གདུང་འབོད་ཅོ་ཀའི་མགྲིན་སྒྲ།

WechatIMG80.jpeg

འཁྲིལ་ལྡེམ་སྐུ་ཡི་ལྕུག་ཕྲན་ཡིད་འོང་གི་རྩེ་དགའ། །མཛེས་སྡུག་ཞལ་རས་པདྨོའི་འཛུམ་དཀར་གྱི་གདོང་ནས། །ངག་དབང་དབྱངས་ཀྱི་དཔལ་ཡོན་འབད་མེད་དུ་སྩོལ་མཁས། །ཚངས་སྲས་དབྱངས་ལྡན་བུ་མོ་སྙིང་དབུས་སུ་བཞུགས་ཤིག །མཁྱེན་རབ་དམར་འོད་གློག་གི་ལྕུག་ཕྲན་གྱི་གར་སྟབས། །མཁས་དབང་འབུམ་ཕྲག་ཡིད་ཀྱི་ལྷ་ལམ་ན་རྩེན་པ། །གྲགས་སྙན་ཆུ་ཁུར་གླལ་བའི་ངར་སྐད་ལ་འཕྱ་བའི། །བཤེས་གཉེན་རྨོངས་པའི་མུན་སེལ་བླ་མ་ཁྱེད་དྲན་བྱུང་། །ལྔ་རིག་བ་ཀུ་ལ་ཡི་མེ་ཏོག་གི་འགྲམ་པར།།རྣམ་དཔྱོད་མཛེས་མའི་བུར་ཆང་ཟེགས་མ་ཡི་གྲོལ་མཛད།།བཤེས་གཉེན་སྨྲ་བའི་ཟླ་བ་གདུང་སེལ་གྱི་བདུད་རྩི།།ཡང་ཡང་སྙིང་དབུས་ཐིག་ལེར་བརྗེད་མེད་དུ་དྲན་བྱུང་།།མཁྱེན་རབ་གཡུ་ཡི་རལ་ཁུར་གཉའ་བ་རུ་ཁེབས་ཤིང་།།རྩོད་ངག་གླལ་བའི་ང་རོ་འབྲུག་སྟོང་བཞིན་བསྒྲགས་པས།།ལོག་སྨྲ་ཝ་སྐྱེས་ཀླད་རྒྱ་ཅིག་ཅར་དུ་འགེམས་མཛད།།བཤེས་གཉེན་སྨྲ་བའི་སེང་ཆེན་བླ་མ་ཁྱེད་དྲན་བྱུང་།།འབུམ་ཕྲག་སློབ་བུ་ངང་མོའི་ཁྱུ་ཚོགས་ཀྱི་འདོད་མོས།།གང་ལ་གང་འདོད་ཤེས་རིག་སྦྲང་ཆར་གྱི་ཟེགས་མ།།འཛད་མེད་ཉལ་འགྲོའི་རྒྱུན་གྱི་ཟླ་བོར་རུ་འཕགས་པའི།།བཤེས་གཉེན་ཆུ་འཛིན་ལྷུན་པོ་ཁྱེད་ཉིད་རང་དྲན་བྱུང་།།འཆད་ན་རླབས་ཀྱི་གར་འཛིན་རི་གཟར་གྱི་འབབ་ཆུ།།རྩོད་ན་དམར་བའི་འོད་ཕྲེང་བདེ་མཐོང་གི་ལྕུག་མ།།རྩོམ་ན་སྙན་འཇེབས་སྒྲ་ལྡན་འབུམ་ཕྲག་གི་གླིང་བུ།།འགྲན་བྲལ་དཔལ་ལྡན་བླ་མ་སྙིང་དབུས་སུ་འཆར་བྱུང་།།ཁྱད་པར་གངས་ལྗོངས་ཤེས་རིག་སྣུམ་ཟད་ཀྱི་མར་མེ།།རིག་གསར་རླུང་ནག་འཚུབ་མས་མར་མར་དུ་བྲི་དུས།།ཁྱེད་ཀྱིས་རླབས་ཆེན་ཐུགས་སྟོབས་ནུས་པ་ལ་བརྟེན་ནས།།ཆོས་རིག་འཛམ་གླིང་རྒྱན་གྱི་རྩེ་མོ་རུ་འགོད་སོང་།།ཁྱེད་ཀྱི་གསང་གསུམ་ཡོན་ཏན་ཆུ་གཏེར་གྱི་རྒྱ་མཚོ།།ཐོས་ཆུང་ངང་མོའི་གཤོག་པའི་གཞལ་བྱ་རང་མ་ཡིན།།འོན་ཏང་ཁྱེད་ཉིད་དྲན་པའི་གདུང་དབྱངས་ཀྱི་མགྲིན་སྒྲ།།དབང་མེད་མགྲིན་པའི་ཕུགས་ནས་འགོག་མེད་དུ་ཐོན་བྱུང་།།

༧ཅེས་གདུང་འབོད་ཅོ་ཀའི་མགྲིན་སྒྲ་ཞེས་བྱ་བ་འདི་ནི་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་ངོ་བོ།འཁོར་ལོ་གསུམ་གྱི་མཛད་འཕྲིན་ནི་ནམ་མཁའ་ལྟར་མཐའ་གྲུ་ཡངས་ཤིང་།བསྟན་འགྲོ་གཉིས་ཀྱི་བྱ་བཞག་ཉི་ཟླའི་འོད་སྣང་ལྟར་རབ་ཏུ་འཕྲོ་བ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་དཔལ་ལྡན་བླ་མ་༧རྗེ་བསམ་གཏན་རྒྱ་མཚོ་དབྱངས་ཅན་དགའ་བའི་བློ་གྲོས་དཔལ་བཟང་པོ་མཆོག་རྗེས་སུ་དྲན་པ་འདི་ཉིད་མགོ་ལོག་གཡས་དཀོན་མཆོག་བསམ་གཏན་ནམ་མིང་གཞན་རིག་པའི་ཁུ་བྱུག་གིས་བླ་བྲང་འདོད་འཇོ་ཐང་ག་རིག་གནས་སྒྱུ་རྩལ་གླིང་ནས་བྲིས་པ་དགེའོ།།

WechatIMG82.jpeg

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།