་ཕམ་རིན་པོ་ཆེའི་གཞུང་འགྲེལ་དབུ་ཕར་འདུལ་མངོན་ཚད་མ་སོགས་རྒྱ་གཞུང་ཆེན་པོ་བཅུ་གསུམ་དང་། ད་དུང་ས་དགེ་བཀའ་རྙིང་ཇོ་ནང་སོགས་ཀྱི་གཞུང་ཀུན་ལ་རིས་ཆོད་ཀྱི་ཕྱོགས་ལྷུང་མེད་པར་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་དང་སྒོམ་སྒྲུབ་ཀྱིས་རྒྱུན་བསྐྱངས། བླ་མ་ཚེ་དབང་རིག་འཛིན་གྱི་གདན་ས་སེང་ཁྲི་དགོན་ལ་ལན་དུ་མར་ཕེབས་ནས་དགོན་གཞུང་བླ་གྲྭ་ཡོངས་དང་བཤད་གྲྭ་ཁག་སོགས་དགེ་འདུན་པའི་སྡེ་བརྒྱ་ཕྲག་དུ་མར་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བསྩལད་ཅིང་གསུང་ཆོས་ཀྱི་བདུད་རྩིས་བསྐྱངས། གནས་ལྔ་རིག་པའི་པཎྜི་ཏ་ཁྲོ་རུ་ཚེ་རྣམ་ལགས་ཀྱིས་པེ་ཅིང་ནང་བསྟན་སློབ་གླིང་གི་འཆད་ཁྲིད་པའི་སློབ་དཔོན་དུ་གདན་ཞུས་གནང་ཞིང་སྔ་འགྱུར་གསང་ཆེན་རྙིང་མ་པ་དང་འགྲོ་མགོན་བཀའ་བརྒྱུད་པ་གཉིས་ཀྱི་བཞུགས་གདན་གཏད་ཅིང་སྔ་ཕྱིར་ལན་གཉིས་སུ་ཕེབས་ཤིང་མཁས་པའི་གྲགས་པ་རབ་ཏུ་རྒྱས། དུས་གཏན་དུ་ཉམ་ཐག་པའི་སེམས་ཅན་ཀུན་ལ་བརྩེ་བའི་རྗེས་སུ་བཟུང་ཚུལ་ཡང་རྒྱལ་ཁབ་འདིའི་སྲིད་ཅུས་དམ་དྲགས་པའི་སྐབས་ས་ཆེན་པོའི་ཁྱོན་ཀུན་ཏུ་ལྟོ་རྒྱབ་ཀྱིས་ཆེས་ཆེར་ཕོངས་ནས་ལྟོག་གྲི་དང་འཁྱག་གྲིར་ཤི་བའི་དུས་སུའང་སྐུའི་ཚ་མོ་ཀོ་ཙུ་བྱ་བས་ཁོང་རིན་པོ་ཆེ་སྐུ་མཆེད་ཟུང་དང་མ་རྒན་སོགས་ཁྱིམ་མི་གང་བོ་འཚོ་ཆེད་དུ་བེའུ་ལྟོས་རྣམས་བཞོ་བཏེགས་ཀྱིས་ཅུང་མནར་ཆེས་ཙམ་བྱུང་དུས་ཁོང་གིས་བེའུ་རྣམས་མར་བསྣུན་པས། ལན་དུ་མར་ཚ་ཞིང་གཉིས་ཁ་རྩོད་བྱེད་དགོས་བྱུང་། ཕྱིས་མོས་ངས་ཨ་ཞིང་ལ་ཚིག་རྩོད་ལན་མང་བྱས་པའི་ཉེས་པ་བསགས་ཡོད་ཅེས་ཡང་ཡང་འགྱོད་འགྱོད་ལྟར་བྱེད་ཅེས་ལབ་པའང་ཡོད། འདི་ནས་ལོ་འཁོར་དུ་མའི་ཡར་སྔོན་དུ་དགོན་འདིའི་ལྷ་སྡེ་གསེར་དེའུ་དང་། རྨེ་བ། སྦྲ་ཆེན། ཨ་མོས་སོགས་སུ་ཕེབས་ནས་ཟོག་ལུག་སོགས་སྒོ་བཤས་དང་རྒྱ་བཤས་སོགས་རྒྱུན་གཅོད་དང་། ཉུང་དུ་བཏང་བ་སོགས་ཉམ་ཐག་པའི་དུད་འགྲོའི་མགོན་དང་དཔུང་གཉེན་ཀྱང་མཛད། ཁྱད་པར་དུ་དེང་དུས་ཀྱི་སྐབས་འདིར་རང་ཅག་མདོ་སྨད་རྨེ་གླིང་གི་གཙོས་ཡུལ་ཕྱོགས་འདིའི་ཕན་བདེ་མ་ལུས་པའི་འབྱུང་གནས་དཔལ་ལྡན་རྒྱལ་བ་ཀུན་གྱི་གདུང་འཚོབ། ཨོ་རྒྱན་སངས་རྒྱས་གཉིས་པ་ངེས་པ་དོན་གྱི་བཤེས་གཉེན་གྱི་སྐུར་སྣང་བ། མཚན་བརྗོད་པར་དཀའ་ནའང་དོན་གྱི་སླད་དུ་མཚན་ནས་སྨོས་ན་ ༸འཇམ་དབྱངས་བླ་མ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་རེ་ཞིག་གདུལ་བྱའི་ལྷག་མ་རྫོགས་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པས། བདག་ཅག་རེ་ལྟོས་པའི་ལྟ་བར་བྱེད་པའི་མིག་ལྡོང་། དྲན་པར་བྱེད་པའི་སེམས་སྟོར། ཁུར་ཆེན་སྡུག་གིས་ནོན་ཆེས་པའི་སྐབས་ཉིད་ན། མ་དགོན་དཔལ་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་ངམ་ཐུབ་བསྟན་མཁྱེན་བརྩེ་ཀུན་འདུས་མཁས་མང་འཇམ་དཔལ་རྒྱ་མཚོའི་ཞིང་དང་། བུ་དགོན་ཀུན་མཁྱེན་བཤད་སྒྲུབ་དར་རྒྱས་བསམ་འཕེལ་གླིང་། སེང་ཁྲི་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་ཆོས་འཁོར་གླིང་སོགས་དགོན་ལྷ་སྡེ་དང་བཅས་པའི་སྤྱི་དཔལ་དམ་པར་མཁན་ཆེན་ཆོས་ཀྱི་རྒྱལ་པོ་ཁོང་ཉིད་བཞུགས་ནས། འཇམ་དབྱངས་བླ་མ་བཀའ་དྲིན་ཅན་གྱིས་བསྟན་པ་གཏད་ཅིང་འདའ་ཀའི་ཞལ་ཆེམས་སུ་བཞག་པའི་རེ་བ་བཞིན་འདུས་པའི་སྡེ་ཡོངས་སུ་རྫོགས་པར་སྙིང་ཏིག་ཡ་བཞི་དང་། སྒྱུ་འཕྲུལ་གསང་སྙིང་། སྙིང་ཐིག་དུམ་གཉིས།  ལྕེ་བཙུན་སྙིང་ཐིག་གི་ཁྲིད། རྫོགས་པ་ཆེན་པོ་ཡེ་ཤེས་བླ་མའི་སྨིན་ཁྲིད། གུ་རུ་ཀརྨ་གླིང་པའི་བར་དོའི་དྲུག་གི་ཁྲིད་སོགས་ཀྱི་སྨིན་བྱེད་དབང་གི་ཆུ་བོའི་ཆར་ཕབ། གྲོལ་བྱེད་ཁྲིད་ཀྱི་གདམས་པས་མཛོད་ཕྱེས། རྒྱབ་བརྟེན་ལུང་གི་རྒྱུན་གྱིས་ཁོག་བསྲིངས་པ་དང་། དེ་ལས་གཞན་ཡང་འབངས་མི་ལྷ་སྡེ་དག་ལའང་གསོན་པོའི་རིམ་གྲོ། གཤིན་པོའི་ལམ་སྟོན་གྱི་ས་མཁན་པར་བཞུགས་ནས་སྐྱབས་གཅིག་འཁོར་ལོས་མགོན་པོའི་གདུལ་བྱ་བདག་གིར་བཞེས་ཤིང་མཛད་ཕྲིན་ཉི་ཟླའི་སྣང་བ་ཕྱོགས་སུ་སྤྲོ་བཞིན་བཞུགས་པ་འདི་ཉིད་ལགས་སོ། །གཞན་ཡང་ཁོང་གི་གསུང་ལས་སྐྱེས་པའི་ཐུགས་ཟིན་སྲས་ཀྱི་གཙོ་བོ། ཧོར་གཙང་བྱ་བྲལ་པ་མཁན་ཆེན་དམ་པ་བསམ་གཏན་རྒྱ་མཚོ། བསྟན་པའི་མངའ་བདག་མདོ་སྤྲུལ་མཁས་གྲུབ་འགྲན་བྲལ། སྤྲུལ་པའི་སྐུ་རིན་པོ་ཆེ་རྣལ་འབྱོར་པ་རྟོགས་པའི་དབང་ཕྱུག་འཇམ་དབྱངས་རྒྱལ་བ་རྒྱ་མཚོ། སྤྲུལ་པའི་སྐུ་རིན་པོ་ཆེ་འཇིགས་མེད་དོན་འགྲུབ། སྤྲུལ་པའི་སྐུ་རིན་པོ་ཆེ་འཇམ་དཔལ་དགྱེས་པ་བསྟན་འཛིན་ནོར་བུ། རང་དགོན་འདིའི་མཁན་ཆེན་དམ་པ་ཆོས་དབྱིངས་མགོན་པོ། མཁན་ཆེན་དཀོན་མཆོག་ཚེ་རིང་། མཁན་ཆེན་འཇིགས་མེད་བློ་གྲོས། མཁན་ཆེན་བློ་གྲོས་རྒྱལ་མཚན། མཁན་ཆེན་བྱང་ཆུབ་རྒྱལ་མཚན། མཁན་ཆེན་པདྨ་དབང་སྡུད། མཁན་ཆེན་ཐུབ་བསྟན་འོད་ཟེར། ཁ་ཤུལ་མཁན་པོ་སྐལ་བཟང་། སྤྲུལ་པའི་སྐུ་རིན་པོ་ཆེ་ཏིང་འཛིན་བཟང་པོ། འབར་ཁམས་སྤྲུལ་པའི་སྐུ་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོ། སྤྲུལ་པའི་སྐུ་རིན་པོ་ཆེ་འཇམ་དཔལ་ཤེས་རབ་རབ་གསལ། ཉག་རོང་སྒྲ་བ་འཇམ་དབྱངས། སྒྲུབ་གྲྭའི་བླ་མ་ཀུན་གྲོལ། དབེན་རི་པ་གནུབས་ཟུར་ཆོས་དབྱིངས་རང་གྲོལ། བྱ་བྲལ་བླ་མ་ཁོ་པ། ཚེ་གང་སྙིང་པོའི་སྒྲུབ་བརྩོན་པ་མཁན་སྦྱིན་པ་སོགས་དང་། ད་དུང་ཁོང་རིན་པོ་ཆེའི་གསུང་གི་བདུད་རྩི་མྱོང་བའི་སློབ་སྐོར་ལ་བླ་རུང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས། མཁན་ཆེན་བསོད་དར་རྒྱས། མཁན་ཆེན་འཆི་མེད་རིག་འཛིན། མཁན་པོ་སྒེག་རྡོར་སོགས་མཁན་སྤྲུལ་ཆེ་རིམ་པའི་ཁག་དང། འགོ་ལོག་སྤྲུལ་སྐུ་ཧཱུཾ་ཀར་རྡོ་རྗེ། རི་བོ་དགེ་ལྡན་པའི་བྱམས་མེ་སྐུ་རབས་ལྔ་པ་བློ་བཟང་འཇམ་དབྱངས་རྒྱ་མཚོ། སོག་ཚང་སྐུ་རབས་བརྒྱད་པ་ཤེས་རབ་བསྟན་འཛིན་རྒྱ་མཚོ། གཡུང་དྲུངས་པ་སྣང་ཞུགས་སྤྲུལ་སྐུ་སྐལ་བཟང་བློ་གྲོས་རྒྱ་མཚོ་སོགས་པེ་ཅིང་བོད་བརྒྱུད་ནང་བསྟན་མཐོ་རིམ་ནང་བསྟན་སློབ་གླིང་ན་ཕྱི་ལོ་ཉིས་སྟོང་ཐིག་ཐིག་ལོ་དང་ཉིས་སྟོང་ཐིག་གཉིས་ལོར་སློབ་གཉེར་བར་བཞུགས་པའི་བོད་བརྒྱུད་གྲུབ་མཐའ་ཡོངས་རྫོགས་ཀྱི་བླ་སྤྲུལ་རྣམས་དང་། སེང་ཁྲིའི་མཁན་པོ་མཁན་པོ་འཇམ་དབྱངས་དགེ་འདུན། མཁན་པོ་ཆོས་ཀྱི་དབང་ཕྱུག བྱ་བྲལ་པ་ཡིད་བཞིན་རྒྱ་མཚོ་སོགས་མཁན་སྤྲུལ་ཡོངས་རྫོགས་དང་། འབར་ཁམས་མཁན་པོ་བཀྲ་ཤིས་རྒྱ་མཚོ་སོགས་མཁས་པའི་དབང་ཕྱུག གྲུབ་པའི་རྣལ་འབྱོར། རྣམ་པར་དག་པའི་ཆོས་པ་སོགས་བགྲང་གིས་མི་ལངས་པ་དག་ཡོད་ཀྱང་འདིར་ནི་བསྟན་འགྲོ་ལ་ཕན་པའི་ཕྲིན་ལས་ཁུར་དུ་བཞེས་པ་རྣམས་ཀྱི་མཚན་ཙམ་གཙོ་བོར་སྨྲོས་པ་ཡིན་ནོ། །ཁོང་གི་མཛད་པའི་གསུང་ཆོས་ལ། ལྷར་བཅས་ལུས་ཅན་ཀུན་གྱིས་ཚོགས་གཉིས་བསགས་པའི་ཞིང་ས་བཟང་པོ་དཔལ་ལྡན་བྱང་ཆུབ་མཆོད་རྟེན་ནམ་བདུད་ལས་རྣམ་པར་རྒྱལ་བའི་མཆོད་རྟེན་གྱི་དཀར་ཆག་བླུན་པོ་འཛུམ་ཤོར། འགྲོ་བ་རྣམས་ཀྱི་དད་པའི་མྱུ་གུ་ཁ་འབྱེད་པའི་མཆོད་རྟེན་བཞེངས་པའི་ཕན་ཡོན་གྱི་གཏམ་ཟླ་བའི་བསིལ་ཟེར། ཆུ་མཆོད་ཀྱི་ཕན་ཡོན་དང་འབུལ་ཚུལ། བཀའ་པོད་ལྔའི་འཆད་ཉན་གྱི་གཡང་འབོད་ལྷན་ཐབས་དང་བཅས་པ། སོ་ཐར་སྡོམ་རྒྱུད་ཁ་སྐོང་། རྒྱ་གཞུང་རྣམས་ལ་ལྟ་བར་བསྐུལ་བ་བུང་བའི་གླུ་ཆུང་། གསང་ཆེན་རྙིང་མའི་ཆོས་སྡེ་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་གི་སྐྱབས་མགོན་དམ་པ་མཁན་ཆེན་ཚེ་དབང་རིག་འཛིན་མཆོག་སྤྱི་ལོ་(༡༩༥༨)ལོར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པའི་ཚུལ་སྐབས་དེ་དུས་ཀྱི་རྒན་པོ་མཐོང་ཐོས་ཡོད་པ་རྣམས་ཀྱིས་མ་བཅོས་བདེན་པར་བརྗོད་པའི་གཏམ་སོགས་བཞུགས། གོང་སྨོས་ཀྱི་ལོ་རྒྱུས་ཚང་མ་ཁོང་རིན་པོ་ཆེ་དང་སྐུ་ཚེ་གང་པོར་འབྲེལ་འདྲེས་དང་རྒྱུས་མངའ་ཆེ་བ་ཁྱད་པར་དུ་ཉེ་གནས་མདུན་ན་འདོན་གཙོ་བོར་གྱུར་པ་རྣམས་ཀྱི་ཞལ་རྒྱུན་ལྟར་བཀོད་པ་ཡིན་ནོ།།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།