༄༅ ། ། རྒྱ་ནག་ཧྭ་ཤང་མ་ཧཱ་ཡ་ནའི་རྩོད་པ་བསྐྱར་གླེང་བྱིས་པའི་ཀུ་སྒྲ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་ར་ཝེ།
ཇི་སྐད་དུ། འཇུ་མི་ཕམ་པས། སྔར་མེད་གསར་སྤེལ་ཡ་མཚན་ཆེ་སྙམ་ཡང་། །འབྲེལ་མེད་སྨྲ་ལ་མི་མིན་འདྲེ་དང་མཚུངས། ། ཞེས་པ་ལྟར་བསོད་ནམས་ཀྱི་ལུས་སྟོབས་ཞན་ཅིང་ཤེས་རབ་ཀྱི་བློ་མིག་ལྡོང་བའི་དེང་གི་དུས་སུ། མཁས་པར་ཁས་འཆེ་བ་འགའ་ཞིག་གིས། སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ལེགས་བཤད་དྲི་མ་མེད་པ་རྣམས་ལ། རང་བློ་མ་དག་པའི་ངོས་ལ་ཤར་བའི་སྐྱོན་ཕྲན་བུ་རེ་བརྗོད་རྒྱུ་རྙེད་ཚེ། རིན་པོ་ཆེའི་གཏེར་ཐོབ་པ་ལྟར་བརྩི་བ་དང་། དབང་ཐང་ཆེ་བའི་ཕྱོགས་ལ་བསྟོད་པ་ཅུང་ཟད་ཁ་སྣོན་བྱས་ནས། མི་ཚེའི་མདུན་ལམ་འཚོལ་བའི་གོ་སྐབས་རིང་ལུགས་པ་མང་པོ་ཞིག་གིས། སྲོག་ཤིང་མེད་པའི་བདེན་བདེན་སྙན་སྙན་གྱི་རྩོམ་དུམ་མང་པོ་སྤེལ་བ་ལས། བོད་ཀྱི་ཆོས་རིག་དཔལ་འབྱོར་ལ་ཕན་པའི་མདུན་ལམ་གསལ་བར་བྱེད་པའི་སྒྲོན་མེ་ལྟ་བུའི་ལེགས་བཤད་ཤིན་ཏུ་དཀོན་པའི་དུས་སུ། མཁས་དབང་འགའ་ཞིག་གིས་བྲིས་པའི་ཧྭ་ཤང་མ་ཧཱ་ཡ་ནའི་རྩོད་པས་སྐོར་ལ་རིན་ཐང་ལྡན་པའི་དཔྱད་རྩོམ་རེ་ཡང་འདུག་པ་ནི། ཉམ་ཆུང་ཆོས་པའི་སྡེ་ཚོགས་ལ་དབུགས་དབྱུང་བའི་སྨན་དུ་གྱུར།
སྤྱིར་ཆོས་དད་མེད་པ་དང་། ཞིབ་འཇུག་ཁོ་ན་བྱེད་པའི་བསམ་བློ་ལ་བཀག་རྒྱ་མེད་པས་རང་གི་འདོད་པ་ལྟར་འབྲི་འོས་པས། དེ་དག་ཀྱང་་དཔྱད་སྒོ་ཙམ་དུ་འགྱུར་བ་སྨྲོས་མ་དགོས་མོད། ཆོས་པ་ཞིག་ཡིན་ཚེ་རང་གི་ལྟ་གྲུབ་སྐྱོང་དགོས་པ་ལས། གྲུང་པོའི་ཟོལ་གྱིས་ཀླད་པ་དཀྲུག་ཆོག་ཆོག་ཅིག་བྱས་ཏེ། གཞན་ཟེར་གྱི་རླུང་གིས་ཁྱེར་ནས་བརྒྱུད་པའི་བླ་མའི་མཚན་ནས་སྨྲོས་ཏེ་སྐྱོན་བརྗོད་དགོས་ཀྱང་ཅི་མི་སྙམ་པ་དང་། རྙེད་བཀུར་སྙན་གྲགས་སོགས་འཇིག་རྟེན་གྱི་ཁེ་ཕན་ཕྲན་བུའི་ཆེད་དུ་རང་གི་སྐྱབས་གནས་ལོག་པར་བསྒྲུབ་དགོས་ཀྱང་བག་མི་ཚ་བའི་རིགས་ནི། ལྷ་ཆོས་ཀྱི་དད་པས་དབུལ་ཞིང་མི་ཆོས་ཀྱི་ལ་རྒྱ་མེད་པས་མཁས་པ་རྣམས་ཀྱིས་ཚར་གཅོད་པའི་འོས་སུ་ཆེ་ཡང་། དེ་ལྟ་བུ་ལའང་བླུན་པོ་རྣམས་ཀྱིས་མཁས་པའི་ཅོད་པཎ་ཞིག་ཕུལ་ནས་བསོད་ནམས་ཆུང་བའི་རིགས་ལ་མགོ་སྐོར་ཐེབས་པ་མཐོང་བ་དང་། མཁན་པོ་དང་སློབ་དཔོན་མིང་འཛིན་རེ་གཉིས་ཀྱིས་རྣམ་དཔྱོད་ནོར་དང་བརྗེས་ཏེ་གཞན་ངོ་འཛིན་པའི་སྤྲེལ་ལད་ཀྱི་ཟློས་གར་ཅིར་ཡང་བསྒྱུར་བ་ལ་གསལ་འདེབས་ཉུང་ངུ་འདི་ཉིད་སྤེལ་དགོས་བྱུང་བ་ཡིན།
༡༽རྩོད་པ་བྱུང་ཚུལ་ནི།
རྩོད་པ་བྱུང་ཚུལ་དངོས་བསྟན་རིམ་གྱིས་པ་དང་ཅིག་ཆར་པ་རྩོད་པ་དང་། རྒྱབ་ལྗོངས་སུ་ཐང་དམག་ཕམ་ཉེས་ཁྲོད་ཀྱི་དཔོན་པོ་ཝང་ཡང་མེན་ཟེར་བ་དེས་གཡོ་སྒྱུས་བསླངས་པའི་དོགས་པ་དང་། བོད་ཀྱི་ཞང་བློན་ཆོས་ལ་གནག་པ་རྣམས་ཀྱིས་ནང་ནས་དཀྲུགས་པའི་ཟོལ་ཡང་འདུག་པས་དེ་ལ་དཔྱད་པའི་སྒོ་ཡངས་པོ་བྱེད་དགོས་པར་སྣང་ངོ་།
1,དང་པོ། ཡོངས་གྲགས་ནི། ནང་བསྟན་གྱི་ལྟ་གྲུབ་སྐོར་ལས་འཕྲོས་པའི་ཆོས་ཀྱི་བགྲོ་གླེང་ངམ་རྩོད་པ་ཞིག་སྟེ། སྐབས་དེའི་རྩོད་པ་བྱེད་མཁན་རྒྱ་གར་གྱི་པཎྜི་ཏ་ཀཱ་མ་ལ་ཤཱི་ལའི་སྒོམ་རིམ་ཐོག་མཐའ་བར་གསུམ། བོད་ཀྱི་ལོ་རྒྱུས་ཀྱི་དཔེ་ཆ་སྔ་ཤོས་སྦ་བཞེད་དང་། ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་། ཏུན་ཧོང་ནས་ཐོན་པའི་《頓悟大乘正理決》« རིགས་པ་ཡང་དག་པར་ངེས་པ་ »སོགས་རྒྱ་བོད་ཀྱི་ལོ་རྒྱུས་ཀུན་ལ་ཡོངས་སུ་གྲགས་པ་ཞིག་ཡིན། བོད་པ་སྤྱི་ལ་གྲགས་པ་ལྟར་རྒྱ་ནག་གི་ཆོས་རྒྱུན་ཁྲོད་དུ་ཀུན་ལ་རྒྱུས་ཆེ་བ་ཞིག་ནི་མིན། ཉེ་བའི་དུས་རབས་སུ་ཏུན་ཧོང་ནས་ཐོན་པའི་རིག་པ་ཡང་དག་པ་ངེས་པ་ཟེར་བ་དེ་ཉིད་རྒྱ་ཡིག་ཏུ་འཁོད་པ་རྒྱས་ཤོས་ལྟ་བུ་ཡིན་མོད། དེ་ཉིད་ཁོ་ན་ལ་ཁུངས་བཅོལ་ནས་སྔོན་གྱི་ལོ་རྒྱུས་རྣམས་མ་དག་པ་བསྒྲུབས་པ་ནི་ཕྱོགས་རེར་གྱུར་པ་ཡིན། རྩོད་པ་གཙོ་བོ་ཅིག་ཆར་དང་རིམ་གྱིས་པ་གཉིས་ཀྱི་རྩོད་པ་སྟེ། སྒོམ་པའི་སྔོན་དུ་ཐོས་བསམ་གྱིས་གཏན་ལ་འབེབ་དགོས་མི་དགོས་རྩོད་པ་ལས། ཕན་ཚུན་སངས་རྒྱས་ཆོས་ལུགས་ཡིན་མིན་དང་། ཐེག་ཆེན་པ་ཡིན་མིན་གྱི་རྩོད་པ་མིན།
2.གཉིས་པ། ཕྱི་ཡི་འགལ་རྐྱེན་ནི། ཐང་དམག་ཕམ་ཉེས་ཁྲོད་བཟུང་བཙོན་དུ་ཁྱེར་བའི་ཝང་ཤེ་ཞེས་པས(王錫)་ཆོས་པ་རྣམས་དང་དཔུང་སྡོང་གིས་བོད་ཁམས་དཀྲུགས་པ་ནི་དངོས་སུ་མ་བསྟན་ཀྱང་དོགས་པ་སྐྱེ་ཆོག་པ་བྱས་ཡོད། དངོས་སུ་རང་ཉིད་ནང་པ་འཚེ་བ་མེད་པའི་ལམ་ལུགས་ལག་བསྟར་བྱེད་མཁན་ཞིག་ཡིན་ཚུལ་《頓悟大乘正理決》ཟེར་བའི་སྔོན་བརྗོད་དུ་བྲིས་འདུག་མོད། དོན་དུ་ནི་ཁ་གཡར་ས་ཙམ་ལས་དོན་དུ་ཆོས་ལུགས་ལ་བརྟེན་ནས་འཁོན་ལན་སློག་པའི་བྱ་བ་བརྩམས་པ་ཡིན་པ་ཞིག་ཡིན་སྲིད་དོ། །
3.གསུམ་པ། ནང་གི་འགལ་རྐྱེན་ནི། བློན་སྟག་ར་ཀླུ་གོང་གི་ཕྱོགས་གཏོགས་སོགས་སངས་རྒྱས་པའི་ཆོས་ལུགས་ལ་ཞེ་འཁོན་ཆེ་བ་དག་གིས་གོ་སྐབས་བཟུང་སྟེ་འགལ་བ་བཟོས་པ་ཞིག་ཀྱང་རང་བཞིན་གྱིས་གསལ་བོར་གྱུར་འདུག་པ་ལ་ལའང་དཔྱད་པར་བྱའོ། །
4.བཞི་བ། རྩོད་པ་བྱུང་བའི་དུས།
代宗大曆元年(766年),甘州淪陷,續任河西節度使楊休明西遷沙州,河西其他郡縣全部落入吐蕃囊中
ཐང་ཐེ་ཙུང་གི་ལོ་དང་པོ། ཕྱི་ལོ་766་ལོ། ཀན་ཀྲུའུ་བོད་ལ་ཤོར། ཆུ་བོའི་ནུབ་ཕྱོགས་ཀྱི་ས་ཆ་མང་པོ་ཞིག་བོད་དུ་ཤོར་བའི་དུས་ནས་ཕན་ཚུན་བར་དམག་འཁྲུག་མི་ཉུང་བ་བྱུང་མྱོང་ཞིང་། ཧ་ལམ།唐穆宗長慶三年(882年)སྐབས་ཤིག་ལ་ཐང་གི་མི་སེར་བོད་དུ་བསྒྱུར་བའི་གནས་སྟངས་མང་པོ་འཁོད་ཡོད་པས། དེ་སྐབས་ཤིག་ལ་ཝང་ཤེས་བོད་རྗེ་ལ་ཕུལ་བའི་ཡི་གེ་དེ་བྱུང་བ་ཡིན་སྲིད། ཝང་ཤེ་བོད་དུ་བསླེབས་རྗེས་རྩོད་པ་བྱུང་བའི་གནས་ཚུལ་ཡིག་ཐོག་བཀོད་པ་ཡིན་མིན་དཔྱད་དཀའ་བ་དང་། དུས་ཚོད་ཀྱང་ཧ་ལམ་ཞིག་ལས་གཏན་ཁེལ་བ་འགོད་པའི་ཡིག་ཆ་མ་རྙེད་དོ། །
༢༽བསམ་གཏན་པའི་ཆོས་རྒྱུན་ལ་རྩོད་པ་མེད།
ཧྭ་ཤང་མ་ཧཱ་ཡ་ན་ལ་རིགས་གཉིས་ཏེ། རྒྱ་ནག་ཐེག་ཆེན་བསམ་གཏན་པ་དང་། གང་ཟག་ལ་བཏགས་པ་གཉིས་ཡོད་འདུག་སྙམ། དང་པོ་རྒྱ་ནག་གི་དགེ་འདུན་སྡེ་ནས་བརྒྱུད་པའི་ཧྭ་ཤང་མ་ཧཱ་ཡ་ནའི་ལུགས་བྱ་བ་ཞིག་ཡོད་པ་ནི་དེ་ཡང་དག་པ་སྟེ། སྒོམ་རིམ་ཐོག་མཐའ་བར་གསུམ། སྦ་བཞེད། བཀའ་ཐང་སྡེ་ལྔ་དང་།བསམ་གཏན་མིག་སྒྲོན་སོགས་ཡིག་ཆ་སྔ་ཤོས་རྣམས་སུ་བོ་དྷི་དྷརྨ་ཏ་ར་ནས་བརྒྱུད་པའི་བསམ་གཏན་པ་སྤྱི་ལ་དགག་པ་བྱས་མེད་པར་མ་ཟད། བརྒྱུད་པ་རྣམ་དག་ཡིན་པ་དངོས་ཤུགས་ནས་བསྟན་ཡོད། བསམ་གཏན་པའི་སློབ་དཔོན་སྔ་མ་རྣམས་ཀྱི་བརྒྱུད་པ་དང་ལྟ་གྲུབ་གཙང་མ་ཡིན་པས་རྩོད་པ་ཅན་གྱི་ཧྭ་ཤང་མ་ཧཱ་ཡ་ནའི་ལྟ་གྲུབ་གཙང་མ་ཡིན་པ་མཚོན་མི་ཐུབ་ལ། ཡིན་པའི་སྒྲུབ་བྱེད་ཡང་དག་པ་གཅིག་ཀྱང་བཀོད་མེད། གཉིས་པ་གང་ཟག་གི་མིང་ལ་ཧྭ་ཤང་མ་ཧཱ་ཡ་ནར་འབོད་པའང་མི་གཅིག་ཁོ་ན་མིན་པས། དགག་པ་དང་བསྟོད་པ་བྱེད་ཡུལ་འབྱེད་ཤེས་པ་དགོས་སྙམ་མོ། །
༣༽ཧྭ་ཤང་མ་ཧཱ་ཡ་ནས་བསམ་གཏན་པའི་ཚབ་མཚོན་མི་ཐུབ།
གང་ནས་ཡིན་མི་ཤེས་པ། བརྒྱུད་པ་གཏན་ཁེལ་མེད་པ། ཆོས་རྒྱུན་གྱི་སྲོལ་འབྱེད་མིན་པས་ཁོའི་རྩོད་པ་ཅན་གྱི་ལྟ་གྲུབ་དེ་ཉིད་ཀྱིས་བསམ་གཏན་པའི་ཚབ་མཚོན་མི་ཐུབ། རྒྱ་ནག་ལ་ཡོངས་སུ་གྲགས་པའི་སྡེ་ལྔ་བདུན་བརྒྱུད་ཟེར་(晚唐至北宋)「五家七派」བའི་བསམ་གཏན་གྱི་ཚབ་མཚོན་སློབ་དཔོན་གྱི་ཁྲོད་དུ་ཧྭ་ཤང་མ་ཧཱ་ཡ་ནའི་མིང་ཙམ་ཡང་ཐོན་མེད། ཁོའི་མི་རིགས། སྐྱེ་ཡུལ། སློབ་དཔོན། སློབ་མ་གྲགས་ཅན་རྒྱ་ནག་བསམ་གཏན་པའི་ཆོས་རྒྱུན་ལ་ཤུགས་རྐྱེན་ཐེབས་ཡོད་པ་གང་ཡང་མེད། དེར་མ་ཟད་ཉེ་ཆར་གྱི་དཔྱད་རྩོམ་འགའ་ཞིག་ཏུ་ཧྭ་ཤང་མ་ཧཱ་ཡ་ནའི་བརྒྱུད་པ་བཤད་པ་དེའང་ཡིད་དཔྱོད་ཙམ་ལས། དངོས་དུ་བདེན་དཔང་ཅི་ཡང་མེད། བོད་ཀྱི་བཀའ་ཐང་སྡེ་ལྔར་བཤད་པ་དེའང་དག་པ་ཡིན་པའི་ངེས་པ་མེད་དེ། བཀའ་ཐང་སྡེ་ལྔ་བོད་ཀྱི་ལོ་རྒྱུས་ཡིག་རྙིང་རྩོད་མེད་ཡིན་ཀྱང་ཡིག་ནོར་སོགས་དག་མ་དག་གི་རྩོད་པ་བོད་ནང་དུ་སྔ་མོའི་དུས་ནས་ཡོད། སྔ་འགྱུར་གྱི་མཁས་པ་སོག་ཟློག་པ་བློ་གྲོས་རྒྱལ་མཚན་སོགས་ཀྱིས་མ་དག་པ་ཅུང་ཟད་རེ་ཡོད་པར་གསུངས་པ་ལྟར། ཡུན་རིང་བོར་ལག་བྲིས་བྱས་པའི་དཔེ་ལ། གོང་འོག་འཁྲུགས་པ། མཆན་དཀྱུས་ཤོར། ཞུ་དག་མ་ཐོན་པ་སོགས་ཡོད་ངེས་པ་ཡིན།
༤༽མི་གཅིག་གི་སྐྱོན་ཡོན་གྱིས་གྲུབ་མཐའ་སྐྱོན་ཅན་དུ་མི་འགྲུབ།
སྤྱིར་མི་གཅིག་ལ་སྐྱོན་ཡོད་པས་གྲུབ་མཐའ་དེ་ཉིད་སྐྱོན་ཅན་ཡིན་པ་དང་། སློབ་མ་ལ་སྐྱོན་ཡོན་པས་སློབ་དཔོན་ལ་སྐྱོན་ཡོད་པའི་ངེས་པ་མེད་པ་སངས་རྒྱས་ཀྱི་སློབ་མ་ལྷས་སྦྱིན་འཁོར་དང་བཅས་པ་ལྟ་བུ་སྟེ། བསམ་གཏན་གྱི་སློབ་དཔོན་མཁས་ཤིང་གྲུབ་པ་བརྙེས་པ། རྩོད་མེད་ཡོངས་གྲགས་མང་དུ་བྱོན་ཡོད་པས་དེ་དག་གི་ལྟ་གྲུབ་ལ་གཙོ་བོར་མི་འཛིན་པར་མ་ཧཱ་ཡ་ན་ཟེར་བ་རྒྱུས་མེད་ཅིག་གི་ལྟ་གྲུབ་རྩལ་དུ་འདོན་པ་ནི་བསམ་གཏན་པ་སྤྱི་ལ་མཐོང་ཆུང་བྱས་པ་ལྟ་བུ་ཞིག་ཡིན།
༥༽རྩོད་ཡུལ་རྙིང་མ་པའི་སློབ་དཔོན་རྣམས་ཡིན།
ཧྭ་ཤང་མ་ཧཱ་ཡ་ནའི་རྩོད་ཟླ་རྣམས་གུ་རུ་པདྨ་འབྱུང་གནས་དང་མཁན་ཆེན་བོ་དྷི་ས་ཏྭའི་སློབ་མ་སྔ་འགྱུར་རྙིང་མའི་རྫོགས་ཆེན་གྱི་སློབ་དཔོན་རྩོད་མེད་རྣམས་ཡིན། ཉང་གི་ཆོས་འབྱུང་དུ། སྦ་རཏྣ་དང་། བཻ་རོ་ཙ་ན་དང་། སྦ་དཔལ་དབྱངས་ལ་སོགས་ཉུང་ཤས་ཤིག་སློབ་དཔོན་བྷོ་དྷི་ས་ཏྭའི་གྲུབ་མཐའ་འཛིན། དེ་ལྟར་ལྟ་སྤྱོད་མ་མཐུན་པར་གྱུར་ཏོ། ། ཞེས་གསལ། བཻ་རོ་ཙ་ནའི་རབ་བྱུང་གི་སློབ་དཔོན་མཁན་ཆེན་བོ་དྷི་ས་ཏྭ་མཆོག་ཡིན། ཤྲཱི་སེངྷ། བི་མ་ལ་མི་དྲ། པདྨ་འབྱུང་གནས་ཏེ་རྫོགས་ཆེན་གྱི་སློབ་དཔོན་རྣམས་ཀྱི་ཐུགས་སྲས་ཡིན། བཻ་རོ་ཙ་ན་ཨོ་རྒྱན་དངོས་དང་མཉམ། ཞེས་བསྔགས་པ་བྱས་ཡོད། དེར་མ་ཟད་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་གཙུག་རྒྱན་ལྟ་བུ་ཡིན། འོན་ཀྱང་བློན་པོ་ཆོས་ལ་གནག་པ་རྣམས་བཻ་རོ་ཙ་ན་ལ་མི་དགའ་བས་སྔར་བོད་ནས་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པ་སོགས་ཆད་པ་དུ་མ་མྱངས་ཤིང་། སྐབས་འདིར་ཡང་སྟག་ར་ཀླུ་གོང་དང་ཇོ་མོ་(འབྲོ་གཟའ)བྱང་ཆུབ་དགེ་སོགས་ཕྱོགས་ནས་རྩོད་པ་བྱུང་བ་ཡིན་འདུག ཇོ་མོ་ནི་ཞེ་ས་སྟེ། རྒྱལ་པོའམ་ཆེ་དགུའི་བཙུན་མོའམ་སྲས་མོའི་ཞེ་ས་སྟེ། རིམ་པས་བཙུན་མ་རྣམས་ཀྱི་གུས་ཞབས་ཀྱི་མཚན་དུ་འགྱུར་བ་ཡིན། སྟག་ར་ཀླུ་གོང་(ཏ་ར་ཀླུ་གོང་གི་ཁྱིམ་རྒྱུད་ཀྱི་མི་ཡིན་ཡང་ཆོག)ནི་སྔར་བོན་ཆོས་དང་། རྗེས་སུ་སྟོན་མིན་པའི་ཕྱོགས་བཟུང་ནས་བཻ་རོ་ཙ་ན་ལ་རྒོལ་བ་བྱས་པས། བཻ་རོ་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་ཡིན་ཀྱང་རྒྱབ་དཔུང་གང་ཡང་མེད་པའི་མི་སེར་དཀྱུས་མ་ཞིག་གི་བརྒྱུད་པ་ཡིན་པས། ཁོང་གིས་རྩོད་པ་བྱས་ན་སླར་ཡང་ཁྲིམས་ཆད་ཕོག་པའི་ཉེན་ཁ་ཆེ་བས་རྒྱ་གར་མཁས་པ་གདན་འདྲེན་བྱེད་དགོས་བྱུང་འདུག་སྙམ།
སྦ་བཞེད་དུ། བྱང་ཆུབ་གླིང་དུ་སེངྒེའི་ཁྲི་བཅས་ཏེ། བཙན་པོ་གུང་ལ་བཞུགས་ཏེ་སྟོན་རྩེན་རྩོད་པ་ལ་ལ་འགྲན་པར་བྱས་ནས། ཧྭ་ཤང་གཡས་སུ་སེངྒེའི་ཁྲི་ལ་བཞག གཞུག་ལ་སྟོན་མིན་གྱི་སློབ་མ་རྣམས་མང་སྟེ།ཇོ་མོ་བྱང་ཆུབ་དང་། བསྲུ་ཡང་དག་དང་། བནྡྷེ་མངྒ་ལ་མང་སྟེ་གྲལ་རིང་པོར་བྱུང་། ཀཱ་མ་ལ་ཤཱི་ལ་གཡོན་དུ་སེངྒེའི་ཁྲི་ལ་བཞག རྗེས་ལ་རྩེན་མིན་གྱི་སློབ་མ་རྣམས་ལ། སྦ་དཔལ་དབྱངས་དང་། བཻ་རོ་ཙ་ན་དང་། སྦ་རཏྣ་ལ་སོགས་དགེ་སློང་མི་མང་བ་ཞིག་སྟེ་ཉུང་ཤས་ཤིག་ལས་མ་བྱུང་། ཞེས་བཙུན་མོ་དང་བློན་པོ་དབང་ཆ་ཆེ་རིགས་སྟོན་མིན་པའི་ཕྱོགས་དང་། དགེ་སློང་བརྟན་མཁས་ཀྱི་ཡོན་ཏན་གྱིས་ཕྱུག་པ་རྣམས་རྩེན་མིན་པའི་ཕྱོགས་སུ་གྱུར་བ་དང་། གདན་ཐོབ་ཀྱི་དབང་དུ་བྱས་ན་གཡས་གྲལ་མཐོ་ཤོས་ཡིན་པས་དེ་ལ་ཧྭ་ཤང་མ་ཧཱ་ཡ་ནས་བཞག་པས་མཚོན། ཐོག་མར་མཁན་སློབ་གཉིས་ཀྱི་ལྟ་གྲུབ་འཛིན་མཁན་ལ་རྒྱབ་སྐྱོར་མང་པོ་མེད་པར་བསྟན་ཡོད།
ཡང་སྦ་བཞེད་ལས། རྒྱ་མཁན་པོའི་གྲལ་དུ། རྒྱལ་པོའི་བཙུན་མོ་འབྲོ་གཟའ་བྱང་ཆུབ་དང་།(ཚེ་སྤོང་གཟའ་དམར་རྒྱན་དང་། འབྲོ་གཟའ་བྱང་ཆུབ་སྟེ་བཙུན་མོ་ཆེ་གཉིས) གཟིམས་མལ་བ་ཅོ་རྨ་རྨ། ངན་ལམ་སྟག་ར་ཀླུ་གོང་ལ་སོགས་པ་ཚོགས་པ་ཤིན་ཏུ་ཆེ་བར་འདུས་སོ། ། ཞེས་རྒྱལ་ཁབ་ཀྱི་དབང་ཆ་ཆེ་བའི་བཙུན་མོ་སོགས་རྒྱལ་པོའི་འཁོར་དང་། བློན་པོ་ཆོས་ལ་གནག་པ་སྟག་ར་ཀླུ་གོང་སྟེ་རྒྱལ་མོ་དམར་རྒྱན་ཕྱོགས་ཀྱི་བློན་པོ་སངས་རྒྱས་ཆོས་ལུགས་དར་བ་ལ་དགག་པ་བསྟུད་མར་བྱེད་པའི་ཕྱོགས་ཡིན། འདི་སྐབས་ཀྱི་སྟོན་མིན་ལ་རྒྱབ་རྩ་བྱེད་མཁན་གྱི་བློན་ཆེན་སྟག་ར་ཀླུ་གོང་ནི་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ལ་བར་གཅོད་བྱེད་མཁན་གཙོ་བོ་ཞིག་ཡིན། བཙན་པོའི་བཀའ་ལྟར་སྦ་དཔལ་དབྱངས་སོགས་ལོ་ཙཱ་བ་གསུམ་གྱིས་ཆོས་བསྒྱུར་བ་བར་གཅོད་བྱས་ཚུལ། སྦ་བཞེད་ལས། དེ་གསུམ་གྱིས་(ཧས་པོ་རི་)རིའི་བྱེ་ཁུང་དུ་ཆོས་བོད་སྐད་དུ་བསྒྱུར་བའི་དྲུང་དུ། ཞང་བློན་ཆེན་པོ་ངན་ལམ་སྟག་ར་ཀླུ་གོང་དང་། ཞང་མ་ཞང་ལ་སོགས་མཆིས་ཏེ། དྲེ་པོ་ཁྱོད་གསུམ་དེ་ན་ཅི་བྱེད། ཞང་མ་ཞང་གི་ཁྲིམས་བུ་ཆུང་ལས། མི་ཤི་བ་ལ་ཚེ་བྱེད་ན་ཕོ་རེང་ལ་གཏན་དུ་སྤྱུགས། ལྷོ་བལ་གྱི་ལྷ་མཆོད་དུ་མི་གནང་བ་མ་ཐོས་སམ། བྱ་བ་མང་། འདུག་མི་ཕོད་པ་དེ་ཆོས་ཀྱི་སྐད་འདྲ་ན། རྗེའི་སྙན་དུ་གསོལ་བ་ལས་བྱེ་མའི་ནང་དུ་བསུབས་ལ་ཕྱིས་ཁྲིམས་བུ་ཆུང་དང་སྦྱར་ཏེ་ཤགས་གདབ་པས། ཞེས་པ་ལ་སོགས་བཀའ་ཡོ་ག་ལ་འཆོས་པའི་མདུན་ས་ནས་མཆིད་ནན་དྲག་པོ་བརྡས་པས། དེ་སང་ཤིས་རྗེ་ལ་གསོལ་བས། བཙན་པོའི་ཞལ་ནས། གསལ་སྣང་སླར་མ་འོངས་ཀྱི་བར་དུ་དར་ཅིག་མ་བསྒྱུར་བར་ཞོག་ཅིག་གསུངས། ཞེས་སྦ་སང་ཤིའམ་དཔལ་དབྱངས་སོགས་ལོ་ཙཱ་བ་གསུམ་ལ་ཆད་པ་བཅད་དེ། མི་ཤི་བ་ལ་ལ་ཚེ་བྱེད་ཅེས་མ་ཤི་གསོན་པོར་གནས་པ་སྲོག་ཆད་མེད་པར་བྱེད་པ་ལ་གནས་གཞན་དུ་སྤྱུགས་དགོས་པ་དང་། དེ་བར་བྱེ་མའི་དོང་ནང་དུ་བཅུག་ནས་མཚང་འབྲུའམ་ཉེས་པ་བསྒྲགས་དགོས་ཚུལ་བཤད་པ་དེ་ཉིད་ཀྱིས་སྟོན་མེན་དང་རྩེན་མིན་རྩོད་པ་མ་བྱུང་གོང་ནས་བློན་སྟག་ར་ཀླུ་གོང་སོགས་ཀྱིས་གོ་སྐབས་ནམ་བྱུང་ལ་འགལ་རྐྱེན་བྱེད་པའི་འཆར་གཞི་ལག་ཏུ་ལེན་ཆོག་མ་བསྒྲིགས་ནས་ཡོད་པ་ལྟ་བུར་སྣང་། །
༦༽མཁན་སློབ་ཆོས་གསུམ་གྱི་བཅས་ཁྲིམས་དང་འགལ་བ།
མཁན་པོས་བཙུགས་པའི་འདུལ་ཁྲིམས་དང་། སློབ་དཔོན་གྱི་བསླབ་བྱ། ཁྲི་སྲོང་ལྡེའུ་བཙན་གྱི་ཆོས་ཁྲིམས་དང་འགལ་བའི་ཚོགས་པ་ཞིག་ལ་ཆེ་བརྗོད་ཧ་ཅང་ཐལ་བ་བྱེད་པ་ནི་ཕ་བསད་པ་ལ་རྒྱལ་རྔ་རྡུང་ཟེར་བའི་དཔེ་དེ་རང་གི་དབུ་ལ་གསོལ་བ་མིན་ནམ། སྦ་བཞེད་ལས། མཁན་པོ་(བོ་དྷི་ས་ཏྭ)འདའ་ཁར་འདི་སྐད་གསུངས་ཏེ། ཡོང་ནི་སངས་རྒྱས་ཀྱི་བསྟན་པ་གར་བྱུང་བར་མུ་སྟེགས་ཀྱི་རྒོལ་བའི་དགྲ་རེ་འགྲན་དུ་འོང་བ་འབྱུང་རྒྱུ་ཡིན་ན། བོད་དུ་བསྟན་པ་ལྔ་བའི་ཐ་མ་ལ་བྱུང་བས། མུ་སྟེགས་ཀྱི་རྒོིལ་མི་འབྱུང་། སངས་རྒྱས་པ་ཉིད་ལྟ་བ་མ་མཐུན་ཏེ་རྩོད་པར་འགྱུར་གྱིས། དེ་ལྟ་བུ་བྱུང་ན། ངའི་སློབ་མ་ཀཱ་མ་ལ་ཤཱི་ལ་བྱ་བ་བལ་ཡུལ་ན་འདུག་པ་སྤྱན་དྲོངས་ལ། དེ་དང་ཤགས་འགྱེད་དུ་ཆུག་ལ། རྒྱལ་པོས་བསྡུམ་གྱིས་ཤིག རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ། །ཞེས་གསུངས་པ་དང་། སྦ་བཞེད་ལས། མཁན་པོ་གཤེགས་(ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས)ཁར། བྲག་དམར་འོམ་བུ་ཚལ་དུ་བཙན་པོ་རྗེ་འབངས་ཉི་ཤུ་རྩ་གཅིག་ལ་མན་ངག་ལྟ་བའི་ཕྲེང་བ་བཤད་ནས། རྒྱལ་པོ་ཆེན་པོ། ངའི་གསང་སྔགས་འདི་ལྟ་བ་ཆོས་སྐུ་དང་བསྟུན་ལ། སྤྱོད་པ་བྱང་ཆུབ་ཕྱོགས་དང་བསྟུན། ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བར་མཛོད། ཤོར་ན་དགེ་མེད་སྡིག་མེད་དུ་སོང་། ཆད་པར་ལྟ་བར་གྱུར་ནས་ཕྱིས་གསོར་མི་རུང་། སྤྱོད་པའི་རྗེས་སུ་ལྟ་བ་འབྲངས་ན། དངོས་པོའི་མཚན་མས་བཅིངས་ནས་གྲོལ་བར་མི་འགྱུར། ངའི་སྔགས་སེམས་ཕྱོགས་འདི་ལྟ་བ་ཤས་ཆེ་སྟེ། མ་འོངས་པ་ན་ཚིག་གི་གདེང་ནི་ཤེས། རྒྱུད་ལ་འཁེལ་བའི་ལྟ་བའི་གདེང་ནི་མ་རྙེད་ནས་མང་པོ་ཞིག་ངན་སོང་དུ་སྐྱེ་བར་འགྱུར་རོ། །ལྟ་སྤྱོད་ཡ་བྲལ་བའི་འདྲ་མིན་འགས་སེམས་ཅན་མང་པོའི་དོན་ཀྱང་བྱེད་པར་གྱུར་ཏེ། གང་ཟག་གིས་བཅོས་ཏེ་འདྲ་མིན་མང་པས་བྱིན་རླབས་ཉམས་ཏེ(དང་)རོགས་པ་ཅན་ཉུང་། ཞེས་གསུངས་པ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བཀས་བཅད་པའི་རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་། །མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་དང་།། ཆོས་ལུགས་པདྨ་འབྱུང་གནས་ལུགས་སུ་གྱིས།།ཞེས་གདམས་པ་དང་རྒྱབ་འགལ་དུ་གྱུར་བ་ཡིན་པས། སྔར་བཀས་བཅད་པའི་ཆོས་ཁྲིམས་ལ་འགྱུར་བ་བཏང་ནས་རྩོད་པ་བྱུང་བ་ཞིག་ཡིན། །
༧༽གློ་བུར་གྱི་རྡོལ་ཆོས་ཤིག་ཡིན་ནམ།
སློབ་དཔོན་པདྨ་འབྱུང་གནས་ཕེབས། མཁན་པོ་བོ་དྷི་ས་ཏྭ་གཤེགས། བོད་ཀྱི་བན་བོན་གཉིས་ཀྱི་རྩོད་པའི་མཇུག་ལྷག་མར་གྱུར་པའི། བཻ་རོ་ཙ་ནའི་སྐུ་རིང་ལ་ཅིག་ཆར་བའི་ལུགས་འདི་དར་སྲོལ་ཆེ་བ་བྱུང་འདུགསྐབས་དེར་ཐང་བོད་གཉིས་ཀ་འཁྲུགས། ཐང་གི་ཡུལ་ཁམས་མང་པོ་ཞིག་བོད་ཀྱིས་བཟུང་། དེ་དག་གི་ལུགས་སྲོལ་སྒྱུར་བཞིན་པའི་སྐབས་སུ་ཁེལ་བས། མཐའ་མཚམས་སུ་ཆོས་སྤེལ་བའི་སློབ་དཔོན་མ་ཧཱ་ཡ་ནས་དབུས་སུ་ཤུགས་རྐྱེན་ཐེབས་ཏེ་སྔར་ཡོད་པའི་བསམ་ཡས་དགོན་པའི་སྒྲིག་ཁྲིམས། འཆད་ཉན་དང་། བསྒྱུར་བཤད་བྱེད་པའི་སློབ་གཉེར་བའི་སྡེ་ཚན་ལ་འགྱུར་བ་ཆེན་པོ་བྱུང་བའི་ཉེན་ཁ་བྱུང་སྟེ། བསམ་ཡས་དགོན་པའི་མཁན་པོ་ཨ་ཙརྱཱ་དཔལ་དབྱངས་ཁྲི་ལས་ཕབ་ཏེ་རི་ཁྲོད་ལ་ཕེབས་དགོས་བྱུང་བ་སོགས་ལ་བོད་ཀྱི་མཁས་པའི་གཙུག་རྒྱན་ལོ་ཙཱ་བ་བཻ་རོ་ཙ་ན་སོགས་ཀྱིས་མོས་མཐུན་མ་བྱུང་བར། ལྷིང་འཇག་གི་ངང་ལ་གནས་པའི་ཆོས་གྲྭ་ཆེན་པོ་ཞིག་ལ་རྒྱལ་པོའི་བཙུན་མོ་སོགས་མཐོ་རིམ་མི་སྣ་དང་གློ་བུར་གྱི་རྡོལ་ཆོས་གཉིས་ནང་མཐུན་གྱིས་ཟིང་ཆ་བསླངས་པ་ཞིག་ཡིན་པ་ལོ་རྒྱུས་ཐམས་ཅད་ཞལ་མཐུན་པར་བཤད་ཀྱང་མི་ཆོག་པ་མེད་པ་ཞིག་ཏུ་གྱུར།
༨༽བོད་དུ་རྒྱ་ནག་གི་སློབ་དཔོན་ཁ་ཤས་ཕེབས་ཡོད།
བཀའ་ཐང་སྡེ་ལྔར། པཎྜི་ཏ་རྒྱ་ནག་དུ་ཧ་ར་ནག་པོ། པཎྜི་ཏ་རྒྱ་ནག་མ་ཧཱ་དེ་བ། པཎྜི་ཏ་རྒྱ་ནག་མ་ཧཱ་སཱུ་ཏྲ།པཎྜི་ཏ་རྒྱ་ནག་མ་ཧཱ་རཱ་ཛ། པདྨ་བཀའ་ཐང་དུའང་རྒྱ་ནག་གི་སློབ་དཔོན་ཁ་ཤས་བྱོན་ནས་གཞུང་བསྒྱུར་བར་གསུངས་པར་རྩོད་པ་གང་ཡང་བྱུང་མེད། བཻ་རོ་ཙ་ན་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་ཀྱིས་རྒྱ་ནག་གི་སློབ་དཔོན་བསྟེན་པར་གསུངས་པའང་ལྟ་གྲུབ་སྐྱོན་མེད་ཀྱི་སློབ་དཔོན་ཞིག་ཡིན་པར་ངེས་པས། རྩོད་གཞི་ཅན་གྱི་ཧྭ་ཤང་དེ་མིན་པར་ངེས་ཏེ། ཉང་གི་ཆོས་འབྱུང་དུ་བཻ་རོ་ཙ་ན་ཧྭ་ཤང་ལ་རྩོད་པ་བྱེད་མཁན་ཡིན་པ་གསལ་བས། བཻ་རོ་དང་གནུབས་ཆེན་བར་ལ་འགལ་བ་ཡོད་པའི་ལོ་རྒྱུས་གང་དུའང་མི་གསལ་བར་མ་ཟད། གནུབས་ཆེན་བཻ་རོའི་བརྒྱུད་འཛིན་ཅེས་སྨྲས་ཀྱང་རུང་བ་ཡིན།
༩༽ཚོགས་པ་ཆེན་པོའི་བླ་མ་མཚན་ལྡན་ཡིན་པའི་ངེས་པ་མེད།
ཉེ་ཆར་གྱི་དཔེ་མཚོན་ཙམ་བཀོད་ན། སུ་ཁྲོན་ནས་ཡིན་པའི་རྒྱ་མི་ཞིག་གིས་རང་ཉིད་རྡོ་རྗེ་འཆང་གཉིས་པ་ཡིན། བོད་ཀྱི་ཆེས་ཆེ་བའི་བླ་དང་བསྟན་པའི་བདག་པོ་ཡིན་ཞེས་བོད་ཀྱི་བླ་ཆེན་མང་པོའི་ངོས་སྦྱོར་གྱི་ཡི་གེ་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཏེ། ཚོགས་པ་དར་རྒྱས་ཤིན་ཏུ་ཆེ་བ་བྱུང་། ལོ་གཅིག་ཙམ་དུ་མི་མང་པོ་གཡོ་འོག་ཏུ་ཚུད་ནས་སློབ་གྲྭ་ཆེན་མོ་ཁག་དང་། རྒྱལ་ཁབ་རིམ་པའི་མི་སྣ་དང་། ཚོགས་པ་ཆེན་པོ་སོགས་ཀྱིས་བོད་ཀྱི་བླ་ཆེན་གྱི་ཚབ་བྱས་ཏེ་གདན་འདྲེན་དང་། གཟེངས་རྟགས་ཕུལ། སློབ་མའི་འདུ་བ་ནི་བོད་ཀྱི་གྲགས་པ་ཆེ་བའི་བླ་མ་རྣམས་ལས་ཀྱང་ལྷག་པ་ཞིག་བྱུང་ནས། ཕྱི་རོལ་ན་ཡོད་པའི་བོད་ཀྱི་ཆོས་རྒྱུན་ཁག་གི་སློབ་མ་མང་པོ་ཞིག་ཀྱང་ཁོའི་རྗེས་སུ་འབྲངས། བོད་རིགས་མཆོད་ཆ་ཉོ་ཚོང་བྱེད་མཁན་མང་པོ་ཞིག་ཀྱང་ཁོའི་བྲན་གཡོག་ཏུ་གྱུར། ཕོ་ཚུགས་ཅུང་ཟད་ཡོད་པས་དེ་ལ་ངོས་ལེན་མི་བྱེད་པའི་བླ་མ་ཉམ་ཆུང་རྣམས་ལ་ཁྱད་གསོད་ངོ་རྒོལ་བྱེད་པའི་སྐབས། དཔེ་ཝར་རིན་པོ་ཆེས་དཔའ་སྤོབས་ཆེན་པོས་རྫུན་རྐུབ་བཏོན། དཔལ་ས་སྐྱ་ཁྲི་ཆེན་གྱིས་ཕྱག་བྲིས་དེ་རྫུན་བཟོ་བྱས་པ་ཞིག་ཡིན་ཚུལ་བསྒྲགས། རིམ་པར་བོད་ཀྱི་བླ་མ་མང་པོ་ཞིག་གཞི་ནས་གཉིད་སད་དེ། ཨ་ལགས་དོར་ཞི་སོགས་ཀྱིས་དགག་པ་བྲིས། རྡོར་འཆང་གཉིས་པ་རྫུན་དུ་བསྒྲུབས་པའི་མགོ་བརྩམས་པ་རེད། རྡོར་འཆང་གཉིས་པས་སྤེལ་བའི་ཆོས་ནི་མ་ཎི་དང་རྡོ་རྗེ་ཕག་མོ་སོགས་རེད། ཁོས་འདོན་པའི་ཆོས་ལ་སྐྱོན་ཡོད་པ་མིན་ཀྱང་ཚོགས་པའི་སྒྲིག་གཞི་དང་། དངོས་ཡོད་ཀྱི་གནས་ཚུལ་ལ་བསྙོན་པས་བོད་བརྒྱུད་ནང་བསྟན་ལ་ལྟ་སྟངས་ངན་པ་དར་བ་ཞིག་ཡིན།
དེ་ལྟ་བུའི་ཚོགས་པ་དང་། ཆོས་ལུགས་ལ་ཁ་གཡར་བའི་གཡོ་སྒྱུའི་ཚོགས་པ་ནི་རྒྱལ་ཁབ་ཀུན་ཏུ་རེ་ཞིག་དར་ཞིང་མཐའ་མར་རྒུད་པ་ནི་སྔར་ལན་མང་བྱུང་ཞིང་། ད་ལྟ་ཡང་དར་བཞིན་པ་དང་རྒུད་བཞིན་པ་ལོ་རྒྱུས་ཀྱིས་གསལ་སྟོན་བྱེད་ཐུབ། སྟོན་རྩེན་རྩོད་པའི་སྐབས་ཀྱི་བཻ་རོ་ཙ་ན་སོགས་མ་ཧཱ་ཡ་ན་ལ་རྒོལ་བ་བྱེད་མཁན་རྣམས་ཀྱི་ཤེས་ཡོན་དང་། གདུལ་བྱ། གསུང་རྩོམ། བསླབ་བྱ། རྣམ་ཐར་གང་ལ་བསམས་ཀྱང་བློ་རྒྱ་དོག་པ་དང་། དཔྱད་པ་མི་ཤེས་མཁན་གཏན་ནས་མིན་པས། གློ་བུར་གྱི་རྡོལ་ཆོས་དེ་ཉིད་ལ་དོགས་པ་བྱེད་པའི་གནས་ཤིན་ཏུ་མང་ངོ་། །
༡༠༽ཕམ་ཉེས་ཁུར་བའི་དམག་མི་ཞིག་གི་བྱ་འགུལ་ལས་རྩོད་པ་བྱུང་།
རྩོད་པའི་ཕྱོགས་ནི་སྔར་བོད་ཀྱི་ལོ་རྒྱུས་སུ་ཆོས་ཕྱོགས་ཁོ་ནའི་རྩོད་པ་ཞིག་ཏུ་བྲིས་ཡོད་ཀྱང་། ཏུན་ཧོང་ནས་ཐོན་པའི་ཡི་གེ་ཐོན་ནས་རྙོག་འཛིང་ཅན་གྱི་རྩོད་པ་ཞིག་ཏུ་ཁ་བསྒྱུར་ཡོད། གཙོ་བོ་ཝང་ཤེ་(王錫)ཟེར་བའི་ལོ་རྒྱུས་ཀྱིས་དོགས་པ་མང་པོ་ཞིག་བསླངས་ཡོད། དེ་དུས་བོད་ཀྱི་ཆེན་པོ་འགའ་ཞིག་གིས་ཤེས་བཞིན་རྫུན་སྨྲས་ཏེ་ཧ་ལས་མདོག་གིས་བསྟོད་པ་མང་པོ་བྱེད་པ་མཐོང་མོད། ཝང་ཤེའི་ལོ་རྒྱུས་སྐོར་ལ་ཏུན་ཧོང་ལས་ཐོན་པའི་ཚན་པ་གསུམ་ལས་རྒྱ་ཡིག་ཏུ་འཁོད་པ་ཆེར་མེད། འོན་ཀྱང་ཞིབ་འཇུག་པ་དག་གིས་སྔོག་འཚོལ་ཁྲོད་ནས་ཁོ་མི་ཇི་འདྲ་ཞིག་ཡིན་གྱི་གདོང་མདོག་རིམ་བཞིན་གསལ་བོར་ཆགས་ཡོད།
རྒྱ་ཡིག་གི་ལོ་རྒྱུས་སུ། ཝང་ཤེ་ནི་སྔར་རྨ་ཆུའི་ནུབ་ཕྱོགས་ཀྱི་དཔོན་པོ་ཀྲུའུ་ཏེན་གྱི་ལག་རོགས་འཇོན་ཐང་ལྡན་པ་ཞིག་ཡིན་ཞིང་། ཆུ་བོའི་ནུབ་རྒྱུད་དུ་བོད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ནང་དུ་དངོས་སུ་ཁྱོན་ཡོངས་ནས་ཞུགས་མྱོང་མཁན་ཞིག་ཡིན་ཚུལ་།王錫曾是是河西節度使周鼎的得力助手,親身參與了河西地區抗擊吐蕃的全過程。རྒྱ་ནག་གི་ཞིབ་འཇུག་པས་འདི་ལྟར་བྲིས་ཡོད། ཐང་གི་མཐའ་མཚམས་ཀྱི་དམག་ལ་ཕམ་ཉེས་བྱུང་རྗེས་ཝང་ཤེ་བོད་དུ་བཟང་བཙོན་དུ་ཁྲིད་ཡོད། ཐང་གི་རྒྱལ་ཁབ་ལ་རྒྱུས་ལོན་ཆེད་ཁོ་མ་བསད་པར་བཙན་པོའི་མངའ་འོག་ཏུ་བློ་འདྲི་སར་བཞག་ཡོད་པས། ཁོས་བཙན་པོ་ལ་ལན་གསུམ་གོང་འབུལ་ཡི་གེ་བྲིས་ཡོད། ཡི་གེ་དེ་དག་གི་ནང་དོན་རྒྱ་ནག་མཁས་པས་སྤྱི་སྡོམ་ལྟར་ན། རུའུ་ལུགས་ཀྱི་མི་ཆོས། ཏོ་ཆོས་ལུགས་ཀྱི་གནས་ལུགས། ནང་ཆོས་ཀྱི་བྱམས་བརྩེ་སོགས་ཀྱིས་བཙན་པོ་ལ་བློ་འགུལ་ཐེབས་བཅུག་སྟེ། ཁོ་རང་བཙོན་ལས་ཐར་ཐབས་དང་། ཐང་བོད་ལ་ཞི་བདེ་བྱུང་ཐབས་ལ་འབད་པ་བྱས་པ་རེད་ཅེས་བརྗོད་ཡོད། འོན་ཀྱང་ཁོ་ལ་དབང་དང་ཐོབ་ཐང་ཡོད་པའི་དུས་སུ་ཞི་བདེའི་ལམ་ལུགས་བེད་སྤྱོད་མ་བྱས་པར་བོད་ལ་འགོག་རྒོལ་དམག་འཁྲུགས་ལན་མང་བྱས་ཏེ་བོད་པ་ཅི་ཐུབ་བྱེད་མཁན་ཞིག་ཡིན། ཁོ་རང་ཕམ་ཉེས་བྱུང་རྗེས་སུ་ཨུ་ཐུག་སྟེ་ཞི་བདེ་མཁན་པོ་ཞིག་ཏུ་བརྫུས་ཏེ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་དྲན་པའི་གཏམ་སྙན་ཡིད་དབང་འགུགས་པ་མང་པོ་བཤད་པ་ཞིག་རེད། ཝང་ཤེ་བོད་དུ་སླེབས་རྗེས་ཁོའི་ཤེས་རྒྱ་ལ་དཔག་པའི་ནུས་པ་ཡག་པོ་ཐོན་ཏེ་བཙན་པོ་དང་། རྒྱལ་བློན་ཡོངས་ལ་ཤུགས་རྐྱེན་མི་ཉུང་བ་ཐེབས་ཡོད། དེ་ནས་དམག་འཁྲུགས་ཀྱིས་ཕམ་ཀྱང་ཆོས་ལུགས་བེད་སྤྱོད་བཏང་ནས་བོད་ཀྱི་ནང་དཀྲུགས་པའམ་དབང་བསྒྱུར་གྱི་ཐབས་ལམ་བེད་སྤྱད་པས་རེ་ཞིག་དབང་ཐང་དར་ཏེ་བོད་ཀྱི་གདན་ས་ཆེན་པོ་བསམ་ཡས་དང་ལྷ་ས་སོགས་ལ་ཡང་གཡོ་འགུལ་ཐེབས་མོད། བོད་ཀྱི་མཁས་པ་བཻ་རོ་ཙ་ན་སོགས་ཤེས་ཡོན་པའི་སྡེ་ཚན་གྱིས་ངོས་ལེན་མ་བྱས་མཐར་ཝང་ཤེ་དང་མ་ཧཱ་ཡ་ནའི་ཕྱོགས་ཕམ་པ་ཡིན་སྲིད།
༡༡༽བཙུན་མོའི་ཕྱོགས་དབང་ཤུགས་ཆེ་བ་ཡང་ཡིན།
བཻ་རོ་ཙ་ན་བོད་ཡུལ་ཙམ་དུ་མ་ཟད་རྒྱ་གར་གྱི་མཁས་པ་རྣམས་ཀྱིས་བསྔགས་བརྗོད་གནང་ཡུལ་རྩོད་མེད་ཀྱི་མཁས་གྲུབ་གཉིས་ལྡན་ཞིག་ཡིན་མོད། སྐུ་ཚེ་གང་བོར་བསྟན་དོན་དུ་ཕྱག་ལས་གནང་བར་བར་ཆད་ཀྱང་མི་ཉུང་བ་བྱུང་སྟེ། དང་པོར་རྒྱལ་པོའི་བཙུན་མོ་དམར་རྒྱན་བཟའ་དང་བོན་བློན་རྣམས་ཀྱི་ཤུགས་རྐྱེན་གྱིས་བཻ་རོ་རྒྱལ་རོང་དུ་སྤྱུགས་པ་དང་། སྟོན་རྩེན་རྩོད་པའི་སྐབས་འདིར་ཡང་རྒྱལ་པོའི་བཙུན་མོ་བྱང་ཆུབ་སྒྲོན་སོགས་ཀྱི་ཤུགས་རྐྱེན་གྱིས་འགལ་རྐྱེན་བསླངས་པ་ཞིག་ཀྱང་ཡིན་པ་ཤུགས་ཀྱིས་གོ་ཐུབ། དེ་ལ་དང་པོ་བན་བོན་གཉིས་དང་། བར་དུ་བསྟན་པ་ནང་ཁུལ་གྱི་རྩོད་པའི་ཁྲོད་དུ་བཻ་རོ་ནི་རང་ཚུགས་མི་འགྱུར་བར་ནང་པའི་ལྟ་གྲུབ་གཙང་མ་སྲོག་ལ་ཐུག་ཀྱང་འཛིན་མཁན་ཞིག་ཡིན་པ་དང་། ནང་པ་སངས་རྒྱས་པའི་གཞུང་ལུགས་ལ་ངེས་ཤེས་གཏིང་ཚུགས་པ་ཡོད་པས་གཞན་རྐྱེན་གྱིས་བསྒྱུར་མི་ཐུབ་པའི་མཁས་པ་རང་ཚུགས་ཅན་གྱི་རྣམ་པ་གསལ་བོ་བསྟན་ཡོད། རྒྱལ་པོའི་བཙུན་མོ་སོགས་མཐོ་རིམ་མི་སྣ་འགའ་ཞིག་ནི་སངས་རྒྱས་པའི་ཆོས་ལུགས་ལ་གོ་བ་རྣལ་མ་ཆགས་མེད་པར་མ་ཟད་གང་ན་མི་ཚོགས་མང་པ་དང་གོ་སྐབས་ཡོད་པ་དེའི་རྗེས་སུ་འབྲངས་རྐྱེན་པའི་སྐབས་འཚོལ་བའི་ཆབ་སྲིད་པའི་རྣམ་པ་མཐོང་ཐུབ་པ་དང་། དེང་དུས་ཀྱི་ཆོས་པ་ཕལ་མོ་ཆེ་ལྟར་དཔྱད་པ་མེད་པར་རི་བོང་ཅལ་འདྲོག་གི་ཚུལ་དུ་འགྲོ་བ་ཡང་ཡིན་སྲིད། སྦ་དཔལ་དབྱངས་ཀྱིས་ཆོས་བསྒྱུར་བ་ལ་ཞང་བློན་ཆེན་པོ་ངན་ལམ་སྟག་ར་ཀླུ་གོང་སོགས་ཀྱིས་བར་གཅོད་བྱུང་བ་གོང་དུ་གསལ་བ་ལྟར་རོ། །
༡༢༽ཤེས་ཡོན་པའི་སྡེ་ཚན་པ་ལ་རྒྱབ་སྐྱོར་ཉུང་བ་ཡིན།
སྤྱིར་ཆོས་ལུགས་ཀྱི་གོ་བ་གཏིང་ཟབ་མོ་ནི་ཆོས་ལུགས་མཁན་པོ་རྣམས་ཀྱི་སྒེར་གྱི་མཛད་པ་ཡིན་པ་ལས།བཟའ་ཞོར་བཏུང་ཞོར་དུ་ཆོས་བྱེད་པའི་སྐྱེ་བོ་ཕལ་བ་རྣམས་ཀྱིས་ཁ་ཏོན་དང་དགེ་སྦྱོར་ཕྲན་བུ་དང་མཆོད་འབུལ་ཚོགས་བསགས་སོགས་གཙོ་བོར་བྱེད་པས་ལྟ་གྲུབ་སྐོར་ཤེས་མཁན་ཡང་དཀོན་ལ་དེ་ཙམ་དོ་སྣང་ཡང་མེད་སྙམ། རྒྱ་གར་ནས་ཆོས་བསྒྱུར་བའི་འགོག་རྐྱེན་ལན་མང་བྱུང་བ་ལོ་རྒྱུས་ཀུན་ཏུ་གསལ་ཞིང་། ནང་བསྟན་གྱི་མཁས་པ་མང་པོ་ཞིག་ལྐོག་ནས་གསོད་པ་དང་། མངོན་ནས་རྒོལ་བ། ཁྲིམས་ལ་སྦྱར་བ། མཐར་སྤྱུགས་པ་སོགས་ཀྱི་གནས་ཚུལ་བྱུང་ཞིང་། རྙོག་གྲ་གཅིག་གི་མཇུག་མ་དྭངས་བའི་སྐབས་དེར་གོ་སྐབས་རིང་ལུགས་པའི་སྡེ་ཚན་ལ་ཁེ་བཟང་ཐོབ་སྟེ་འཆར་གཞི་ལྡན་པས་ཕུ་དཀྲུགས་མདོ་དཀྲུགས་ཀྱིས་ནང་བསྟན་ཤེས་ཡོན་པའི་སྡེ་ཚན་ལ་གནོན་ཤུགས་སྤྲད་པ་ཞིག་རེད་སྙམ།
༡༣༽མི་གསོད་ཁྲག་སྦྱོར་བྱེད་པའི་ཆོས་ལུགས།
སྦ་བཞེད་ལྟར་ན། མ་ཧཱ་ཡ་ནའི་སློབ་མ་ལས། མྱང་ཤ་མིས་རང་གི་ཤ་གཏུབས། སྙ་བྱེ་མ་ལས་དང་། རྔོག་རིན་པོ་ཆེས་རང་གི་ཕོ་མཚན་བརྡུངས། རྒྱའི་སྟོན་པས་རང་གི་མགོ་ལ་མེ་བཏང་སྟེ་འདས་ཏེ། གཞན་མ་རྣམས་ནས་ཆུ་གྲི་རེ་རེ་སྲེལ་ཞིང་བརྩེ་མིན་པ་རིལ་བསད་ལ། ངེད་ཀྱང་རིལ་ཕྲུལ་མའི་ངོས་ཏེ་འཁྲུལ་པའི་ངོས་ལ་མཆིའོ། །ཞེས་དང་། རང་ཤི་བྱེད་པ་དང་རིམ་གྱིས་པའི་ཕྱོགས་སྡེབ་གསོད་བྱེད་དགོས་ཟེར་གསོད་པའི་མཚོན་ཆ་ཡང་ཉར་ཡོད་པ་བྲིས་འདུག ཡང་སྦ་བཞེད་ལས། ཀཱ་མ་ལ་ཤི་ལ་མུ་སྟེགས་ཀྱི་གཤེད་མ་བཏང་ནས་ནུབ་མོ་སྒྲ་བསྒྱུར་གྱི་གཟིམ་མལ་དུ་མཁལ་མ་མཉེས་ནས་བཀྲོངས། ཞེས་དང་། ཉང་གི་ཆོས་འབྱུང་དུ། ནུབ་མོ་སྒྲ་བསྒྱུར་གྱི་ཁང་པར་ཀཱ་མ་ལ་ཤི་ལ་མུ་སྟེགས་ཀྱི་གཤེད་མ་བཏང་བས་གཟིམ་མལ་དུ་མཁལ་མ་མཉེས་ནས་བཀྲོངས་ཀྱང་ཟེར་ཏེ། དེ་ནི་གཡོག་པོ་གསེར་གཉེར་བ་རྒྱ་གར་དྷ་ན་ཤྲཱི་བྱ་བས་བསད་པ་ཡིན་ནོ། །ཞེས་བཀྲོངས་པའི་ཚུལ་ལ་གསོད་མཁན་བཏང་ནས་སྐུ་བཀྲོངས་པ་དང་། གཡོག་པོ་ལ་གསེར་སྦྱིན་ནས་གསོད་དུ་བཅུག་པ་གཉིས་འཁོད་ཀྱང་དོན་དུ་གཞན་གྱིས་བསད་པ་བསྟན་ཡོད། དེ་བཞིན་སྦ་དཔལ་དབྱངས་དང་། སྦ་ཡེ་ཤེས་དབང་པོ་སོགས་ཀྱང་རིམ་བཞིན་སྐུ་གཤེགས་པས་སྟོན་མིན་པས་རྩེན་མིན་པ་རིལ་གསོད་བྱ་འགུལ་ལག་ལེན་དུ་བཏབ་པ་ཡིན་སྲིད། གལ་ཏེ་དེ་ལྟར་བྱས་པ་བདེན་ན་ཧྭ་ཤང་མ་ཧཱ་ཡ་ནའི་ཕྱོགས་ཀྱི་ཚོགས་སྡེ་དེ་ཉིད་མི་གསོད་ཁྲག་སྦྱོར་བྱེད་མཁན་ཞིག་ཏུ་གྱུར་པས། འཇིགས་སྐུལ་བྱེད་མཁན་གྱི་ཆོས་ལུགས་ཤིག་ལས་ནང་པ་སངས་རྒྱས་པའི་ལྟ་གྲུབ་གཙང་མ་སྐྱོང་མཁན་ཞིག་མིན་པར་ཤེས་ཐུབ། གཅིག་བྱས་ན་དགེ་སྟོང་སྡིག་སྟོང་གི་ལྟ་བ་སྤྱོད་པའི་ཐོག་ཏུ་གསལ་བས་བཻ་རོ་ཙ་ན་སོགས་མཁས་པའི་དབང་པོ་རྣམས་ཀྱིས་དགག་པ་བྱས་པའང་དོན་ལ་གནས་པ་ཡིན།
༡༤༽ཆོས་ཁུངས་རྒྱ་གར་ལ་གཏུག་དགོས།
ཐོག་མའི་འབྱུང་ཡུལ་དང་སྐད་ཡིག་ལ་ཁུངས་བཅོལ་བ་འཛམ་གླིང་སྤྱིའི་ལུགས་སྲོལ་དུ་གྱུར། རྒྱ་ནག་གི་སློབ་དཔོན། ཧྥ་ཤན། ཡི་ཅིན། ཐང་སན་ཙང་སོགས་ཀྱིས་ཀྱང་ཡུལ་གཞན་ནས་རྒྱ་ནག་ཏུ་དར་བའམ་སྔར་བསྒྱུར་ཡོད་པ་ཁུངས་དག་མིན་གྱི་དོགས་པ་བྱུང་སྟེ། ཆོས་རྣམ་དག་སྦྱོང་བའི་ཆེད་དུ་དཀའ་བ་སྤྱད་དེ་རྒྱ་གར་ཏུ་ཕྱིན་ནས་རྙེད་པའི་ཆོས་ཁུངས་བཙུན་ཚུལ་བསྟན་ཡོད། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན་སོགས་རྩོད་པའི་ཁྱུ་མཆོག་རྣམས་ཡོད་ཀྱང་བོད་ནང་ཁུལ་གྱི་རྩོད་པ་ནང་ནས་ཞི་ཐབས་མ་ཐོན་པར་འཕགས་ཡུལ་གྱི་ཆོས་སྡེ་ཆེན་པོ་ནས་ཕེབས་པའི་པཎྜི་ཏ་ཀ་མ་ལ་ཤཱི་ལ་གདན་དྲངས་ཏེ་རྩོད་པ་བྱེད་བཅུག་པ་དེའང་ཐབས་ལ་མཁས་པའི་མཛད་པ་ཞིག་ཡིན།
༡༥༽ཡང་དག་པའི་ཆོས་རྒྱ་ནག་ནས་ཀྱང་བསྒྱུར་ཡོད།
ཆོས་རྣམ་དག་རྒྱ་བོད་གང་དུ་ཡོད་ཀྱང་བོད་ཀྱི་ལོ་ཙཱ་རྣམས་ཀྱིས་མཐོང་ཆེན་བྱས་ཏེ་བོད་ཡིག་ཏུ་བསྒྱུར་ཡོད།དཔེར་ན། ཕལ་པོ་ཆེ་དང་། གསེར་འོད་དམ་པ་སོགས་རྒྱ་ནག་སྐད་ལས་བསྒྱུར་ཡོད། པདྨ་བཀའ་ཐང་ཤེལ་བྲག་མ་ལས། རྒྱ་ནག་ཧྭ་ཤང་མ་ཧཱ་སཱུ་ཏྲ་དང་། །རྒྱ་ནག་མཁས་པ་སཾ་ཤི་ལ་སོགས་དང་། །རྨ་བན་རིན་ཆེན་མཆོག་སོགས་ལོ་ཙཱ་ལྔས། །སྤང་སྐོང་ཕྱག་རྒྱ་མདོ་སྡེ་རྒྱ་ནག་མ། །འདུས་པ་པོད་གཅིག་ཕལ་ཆེན་རྒྱ་ནག་མ།།གསེར་འོད་དམ་པ་བདུད་ལས་རྣམ་རྒྱལ་དང་། །སྲི་གཟུངས་སྒྲོལ་མ་སོགས་མང་དུ་བསྒྱུར། །ཞེས་གསལ་བ་ལྟར་མདོ་དེ་དག་རྒྱ་དཀར་ནག་གཉིས་ཀྱི་ཡི་གེ་ལས་བསྒྱུར་བ་ཡོད། ཐེག་ཆེན་བསམ་གཏན་པར་གདེང་འཇོག་ཆེན་པོ་བྱས་པ་ལས་རྒྱ་ནག་ལས་བྱུང་བ་ལ་མཐོང་ཆུང་གཏན་ནས་བྱས་མེད།
༡༥༽མདོ་ལུང་བརྒྱད་ཅུས་ལན་ཐེབས་མེད།
ཀཱ་མ་ལ་ཤཱི་ལའི་དྲི་བ་ནི་གཞི་ལམ་འབྲས་གསུམ་གྱི་ལུས་ཡོངས་སུ་རྫོགས་པའི་སྐོར་ནས་གླེང་བ་ཡིན་ལ། མ་ཧཱ་ཡ་ནའི་ལན་ནི། དོན་དམ་སྟོང་པ་ཉིད་ལ་དངོས་པོ་དང་མཚན་མ་མེད་པའི་སྐོར་དང་། ཆོས་དབྱིངས་སྟོང་པ་ཉིད་གནས་ལུགས་མཐར་ཐུག་ཡིན་པ་དང་། སྟོང་པ་ཉིད་ལ་ཐམས་ཅད་འདུ་བའི་ཕྱོགས་ནས་ལན་བཏབ་པ་ཡིན་པས། དེ་དག་ཀཱ་མ་ལ་ཤཱི་ལའི་དྲི་བ་མིན་པས་དོན་དུ་ལན་རྣལ་མ་གཅིག་ཀྱང་བཏབ་མེད། གོ་བདེ་བར་བཤད་ན། དེ་རིང་ལྟོ་སྟོང་ཡིན་ནམ་དྲིས་པ་ལ། ཁ་སང་ཟ་མ་ཟོས་པ་ཡིན། ཟེར་བ་ལྟར། ཀུན་རྫོབ་ཏུ་དགེ་སྡུག་ཕན་གནོད་དྲིས་པའི་ལན་དུ། སྟོང་པ་ཉིད་ཀྱི་ངོ་བོ་ལ་དགེ་སྡུག་གཉིས་ཀ་མེད། ཟེར་བ་ལྟ་བུ། སངས་རྒྱས་ཐོབ་པའི་ཐབས་ཚོགས་གཉིས་གསོག་ཚུལ་དྲིས་པར། སྟོང་ཉིད་བསྒོམ་པས་སངས་རྒྱས་ཐོབ། ཟེར་བ་ལྟ་བུ་ཤ་སྟག་ཡིན། གོང་གི་དཔེ་རྣམས་ཧྭ་ཤང་གི་གསུང་དུ་དངོས་སུ་མེད་ཀྱང་དཔེ་གོ་སླ་བར་བཤད་ན་དེ་ལྟ་བུ་རེད། ཀཱ་མ་ལ་ཤཱི་ལས་སྟོང་ཉིད་དོན་དམ་མ་ཡིན་པ་དང་། སྟོང་ཉིད་ཀྱི་ངོ་བོར་དགེ་སྡུག་གི་སྤྲོས་པ་ཡོད་པར་ནམ་ཡང་མི་འདོད་ཚུལ་སྒོམ་རིམ་ཐ་མ་ན་ཆེས་གསལ། མ་ཧཱ་ཡ་ནས་ཞིབ་ཆ་མེད་པ་དང་། ཀུན་རྫོབ་བདེན་པ་དྲིས་པ་ལ་དོན་དམ་ཆོས་ཉིད་ཀྱི་བདེན་པ་དང་། ཆོས་དབྱིངས་སྤྲོས་བྲལ་གནས་ལུགས་མཐར་ཐུག་ཡིན་པར་གྲུབ་ཚུལ་གྱི་མདོ་ལུང་བརྒྱད་ཅུ་དྲངས་པ་ནི་ཕལ་ཆེར་འབྲེལ་མེད་ཤ་སྟག་ཅེས་བཤད་ཀྱང་མི་རུང་བ་མེད། ལུང་གི་ཁུངས་རྣམས་ལ་ཞིབ་ཏུ་དཔྱད་ན་མདོ་སྡེ་དེ་དག་གི་གཞུང་ཆ་ཚང་བའི་རྣམ་བཞག་བསྐྱུར་ནས་རང་གི་འདོད་པ་དང་མཐུན་པའི་ཚིག་རིས་སྣ་ཚོགས་ཆེད་དུ་བཙལ་ཏེ་ཁོལ་དུ་ཕྱུངས་ནས་བསྒྲིགས་པ་ཞིག་ཡིན།
༡༦༽སྟོན་མིན་དང་ཐེག་ཆེན་དབུ་མའི་ལུགས་སྲོལ་ཐ་དད་ཡིན།
འགའ་ཞིག་གིས་སྟོན་མིན་དབུ་མའི་ལུགས་སྲོལ་ཡིན་ཅེས་སྨྲ་བར་བྱེད་མོད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་ཐེག་ཆེན་དབུ་མའི་ལུགས་ལས་རིང་དུ་གྱེས་པས་ག་ལ་ཡིན། དབུ་མར་སྨྲ་བའི་གཞན་གྱི་ལུགས་ཡིན་པ་ཡང་མི་གསལ་ཞིང་། འཚོ་བ་དབུ་མ་ཙམ་ཡང་བྱེད་པ་ནི་ཡིན་མིན་ཁ་གསལ་ཁ་མ་མཆིས་སོ། །མི་འདྲ་བའི་གནས་མང་དུ་འདུག་པ་ལས་མདོར་བསྡུ་ན། ༡བརྒྱུད་པ་མི་འདྲ། འཕགས་ཡུལ་ནས་བརྒྱུད་པའི་དབུ་མ་ཐལ་འགྱུར་པ་དང་རང་རྒྱུད་པའི་སློབ་དཔོན་གང་གི་རྗེས་འབྲང་ཡང་མིན་ནོ། ། ༢་ལྟ་བ་གཏན་ལ་འབེབ་ཚུལ་མི་འདྲ། དབུ་མའི་གཏན་ཚིག་ཆེན་པོ་བཞི་འམ་ལྔ་སྟེ་། གཅིག་དུ་བྲལ་དང་། རྡོ་རྗེ་གཟེགས་མ་དང་། ཡོད་མེད་སྐྱེ་འགོག་དང་། མུ་བཞི་སྐྱེ་འགོག་དང་། རྟེན་ཅིང་འབྲེལ་འབྱུང་གི་གཏན་ཚིག་གང་ལ་ཡང་མ་བརྟེན་པར། མདོ་ལུང་ཙམ་རྒྱུ་མཚན་བྱེད་པར་ཟད་དོ། །གཏན་ཚིག་ཆེན་པོ་ལྔ་དང་བྲལ་བའི་སྐྱོན་ཇི་སྙེད་ཀྱང་འབྱུང་བ་ཡིན་ནོ། །༣སྒོམ་པ་ཉམས་སུ་ལེན་ཚུལ་མི་འདྲ། འགའ་ཞིག་གིས་ཟག་པ་མེད་པའི་རྣམ་པ་ཅན་གྱི་ཉེར་བསྡོགས་ལ་ཡིད་བྱེད་བདུན་ལ་སོགས་པའི་རྣམ་པར་བཞག་པ་མེད་པས། ཐོག་མ་ཉིད་ནས་ཅི་ཡང་མེད་པའི་སྟོང་ཉིད་ཅིག་གི་ངང་དུ་བཞག་ན་འཐད་པ་དང་དེ་དབུ་མའི་ལམ་ཡིན་ཚུལ་ནི་རྩ་བ་མེད་པའི་སྡོང་པོ་ལ་འཐམ་པ་ཁོ་ནར་ཟད་དོ། །ཟག་མེད་ལ་ཡིད་བྱེད་བདུན་གྱི་རྣམ་བཞག་མེད་པས་ལས་དང་པོ་བ་ཅི་ཡང་ཡིད་ལ་མི་བྱེད་པར་སྡོད་དགོས་ཚུལ་བསྟན་མིན་པར་མ་ཟད། དབུ་མའི་ལུགས་ལ་ལྟ་བ་གཏན་ལ་མ་ཕབས་པར་སྒོམ་པ་ཞིག་ཉམས་སུ་ལེན་ཚུལ་གཏན་ནས་མེད་པས་སོ། །ཞི་གནས་ཙམ་ཕྱི་ནང་གཉིས་ལ་ཡོད་ཀྱང་། ཞི་གནས་མཚན་ཉིད་པ་དང་ལྷག་མཐོང་བསྒོམ་པ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་སོ།། ཐོག་མར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་ཅན་སོ་སོ་ལ་དམིགས་དགོས་ཏེ། ཁྱད་གཞི་མ་བཟུང་བར་ཁྱད་ཆོས་ལ་སྒྲོ་འདོག་མི་ཆོད་པའི་ཕྱིར་རོ། །དབུས་མཐའ་རྣམ་འབྱེད་ལས། སེམས་གནས་ལས་སུ་རུང་བ་ཉིད། དོན་རྣམ་ཐམས་ཅད་འབྱོར་བར་འགྱུར། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བརྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་པ་ལྟར་ཐེག་ཆེན་པའི་སེམས་གནས་སྒྲུབ་པའི་ཐབས་རྣམས་དགོས་ཤིང་། དེ་དང་མ་ལྡན་ན། ལམ་སྒྲོན་ལས། ཞི་གནས་ཡན་ལག་རྣམས་ཉམས་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང་། །ལོ་ནི་སྟོང་ཕྲག་དག་གིས་ཀྱང་། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །ཞེས་གསུངས་སོ། །མདོ་སྡེ་རྒྱན། དབུ་མ་རིན་ཆེན་འཕྲེང་བ། ཤེར་ཕྱིན་མངོན་རྟོགས་རྒྱན་དང་། ཇོ་བོ་རྗེའི་དབུ་མའི་མན་ངག་སོགས་རྒྱས་བསྡུས་གང་གི་ལུགས་ཡིན་ཀྱང་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཞིག་དགོས་པ་ལས་ཐོལ་བྱུང་དུ་ཁོལ་འཛིན་གྱིས་ཅིག་ཆར་བའི་ལམ་ཞིག་སྒོམ་ཚུལ་མེད་དོ། ། ༤སྤྱོད་པ་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཚུལ་མི་འདྲ། ལམ་དབུ་མ་ཚོགས་གཉིས་ཟུང་འཇུག་བྱེད་དགོས་པ་མཁས་པ་སྤྱི་ལ་གྲགས་པའི་ཆོས་སྐད་ཡིན། ཀཱ་མ་ལ་ཤི་ལས་ཧྭ་ཤང་ལ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སློབ་ཚུལ་དྲིས་པར། ཆོས་ཀྱི་དབྱིངས་ལ་ཕར་ཕྱིན་དྲུག་རྫོགས་པའི་མདོ་ལུང་དྲང་པ་ལས། ཐེག་པ་ཐུན་མོང་པའི་རྒྱུ་འབྲས་ཀྱི་རྣམ་བཞག ཚོགས་གཉིས་གསོག་ཚུལ་དང་། ཐེག་ཆེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཚུལ་གྱི་རྣམ་བཞག་སྨྲ་རྒྱུ་ཟད་ནས་འདུག་པས་སྤྱོད་པ་ལ་ཁྱད་པར་ཤིན་ཏུ་ཆེ་བར་སྣང་། ༥ལྟ་བསྒོམ་སྤྱོད་པ་མི་འདྲ་བར་འབྲས་བུ་མཚུངས་པའི་གནས་མེད་དོ། །
༡༧༽སྟོན་མིན་དང་ཕྱག་ཆེན་མི་མཚུངས།
འགའ་ཞིག་གིས་སྟོན་མིན་དང་ཕྱག་ཆེན་མཚུངས་ཚུལ་གསུངས་མོད། བོད་དུ་དར་བའི་ཕྱག་ཆེན་དང་ནི་སྒོ་ཀུན་ནས་མི་འདྲ་ཚུལ། ཤར་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱིས་ལྟ་བསྒོམ་འབྲས་བུ་བཅས་པའི་ཁྱད་པར་ཡོད་ཚུལ་རྒྱས་པར་གསུངས་པ་ལས་ཤེས་ཐུབ་པ་དང་།མདོ་སྔགས་ཀྱི་ཕྱག་ཆེན་གང་ཡིན་ཡང་ཐོག་མ་ཉིད་ནས་སྒོམ་རིམ་མེད་པ་ཞིག་མེད་ལ། ཕྱག་ཆེན་མན་ངག་ཀུན་གྱི་རྩ་བ་ལྟ་བུ་གངྒཱ་མ་ལས། སྡུག་བསྔལ་ཐར་འདོད་བླ་མ་མཁས་པ་བསྟེན། །བྱིན་རླབས་ཞུགས་པས་རང་སེམས་གྲོལ་བར་འགྱུར། །ལས་རྒྱ་བརྟེན་ན་བདེ་སྟོང་ཡེ་ཤེས་འཆར། །ཐབས་དང་ཤེས་རབ་བྱིན་རློབས་སྙོམ་པར་ཞུགས། །ཞེས་འཁོར་བའི་སྡུག་བསྔལ་བསམས་ནས་ངེས་འབྱུང་དང་བྱང་སེམས་བསྐྱེད་པའི་རིམ་པ། གསང་བ་སྔགས་ཀྱི་བླ་མ་བསྟེན་ཅིང་བྱིན་རླབས་དབང་བཞིའི་ཉམས་ལེན་སོགས་ལམ་གྱི་རིམ་པ་ཆ་ཚང་བ་ལ་བསྟེན་པར་གདམས་པ་ལས། །གང་ཡང་ཡིད་ལ་མི་བྱེད་པ་ཞིག་ལ་ཐད་གར་དམར་འཇུ་བྱེད་པར་མ་བསྟན་ཏོ། །
༡༨༽རྫོགས་ཆེན་དང་སྟོན་མིན་ལུགས་སྲོལ་ཐ་དད་ཡིན།
ཡང་འགའ་ཞིག་རྫོགས་ཆེན་དང་སྟོན་མིན་གཅིག་པར་གསུང་བ་གཏན་ནས་ནོར་བ་སྟེ། སེམས་ཀློང་མན་ངག་གི་སྡེའི་ལྟ་སྒོམ་སྤྱོད་པ་ཀུན་དང་མཐུན་པའི་གནས་མེད་དོ། །ཀུན་མཁྱེན་ཀློང་ཆེན་པ་དང་རིག་འཛིན་འཇིགས་མེད་གླིང་པ། རིག་འཛིན་ཚེ་དབང་ནོར་བུ་སོགས་ཀྱིས་ཧྭ་ཤང་གི་བཞེད་པ་ཁས་བླང་བ་མ་ཡིན་ནམ་སྙམ་ན། ཕྱོགས་གཅིག་ཁས་ལེན་བྱས་པས་ཡོད་དོ་ཅོག་སྐྱོན་མེད་དུ་བསྒྲུབས་པ་མ་ཡིན་ནོ། །གང་ཁས་ལེན་པ་དེ་ནི། བརྒྱུད་པ་སངས་རྒྱས་ལས་བྱུང་བ། བྷོ་དྷི་དྷརྨ་ཏཱའི་དགོངས་པ་འཁྲུལ་མེད་ཡིན་པ། ཡུལ་ཆོས་དབྱིངས་ལ་དགེ་སྡུག་ཕན་གནོད་མེད་པ་དོན་དུ་གནས་པ། དེ་ཉིད་རྟོགས་པའི་གང་ཟག་ཆོས་ཐམས་ཅད་མཉམ་ཉིད་རོ་གཅིག་ཏུ་གཟིགས་པའི་ཡུལ་དུ་འཐད་པར་འདོད་པ་ཙམ་མོ། །དེ་དག་གི་གསུང་སྒོམ་རིམ་ཐ་མར་གསུང་བ་དང་ཁྱད་པར་མེད་དོ། །བློ་ཆུང་ལས་དང་པོ་རྣམས་ཀྱི་ཁོང་དུ་མི་ཆུད་པས་ཐེག་པའི་འཇུག་རིམ་སྤྱི་དང་མཚུངས་པ་དགོས་ཚུལ་གྱིས་ཐེག་པ་གསུམ་གྱི་བརྗོད་བྱ་དང་འབྲེལ་བའི་གསུང་འབུམ་གཏོས་ཆེ་བ་རེ་བཞག་ཡོད་པ་ལས་ཤེས་དགོས་སོ། །
རྫོགས་ཆེན་ལ་རྒྱུད་ཀྱི་རྣམ་གྲངས་རྒྱ་ཆེ་ཡང་གཙོ་བོ་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་འདུ་སྟེ། སེམས་སྡེ་ལ་ཐུན་མོང་བློ་སྦྱོང་ཟིན་པ་དང་། སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་དབང་བསྐུར་ནས། ཀློང་དགུ་བམ་པོ་ཉི་ཁྲི་ཆིག་སྟོང་གི་བརྗོད་དོན། ལྟ་བའི་དབྱིངས་སུ་ལ་ཟློ་བ་དང་། སྒོམ་པའི་ངང་དུ་མཉམ་པར་འཇོག་གཉིས་ཀྱིས་ཀུན་བཟང་གདོད་མའི་མགོན་པོའི་རྒྱལ་སར་སྐྱེལ་བའི་གདམས་པ་སྟེ། །དེ་ལ་དང་པོ་རྟོག་པ་རྩད་གཅོད་པ། བར་དུ་སེམས་ཀྱི་མཚང་བཙལ་བ། མཐར་བྱུང་གནས་འགྲོ་གསུམ་ལ་བརྟགས་པ་དང་། གནས་པ་སེམས་ཀྱི་རྒྱན་དུ་ཤར་བ། འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ། གཉིས་མེད་མཉམ་པའི་ངང་དུ་ལ་ཟློ་བ་སོགས་ཀྱིས་ཞི་ལྷག་ལེགས་པར་བསྒྲུབས་དགོས་པས་སྒོ་གསུམ་གྱི་གནད་ལ་བསྣུན་ཚུལ་གྱི་ཁྱད་པར་ཡང་ཤིན་ཏུ་ཆེའོ། །
ཀློང་སྡེ་ལའང་ཐུན་མོང་གི་བློ་སྦྱོང་ཟིན་ནས། ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་དབང་ངམ། སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དབང་སྐུར་ཞིང་། ལྟ་བ་མ་ནོར་བ། སྒོམ་པ་མ་བཅོས་པ། སྤྱོད་པ་བསམ་ལས་འདས་པ།འབྲས་བུ་བློ་དང་བྲལ་བ་མངོན་དུ་བྱེད་ཚུལ་གྱི་ཐབས་ཁྱད་པར་ཅན་ཡོད། རིམ་པར་གནས་ཉམས། མི་གཡོ་བའི་ཉམས། མཉམ་ཉིད་ཀྱི་ཉམས། ལྷུན་གྲུབ་ཀྱི་ཉམས་བཞི་མཐར་ཕྱིན་པར་བྱེད་པའི་ལམ་གྱི་རིམ་པ་ཚང་ལ་མ་ནོར་བ་བཞུགས། སེམས་ཀློང་ལ་ས་ལམ་བརྩི་བྱ་མེད་ཅེས་པའང་ཆོས་དབྱིངས་སྤྲོས་བྲལ་ལ་བྱེད་ཀྱིས། ལམ་གོམས་པའི་རིམ་པ་གཏན་མེད་མིན་ནོ། །
མན་ངག་སྡེ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བློ་སྦྱོང་གི་རིམ་པ་སོང་ནས། སྤྲོས་བཅས། སྤྲོས་མེད། རབ་ཏུ་སྤྲོས་མེད། ཤིན་ཏུ་སྤྲོས་མེད་བཞིའི་དབང་བསྐུར་ནས་རིག་པ་ངོ་སྤྲད་དེ། ཀ་དག་དང་ཁྲེག་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་དོན་ཉམས་སུ་ལེན་དགོས་པ་ཡིན་ནོ། །མདོར་ན་རྫོགས་ཆེན་ངོ་སྤྲོད་དང་སེམས་ཁྲིད་རྒྱས་བསྡུས་གང་ཡིན་ཡང་གཙོ་བོ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་དབང་བཞིའི་ཉམས་ལེན་རྩ་བ་བྱས་པ་ཞིག་ངེས་པར་ཡིན་དགོས་སོ། །ཧྭ་ཤང་ལུགས་ལ་འདི་འདྲའི་ཕྱོགས་ཙམ་ཡང་མ་གསུངས་པས། ཡུལ་ཆོས་དབྱིངས་ལ་དགེ་སྡུག་གི་ཕན་གནོད་ལས་འདས་པ་ཙམ་འདྲ་བ་ལ། ལྟ་བ་ངོ་སྤྲོད་ཚུལ། སྒོམ་པ་ཉམས་སུ་ལེན་ཚུལ། སྤྱོད་པ་བོགས་འདོན་ཚུལ། འབྲས་བུ་རིག་འཛིན་བཞིའི་ས་ལམ་དང་བཅས་པ་གཏན་ནས་མི་གཅིག་གོ། །
༡༩༽ཉང་གི་ཆོས་འབྱུང་དང་སྟོན་མིན་ལུགས།
མངའ་བདག་ཉང་གི་ཆོས་འབྱུང་ནི་དུས་རབས་བཅུ་གཉིས་པར་བརྩམས་པའི་བོད་ཀྱི་ལོ་རྒྱུས་སྔ་ཤོས་ཀྱི་གྲས་ཡིན། ཕལ་ཆེར་དེ་དུས་ཧྭ་ཤང་གི་སློབ་མ་ཚེ་ཐག་རིང་པོ་སྡོད་པ་རྣམས་ཀྱི་སློབ་རྒྱུན་མི་རབས་གསུམ་པ་ཡང་ཡོད་ཆོག ཧྭ་ཤང་དང་རྩོད་པ་བྱས་ཚུལ་བཤད་པའང་སྦ་བཞེད་དང་འདྲ་བ་ལ་ཁྱད་ཡོད་པ་དང་། སྐབས་དེར་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་བོད་ཀྱི་ཆོས་དང་རྒྱལ་བློན་ཆབ་སྲིད་བར་དུ་འགལ་བ་ཛ་དྲག་ཡོད་པ་བསྟན་འདུག་གོ། ཉང་ཉི་མ་འོད་ཟེར་ནི་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྗེས་འབྲངས་པ་དང་། མྱང་ཏིང་འཛིན་བཟང་པོ་དང་རིགས་བརྒྱུད་གཅིག་པ་ཡིན་ཡང་། དེ་གཉིས་ཧྭ་ཤང་སྟོན་མིན་པ་དང་བླ་སློབ་ཡིན་པའི་སྐོར་མི་གསལ་ཞིང་། རྩོད་པ་བྱུང་ཚུལ་རང་གིས་ཅི་ལྟར་གཟིགས་པའི་ཡིག་ཆ་མ་བཅོས་པར་བཀོད་འདུག་སྙམ།
༢༠༽ བསམ་གཏན་མིག་སྒྲོན་དུ་ཧྭ་ཤང་དང་རྫོགས་ཆེན་ཐ་དད་དུ་བཞེད།
བསམ་གཏན་མིག་གི་སྒྲོན་མེ་ནི་ཧྭ་ཤང་དང་རྫོགས་ཆེན་གཅིག་ཏུ་བསྒྲུབ་པའི་བསྟན་བཅོས་སུ་སྨྲ་བའི་མི་ཆེན་ཡང་འདུག་མོད་། གཞུང་ཁོ་རང་གི་དངོས་བསྟན་ནི་དེ་ལྟར་མ་ཡིན་ཏེ། སྤྱི་བཅིངས་ཀྱི་ལུང་དྲངས་ཏེ།རྫོགས་ཆེན་བླ་ན་མེད་པར་ཁས་འཆེ་ནས། །སྟོན་མིན་བསམ་གཏན་ཙམ་ལ་རྟེན་འཆའ་བ། །རྒྱལ་པོའི་སྲས་འབངས་བབ་པ་ལུང་དང་འགལ། །ཞེས་རྫོགས་ཆེན་ཧཱ་ཤང་སྟོན་མིན་གྱི་ལུགས་སུ་འདོད་པ་རྒྱལ་བའི་སྲས་པོ་འབངས་སུ་ཕབ་པ་དང་འདྲ་བས་མི་འོས་པར་གསུངས། བསམ་གཏན་མིག་སྒྲོན་ལེའུ་དང་པོར། མཉན་པར་བྱ་བ་ནི། རྒྱུ་འབྲས་ཐེག་པ་ཀུན་མཐུན་ཡང་། དོན་(ལྟ་སྒོམ་སྤྱོད་པ་འབྲས་བུ) མཐུན་པ་ནི་མ་ཡིན་ནོ། །དེ་ལས་(སྤྱིར་བསྟན)ཁྱད་པར་དུ་གདམས་ངག་རྣ་བར་བརྒྱུད་པའི་མན་ངག་ཐོབ་པར་བྱའོ། །དེ་ལ་རྒྱུའི་ཐེག་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་ཀར་འོད་སྲུངས་ལ་གདམས་ངག་ཕོག །དེ་ནས་དར་མཱོ་དྷཱ་ར་ལ་སོགས་པ་ནས། རྒྱ་ནག་པོར་བདུན་བརྒྱུད་ཐ་མ་ཧ་ཤང་མ་ཧཱ་ཡ་ན་ལ་ཐུག །དེ་ནས་བོད་ཡུལ་དུ་བཙན་པོ་དང་དགེ་སློང་རྣམས་ལ་ཡོད་པ་ནི་ནུབ་(གླང་དར་མའི་རིང་ལ་བཙུན་པ་ཡེ་ཤེས་དབང་པོ་བར་ཆད་དུ་གྱུར་པས་མཚན་ཉིད་ཀྱི་སློབ་དཔོན་བརྒྱུད་པ་ནུབ) དེ་དག་གི་འདོད་གཞུང་གི་ཡི་གེ་དག་ཡོད་པ་དེ་དག་དང་། ཀ་མཱ་ལ་ཤི་ལས་རིམ་པར་བསླབ་པ་ལ་སོགས་པ་དག་ཐེ་ཚོམ་ཆོད་པར་བྱས་ཏེ། ཕྱིས་སློབ་དཔོན་ལ་མི་སྙེག་པར་བྱ་བ་དང་། སྔགས་ནང་པ་ལ་མ་ཧཱ། ཐབས་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱི་མན་ངག་དང་། གདམས་ངག་ཐིག་ལེ་ལ་སོགས་ཏེ། སྟེང་འོག་གི་སྒོའི་མན་ངག་དང་། ལྷག་(འབྲོ་ལྷ་བུ་རིན་ཆེན་ནས་བཀའ་མ་ཆད་པར་བཞུགས་པ) པའི་རྣལ་འབྱོར་ཨ་ཏི། དག་ལ་ནི། ཅི་ལ་ཡང་བྱ་བ་མེད་པའི་མན་ངག་སྙན་ཁུང་བརྒྱུད་པ་ཐོབ་པར་བྱ་བ་སྟེ། ཞིབ་ཏུ་འོག་ནས་ཀྱང་སྟོན།། ཞེས་གསུངས་སོ། ། བསམ་གཏན་མིག་སྒྲོན་དུ་གཞུང་འདིར་འདོད་པ་བཞི་ཙམ་ཞིག་སྟོན་ཅིང་། དེ་དག་གི་དོན་མཐུན་པ་མ་ཡིན་ཞེས་དམ་བཅས་ཏེ། རེ་རེའི་འདོད་གཞུང་བཀོད་དེ་ཞིབ་ཅིང་ཕྲ་བར་མ་འདྲེས་པ་གསུངས་ཡོད་པ་དེར་དཔྱད་པ་ཞུགས་དགོས་སོ། །གཞུང་འདིའི་བརྗོད་བྱ་གཙོ་བོ་གསང་སྔགས་མ་ཧཱ་ཡོ་ག་དང་། ཁྱད་པར་རྒྱས་པར་བསྟན་པ་ནི་རྫོགས་པ་ཆེན་པོ་སྟེ། བསམ་གཏན་མིག་སྒྲོན་པོད་ཆེན་དེ་ཉིད་ཀྱི་ཕྱེད་ཙམ་དེ་ཁོ་ན་རྒྱས་པར་གསུངས་ནས་ཡོད་དོ། །
ལེའུ་དང་པོ་ནི། གནས་དང་དམ་བཅའ་བ་དང་། སྔོན་དུ་བྱུང་བ་དང་། ཆགས་པ་སྤང་བ་དང་། སྐྱོ་བ་བསང་བའི་དོན་བསྟན་ཏེ་དང་པོ། །ཞེས་གསུངས་པའི་གནས་ནི་དགོན་པའི་གནས་དང་། དམ་བཅའ་བ་ནི་བསམ་གཏན་བསྒོམ་པའི་སེམས་བསྐྱེད་དང་། སྔོན་དུ་བྱུང་བ་དང་། ཆགས་པ་སྤང་བ་ནི་འདུ་འཛིའི་སྐྱོན་བསམ་ནས་གདོན་པར་གནས་པ་དང་། སྐྱོ་བ་བསང་བ་ནི་དབེན་པའི་ཡོན་ཏན་དྲན་པའི་སྡེ་འདི་དག་ནི་བསམ་གཏན་གྱི་སྔོན་འགྲོའི་ཆོས་ཡིན་པར་བསྟན་ཏོ། །ལེའུ་གཉིས་པ་ཐབས་ཐོབ་པར་བྱ་བ་དང་། མཐུན་པ་བསྟེན་པ་དང་། སྐྱོན་ཡོན་བསྟན་པའོ། །ཐབས་ཐོབ་པར་བྱ་བ་ནི་ཅིག་ཆར་པ་དང་རིམ་གྱིས་པ་ལས་ཁྱད་པར་དུ་ཐབས་ཆེན་པོ་གསང་སྔགས་རྫོགས་པ་ཆེན་པོ་ཡིན་ཚུལ་དང་། མཐུན་པ་བསྟེན་པ་ནི་བླ་མ་དང་ཆོས་ཀྱི་གྲོགས་མཚན་ཉིད་ལྡན་པ་དང་ཡོ་བྱད་རྫས་སྨན་སོགས་དང་། སྐྱོན་ཡོན་བསྟན་པ་ནི་མ་བསྒོམས་པའི་སྐྱོན་དང་བསྒོམས་པའི་ཕན་ཡོན་བསྟན་ཏོ། །ལེའུ་གསུམ་པ་འཇུག་ཐབས་དགོས་ཆེད་ཀྱི་ཁྱད་པར་བསྟན་པ། སྒོམ་ལ་འཇུག་པའི་ཐབས་མདོ་སྔགས་སོ་སོའི་དགོངས་པ་མ་འདྲེས་པར་གསུངས་སོ། །ལེའུ་བཞི་པ་རྩེན་མིན་རིམ་གྱིས་འཇུག་པའི་གཞུང་་བསྟན་པ། དེ་ལ་ཀཱ་མ་ལ་ཤི་ལའི་སྒོམ་རིམ་གསུམ་གྱི་སྤྱི་དོན་ཞིབ་པར་གསུངས་སོ། །ལེའུ་ལྔ་བ་སྟོན་མིན་ཅིག་ཆར་འཇུག་པའི་ལུགས་ལ། དེའི་མདོ་ལུང་བརྒྱད་ཅུ་སོགས་ཀྱི་འགྲེལ་ཚུལ་ཕྱོགས་ཙམ་འདྲ། ལེའུ་དྲུག་པ་རྣལ་འབྱོར་ཆེན་པོའི་གཞུང་བཤད་པ། འབྲས་བུ་རྡོ་རྗེ་ཐེག་པ་མ་ཧཱ་ཡོ་གའི་ལྟ་བ་དང་། བསྒོམས་པའི་ཉམས་འབྲས་བུ་དང་བཅས་པས་ཁྱད་པར་ཆེན་པོ་བཅུ་གཉིས་ཀྱིས་བསྟན་ཅིང་། སློབ་དཔོན་དགའ་རབ་རྡོ་རྗེ་དང་པདྨ་འབྱུང་གནས་སོགས་ཀྱི་མན་ངག་གིས་ལེགས་པར་བཤད་དོ། །ལེའུ་བདུན་པ་རྫོགས་པ་ཆེན་པོའི་གཞུང་རྒྱས་པར་བཀོད་པ་སྟེ། ལེའུ་འདི་ཉིད་ཀྱིས་གཞུང་གི་ཕྱེད་ཙམ་ཟིན་ཡོད་པས་བརྗོད་བྱ་གཙོ་བོ་རྫོགས་པ་ཆེན་པོ་ཡིན་པར་སྣང་ངོ། །ལེའུ་བརྒྱད་པ་དགེ་རྩ་བསྔོ་ཞིང་སྣོད་བསྟན་པ་སྟེ་ཐ་མའོ། །མཛད་བྱང་ལ། བདག་སྤྲང་པོ་གནུབས་བན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས། རྒྱ་གར་གྱི་མཁས་པ་པཎྜི་ཏ་མང་པོ་དང་། བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་། བྲུ་ཤའི་ཡུལ་གྱི་ལོ་ཙཱ་བ་ཆེ་བཙན་སྐྱེས་ལ་སོགས་པ་རྒྱལ་ཁམས་སོ་སོའི་མཁས་པ་མང་པོའི་ཞལ་བྲིམས་ཏེ། མཉེས་པ་ཕུལ་བས་པཎྜི་ཏ་རྣམས་དགྱེས་པ་སྐྱེས་ཏེ་གནང་བ་ཐོབ་པས། ཐུགས་ཀྱི་མཛོད་སྒོ་ཕྱེ་ནས། མན་ངག་གི་རྒྱལ་པོ་དགོངས་དོན་མཐར་གཏུགས་པ་བདག་གིས་ཐོབ་སྟེ། བདག་མན་ངག་གི་རྒྱལ་པོར་གྱུར་ཏོ། །དེ་ཡང་། བདག་ལ་ལྷ་སྲིན་རྣམས་ཀྱིས་དབང་བསྐུར་བས། །རང་ཉམས་གོམས་པའི་ཡི་གེ་བྲིས། །ཞེས་ལྷ་སྲིན་རྣམས་ཀྱིས་དབང་བསྐུར་བྱ་བ་དེ་དག་གི་སྲོག་གི་སྙིང་པོ་ལ་དབང་བསྒྱུར་བ་དང་། དེ་དག་གི་དབང་ཆ་དང་ཆེ་བའི་རྟགས་སོགས་ཕུལ་བ་ལ་གོ་དགོས་སྙམ།
༢༡༽བོད་ཀྱི་མཁས་དབང་རྣམས་ཀྱི་དགོངས་པ།
འཕགས་ཡུལ་གྱི་སློབ་དཔོན་ཀཱ་མ་ལ་ཤཱི་ལ། ཉང་ཉི་མ་འོད་ཟེར། ས་སྐྱ་པཎ་ཆེན། བུ་སྟོན་རིན་ཆེན་གྲུབ། རྗེ་ཙོང་ཁ་པ་ཆེན་པོ། རྗེ་བཙུན་ཏཱ་ར་ན་ཐ། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་སོགས་ཆོས་རྒྱུན་རིས་མེད་ཀྱི་མཁས་ཤིང་གྲུབ་པ་བརྙེས་པ་དེ་དག་གིས། ཆ་ཀུན་ནས་ལེགས་པར་བརྟགས་ཤིང་ཧྭ་ཤང་གི་ལུགས་ཅེས་གསལ་བོར་བཀོད་པ་དེ་ཉིད། སྐྱར་དུ་ཡང་དག་པ་དང་སྐྱོན་མེད་དུ་བསྒྲུབས་ནས་བདག་ཉིད་ཆེན་པོ་དག་ལའང་ཟུར་ཟའི་རྣམ་པ་ཅི་ཡང་བྱེད་པ་མཐོང་མོད། དེ་དག་གི་རྣམ་པར་ཐར་བ་དང་ལེགས་བཤད་སྤྱི་ལ་མཇལ་བ་ཡིན་ན།བསླབ་པ་གསུམ་གྱིས་ཐུགས་རྒྱུད་གཏམས་པས་ལས་འབྲས་ལས་འགོང་བའི་ཆགས་སྡང་ཕྲ་མོ་ཙམ་ཡང་མི་གནང་ཞིང་། གཞུང་ལུགས་ཀུན་ལ་མཁྱེན་རྒྱ་ཆེ་བས་གྲུབ་མཐའི་འཛིན་མཚམས་ཤིན་ཏུ་ཕྲ་བ་ལའང་དཔྱད་པ་རྒྱ་ཆེར་གནང་མཛད་པས་གོ་ཐོས་ཙམ་དང་། ཡིག་ཧྲུལ་རྙེད་ཚད་ལ་ཁུངས་བཅོལ་མཁན་གྱི་སྤྱི་རྟོལ་སྨྲ་བ་རྣམས་ཀྱིས་བསྐལ་བའི་བར་ཡང་གཞལ་བར་མི་ནུས་པས། རང་ཉིད་ཆོས་ལུགས་པ་རྣམ་དཔྱོད་མངའ་བ་ཞིག་ཡིན་ཚེ་དེ་དག་གིས་གང་གསུངས་པ་དེ་ཉིད་ལ་ཡིད་རྟོན་འོས་པ་ཡིན་ནོ། །
ཆབ་སྲིད་ཀྱི་དམིགས་ཡུལ་རྒྱ་ཆེན་པོ་ཡོད་པ་དག་དང་། རྙེད་བཀུར་སྙན་གྲགས་ཀྱི་ཆེད་དུ་ཕ་ཆོས་བརྗེ་བའི་གོ་སྐབས་རིང་ལུགས་པ་རྣམས་དང་། ལས་རྒྱུ་འབྲས་ལ་རྨོངས་པའི་ཆོས་དད་མེད་པ་རྣམས་ཀྱི་བརྩམས་ཆོས་དང་དམ་པ་རྣམས་ཀྱི་ལེགས་བཤད་སྐྱོན་བྲལ་མཚུངས་པའི་གནས་ནམ་ཡང་མེད་དོ། །འདིར་ནི་ཕྱོགས་གཅིག་མཐོང་བ་ཙམ་གྱིས་སྔོན་བྱོན་མཁས་པའི་ལེགས་བཤད་རྣམས་ལེབ་རྡུང་བྱེད་པའི་རྣམ་པ་མཐོང་བས།རྣམ་དཔྱོད་ལྡན་པའི་བློ་གསལ་རྣམས་ལ་དཔྱད་སྒོ་ཙམ་དུ་ཕུལ་བ་ཡིན་ནོ། །ཀཿཐོག་རིག་འཛིན་ཆེན་པོའི་སྐྱེ་མིང་པ་མུར་སྨྱོན་པདྨ་དབང་ཆེན་རྡོ་རྗེས་བྲིས་པ་དགེའོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།