གངས་ལྗོངས་བསྟན་པའི་མཛེས་རྒྱན་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་རྗེས་དྲན་གསོལ་འདེབས།

8421631114278_.pic_hd.jpg

གངས་ལྗོངས་བསྟན་པའི་མཛེས་རྒྱན་བསེ་ཚང་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་དགོངས་པ་ཆོས་དབྱིངས་ཀློང་དུ་གཤེགས་པས་མ་བཟོད་པར་རྗེས་དྲན་གསོལ་འདེབས་ཉམ་ཆུང་བུང་བ་སྐྱོ་བའི་གཤོག་གླུ་ཞེས་བྱ་བ།


འཇམ་དཔལ་གཞོན་ནུའི་མཁྱེན་རབ་ལ་འགྲན་མདོ་སྔགས་ཤེས་བྱ་མ་ལུས་རྟོགས། །དབྱངས་ཅན་དཔལ་མོའི་ཕང་འགྲོའི་སྒྲ་བཞིན་བགྲང་ཡས་བསྟན་བཅོས་མང་དུ་བརྩམས། །སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ཇི་བཞིན་འཁོར་ཚོགས་བརྩེ་བས་བསྐྱངས་མཛད་པ། །དེ་རིང་གདུལ་བྱ་རྒྱ་མཚོ་བཞག་ནས་ཞིང་གཞན་གཤེགས་པའི་ཚུལ་འདི་སྐྱོ། །བཅུ་ཕྲག་ཤེས་བྱ་གངས་རིའི་ཟོམ་ན་རྣམ་དཔྱོད་གཡུ་ཡི་རལ་ཀླུང་བསིགས། །རིག་ལམ་གསར་བ་རྣོ་བའི་མཆེ་སྡེར་ཕས་རྒོལ་གླང་བོའི་ཀླད་འགེམས་པ། །ནང་གི་རིམ་གཉིས་རྟོགས་པ་ཀློང་བརྡོལ་རྩལ་གསུམ་ལུས་ཀྱི་གཟི་མདངས་ཅན། །དཔལ་ལྡན་བླ་མ་ཞིང་གཞན་གཤེགས་པས་ཉམ་ཆུང་སློབ་ཚོགས་ཅི་ཡང་སྐྱོ། །གངས་རི་དཀར་པོའི་ཟླུམ་པོར་བསྐོར་བ་སཱ་ལའི་སྨན་ལྗོངས་དུད་པའི་ཚལ། །ཆོས་དང་རིག་གནས་རབ་འབྱམས་ཀུན་མཁྱེན་འགྲོ་ཀུན་བརྩེ་བས་འདོམས་མཛད་པ། །ཀུན་གསལ་ཀློང་ནས་སྙན་པར་རྒོད་པའི་དབྱར་སྐྱེས་རྔ་གསང་སྒྲ་དབྱངས་ལ། །རེ་བའི་རྗེས་ཆགས་རྨ་བྱ་གཞོན་ནུས་དེ་རིང་མགོན་ཁྱོད་ལྷག་པར་དྲན། །མདོ་སྔགས་གཞུང་ལུགས་དཀའ་བའི་གནད་ཀུན་ཐོགས་མེད་འཆད་མཁས་རི་གཟར་ཀླུང་། །ཚུལ་གསུམ་ཚད་མས་སྒྲོ་འདོགས་ཀུན་བཅད་རྩོད་ན་དམར་འོད་བདེ་འཐུང་བཞིན། །ཚིག་སྦྱོར་ཡིད་འཕྲོག་སྙིང་བོའི་བཅུད་ལྡན་རྩོམ་ན་དབྱངས་ཅན་ཕང་འགྲོའི་སྒྲ། །འཆད་རྩོད་རྩོམ་ལ་འགྲན་པའི་ཟླ་བྲལ་དཔལ་ལྡན་བླ་མ་སྙིང་ནས་དྲན། །ཐུགས་ཀྱི་རྟོགས་པ་ཀློང་བཞིན་བརྡོལ་བས་མདོ་སྔགས་ཤེས་བྱ་མ་ལུས་མཁྱེན། །སྡོམ་གསུམ་རྣམ་བཞག་མིག་འབྲས་ལྟར་བསྲུངས་ཚུལ་ཁྲིམས་དྲི་བཟང་ལྡང་བས་བཙུན། །རང་གཞན་ཀུན་ཕན་དཔག་བསམ་ལྗོན་བཞིན་འགྲོ་ཀུན་རབ་བརྩེས་དམ་འཁྱུད་པ། །མཁས་བཙུན་བཟང་གསུམ་ཡོན་ཏན་ལྷུན་རྫོགས་དཔལ་ལྡན་བླ་མ་ཁྱེད་ཉིད་དྲན། །སྔ་ན་མེད་པའི་ལེགས་བཤད་མཆོག་གྱུར་ཚངས་སྲས་བཞད་པའི་སྒྲ་དབྱངས་དང་། །འདྲེན་མཆོག་ཤཱཀ་སེང་དོན་གྱིས་རབ་བསྔགས་ཁྱད་པར་འཕགས་བསྟོད་འགྲེལ་ཆེན་དང་། །རི་བོ་དགེ་ལྡན་གྲུབ་མཐའི་རྣམ་བཞག་ལ་སོགས་པོ་ཏི་བཅུ་ཕྲག་ལྷག །གངས་ལྗོངས་བསྟན་པའི་ནོར་འཛིན་དཔལ་དུ་ཁྱེད་ཀྱིས་ཅི་ཡང་སྩོལ་བར་མཛད། །དེང་འདིར་ཁྲི་འཕང་མཐོན་པོར་འགྱིང་ཡང་སྙིང་རྗེ་མེད་པའི་བླ་མ་མང་། །དཔེ་ཀློག་ཙམ་དང་ཐོས་ལོ་ཙམ་གྱིས་སྦྱངས་འབྲས་མེད་པའི་མཁས་པ་མང་། །གྲྭ་གཟུགས་ཙམ་དང་སེར་གཟུགས་ཙམ་གྱིས་འཁོར་ཚོགས་སྡུད་པའི་དུས་ངན་འདིར། །དཔལ་ལྡན་བླ་མ་འདྲེན་མཆོག་དབང་བོ་སེམས་དབུས་གཏིང་ནས་ཅི་ཡང་དྲན། །བསྟན་པ་སྤྱི་དང་འགྲོ་བའི་བདེ་སྐྱིད་སྐྱབས་མཆོག་ཁྱེད་ལ་རག་ལས་ཕྱིར། །ཡང་དར་བསྟན་པའི་རྒྱལ་མཚན་བསྒྲེངས་མཁས་གདུལ་བྱའི་རེ་ལྟོས་འཆའ་བའི་མགོན། །ཡང་སྤྲུལ་ཉི་གཞོན་རབ་གསལ་འོད་སྣང་མྱུར་ཏུ་ཤར་བའི་སྨོན་ལམ་ནི། །བཅོས་མིན་སེམས་ཀྱི་ཀློང་ནས་འདེབས་སོ་སྨོན་པ་ཇི་བཞིན་འགྲུབ་གྱུར་ཅིག།

༧ཅེས་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གྱི་ངོ་བོ་དཔལ་ལྡན་བླ་མ་བསེ་ཚང་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་ཞིང་གཞན་དུ་གཤེགས་པར་སྙིང་ནས་མ་བཟོད་པར་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་འདེབས་ཉམ་ཆུང་བུང་བ་སྐྱོ་བའི་གཤོག་གླུ་ཞེས་བྱ་བ་ནི་མགོན་པོ་གང་གི་སློབ་མའི་གྲལ་མཐའ་བ་མགོ་ལོག་དཀོན་མཆོག་བསམ་གཏན་ནམ་མིང་གཞན་རིག་པའི་ཁུ་བྱུག་གིས་ལན་ཀྲོས་ནས་སྦྱར་བའོ།།


རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།