ཕྱོགས་གཅིག་ཏུ་གཡོ་བའི་དབྱངས་རྟ།

7F0C6538%40FF71C132.D7483760_recompress.jpg

ལམ་ནི་རིང་ཞིང་ཐུང་བའི་ཚེ་གཅིག་སྟེ།།

སྙིང་དུ་སྡུག་པའི་དམ་བཅའ་མང་བོ་ཞིག།

ལག་པས་བཏེགས་ཤིང་སེམས་ཀྱིས་གཉོར་བ་ན།།

ཚོར་བའི་གསེང་ལ་དྲོད་ཀྱི་ཚ་རྒྱུག་ཅིང་།།

རྩ་རྒྱུས་གསེབ་ལ་འཁྱག་པའི་དར་ཆགས་ཏེ།།

རྨི་ལམ་ལྟ་བུའི་སྐུད་པ་ཆད་གྱུར་ནས།།

དབྱངས་སུ་འགུག་པའི་མགྲིན་པ་འགག་པ་ན།།

ངོ་མདོག་གྱུར་བའི་མི་ཚོགས་ཁྲི་སྟོང་གིས།།

ཧད་ཀྱིས་འཕྱ་ཞིང་དགོད་པའི་ཉམས་སྟོན་བཞིན།།

རྒྱང་ལ་འཁུར་བའི་རྒྱབ་གཟུགས་ཕྱེད་ཀ་རེས།།

ཁྱོད་ལ་ན་ཟུག་འཇོག་བཞིན་མིག་ཆུ་བསླངས།།

སྐབས་དེར་སྤྲིན་གྱི་ཟླ་བ་མག་མོག་གིས།།

དགུན་ཟླ་ཚེས་པས་གྲང་ལ་འཇིགས་པའམ།།

སྟོང་བའི་དབྱིངས་ཀྱི་ཁ་དོག་གློ་ཁ་ཡིས།།

མཐའ་བཞིའི་སེམས་པ་འཁྱག་སིབ་སིབ་ཏུ་བཏང་།།

ལག་པ་འཁྱག་པས་ལོ་ཟླ་སྐྱོར་བཞིན་དུ།།

མིག་ཟུང་ཆུང་ངུས་རྒྱང་རིང་བསམ་བཞིན་དུ།།

ཞེ་ལ་བཞད་པའི་ཀུ་རེ་ཐེངས་མང་བྱས།།

སྡུག་ལ་ཐུག་པའི་ཚིག་འབྲུས་ཤོག་ངོས་བཀང་།།

གཏད་སོ་མེད་པའི་ལྷིང་འཇགས་རིང་མོ་འདིས།།

མེ་ལོང་ནང་གི་རང་ལ་བལྟས་པ་ན།།

མཚམས་རེར་བགད་ཅིང་མཚམས་རེར་ངུ་བསམ་མོ།།

ལས་ཀྱི་གྲིབ་སོ་སྟོང་བའི་ཐང་ན་འདར།།

དབྱངས་ཀྱི་རླབས་རིས་གཙང་བོའི་ཁ་ན་གཡོ།།

ཕ་མཐའ་མེད་པའི་ཚེ་སྲོག་གྲངས་མེད་ཅིག།

ང་དང་ལྷན་དུ་རྒྱང་ནས་རྒྱང་ལ་བཞུད།།

སྐྲ་ཡི་འདབ་ལོ་ཁ་བར་མ་གྱུར་ཡང་།།

བརྒལ་བའི་ལོ་ཟླ་ཧ་ཅང་རིང་སོང་འདོད།།

ཐོད་ལ་བྲིས་པའི་ཁ་ཡིག་ནག་པོ་ཡིས།།

ཉི་མའི་འོད་ཐིག་གསལ་དང་མ་གསལ་བར།།

གདོན་གྱི་ཆོ་འཕྲུལ་མངའ་བའི་བྱེ་ཐང་དུ།།

སྒྱུ་མའི་རྟ་གླང་སེམས་ཀྱིས་འཚོས་གྱུར་ནས།།

དྭངས་གསལ་ཆུ་ཡི་སྐོམ་པ་སེལ་བར་བྱས།།

གྲང་བའི་རླུང་བུ་སྒོ་ཡི་གསེབ་ནས་ལྡང་།།

དུས་ཀྱི་དྲན་པ་ཡ་ཆུང་སྙིང་ལ་ཟུག།

དབྱངས་ཅན་ལྷ་མོས་པི་ཝང་འཛིན་བཞིན་དུ།།

ཚིག་གི་ཞགས་པ་ང་ཡི་ཕྱོགས་སར་བསྐྱངས།།

ང་ཡིས་ཚིག་གི་རྨི་ལམ་ཀུན་བཞེངས་ཏེ།།

རྨི་ལམ་ངོས་ཀྱི་ཁྱེད་རང་དྲན་པ་ན།།

དགོད་སྒྲར་འདྲེས་པའི་ཞེན་ཆགས་ལྕི་མོ་དེས།།

ཚེ་ཡི་འདུ་བྱེད་ཀུན་ཀྱང་སྟོང་གྱུར་ན།།

ང་ཡི་རྣམ་ཤེས་དེ་ལྟར་འཆི་སྲིད་པས།།

གཏམ་རྒྱུད་ཁྲག་ཏུ་བཞུར་བའི་འཇིག་རྟེན་ནས།།

རི་དང་ལུང་བར་མུན་པ་ཡང་དུ་འཐིབ།།

                            ཕྱི་ལོ་2021ལོའི་ཟླ་1ཚེས་26ཉིན།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།