སླར་ཡང་བཞད་པའི་སྤྱོད་འཇུག་མེ་ཏོག། དོ་རྒྱ་བསོད་ནམས་ཚེ་རིང་།

WechatIMG1002.jpeg

སྤྱོད་འཇུག་གསལ་སྒྲོན།   སླར་ཡང་བཞད་པའི་སྤྱོད་པའི་མེ་ཏོག 


                    ——— གྲུབ་དབང་རྫོགས་ཆེན་པ་བསྟན་འཛིན་ལུང་རྟོགས་ཉི་མས་མཛད་པའི་《 སྤྱོད་འཇུག་གསལ་སྒྲོན 》ལ་མཇལ་བ། 


བོད་མིའི་འདུ་ཤེས་འཛིན་སྟངས་ཀྱི་ངོས་ནས་འཇིག་རྟེན་ལ་ངོམ་དུ་རི་བ་ནི། རྒྱལ་བའི་བཀའ་དང་བསྟན་བཅོས་མང་པོ་རང་གི་ཡི་གེར་བསྒྱུར་ཅིང་ཆོས་རིག་འཆད་ཉན་གྱི་རྒྱུན་སྤེལ་བ་དེ་ཡིན།

ཆོས་རིག་འཆད་ཉན་གྱི་བརྒྱུད་རིམ་ཁྲོད་དུ། འཕགས་བོད་གཉིས་ཀྱི་བསྟན་བཅོས་ཡོད་དོ་ཅོག་ལས་འཕྲིན་ལས་ཆེས་རྒྱས་ཤོས་ནི་རྒྱལ་སྲས་ཞི་བ་ལྷས་མཛད་པའིསྤྱོད་འཇུགཆགས་ཡོད་ཅེས་ཁ་ཚོན་བཅད་ཀྱང་མི་ཆོག་པ་ཆེར་མེད་སྙམ།

དེ་ལ་འགྲེལ་པ་ཁོ་ནའི་ཆ་ནས་ཞུས་ཀྱང་། རྒྱ་གར་འཕགས་པའི་ཡུལ་དུ་འགྲེལ་པ་བརྒྱ་རྩ་བརྒྱད་བཞུགས་པ་ལས་བོད་ལ་རྒྱས་བསྡུས་བརྒྱད་ཙམ་འགྱུར་བ་དང་། བོད་ཀྱི་ཡུལ་དུའང་རྔོག་ལོ་ནས་བཟུང་འགྲེལ་པ་དང་དེ་འབྲེལ་གྱི་ལེགས་བཤད་རྙིང་བ་བརྒྱ་ཕྲག་ཉེ་བ་ཡོད་པར་གསུངས།།

འོན་ཀྱང་། བློ་ཁ་སྲོལ་རྒྱུན་ཆོས་དང་རིག་གཞུང་ལ་མ་ཕྱོགས་པའི་སྐྱེ་བོ་ལ་ལས་བཀའ་དང་བསྟན་བཅོས་ལ་འགྲེལ་པ་བརྩམས་པ་ནི་དགོས་པ་མེད་པའི་བྱ་གཞག་ལྷག་མ་ཞིག་ཏུ་འདོད་ཀྱང་།  དོན་ལ་དེ་ལྟར་མ་ཡིན་ཏེ།  དཔེར་ན།  སྨན་པ་བཟང་པོ་དག་གིས་དུས་རབས་རེ་རེར་ཆམ་ནད་གཅིག་ལ་སོ་སོས་སྨན་སྣ་མི་འདྲ་བ་རེ་བསྡེབས་པས་ཀྱང་ནད་གཞི་ལས་སླ་བོར་འཇོམས་པ་ལ་ཕན་པ་བཞིན་དུ། བླ་མ་དང་དགེ་རྒན་ཚོས་དུས་དང་མཐུན་པར་གདུལ་བྱའི་བློ་ཁ་དང་འཚམས་པའི་འགྲེལ་པ་ཡང་འགྲེལ་མཛད་པ་ནི་མཛད་པ་པོ་རང་དང་སློབ་བརྒྱུད་གཉིས་ལ་ཕན་པའི་འཕྲིན་ལས་རླབས་པོ་ཆེ་ཞིག་ཡིན་ལ།  དུས་གསུམ་གྱི་བླ་མ་དང་དགེ་རྒན་དག་གི་མཛད་པ་འཕྲིན་ལས་ཀྱང་དེ་ལས་མ་འདས། དེ་ཡང་ཡིན་ཏེ། འཇིག་རྟེན་འདི་ན་བསྟན་བཅོས་མཛད་པ་པོས་རང་ལ་གོམས་པ་དག་རང་ལ་དད་པའི་གདུལ་བྱའི་སློབ་མ་ལ་ཇི་བཞིན་དུ་སྒོམ་དུ་འཇུག་པ་ལས་ལྷག་པའི་གཞན་ཕན་དོན་གཉེར་གྱི་བྱ་བ་གཞན་ཞིག་མེད་པས་སོ།།

ཚུལ་དེར་དམིགས་ནས། ཉེ་ཆར་གྲུབ་དབང་རྫོགས་ཆེན་པ་བསྟན་འཛིན་ལུང་རྟོགས་ཉི་མསསྤྱོད་འཇུག་ཆེན་མོའི་འགྲེལ་བ་བྱང་ཆུབ་ལམ་གྱི་གསལ་སྒྲོནཞེས་བྱ་བ་མཛད་ཅིང་པར་སྐྲུན་འགྲེམས་སྤེལ་བྱས་པ་ནི།  དོན་གཉེར་སྐྱེ་བོ་ཀུན་ལ་གྲགས་ཆེ་ཞིང་ཡུལ་ཁམས་སུ་རྒྱུགས་ཆེ་བའི་མ་བཀླག་ཚད་མེད་ཀྱི་དེབ་གསར་ཞིག་ཏུ་གྱུར་སོང་།  འོ་ན་འགྲེལ་པ་དེར་ཀློག་པ་པོའི་དང་བ་འདྲེན་པའི་ཁྱད་ཆོས་ཅི་ཞིག་མཆིས་སམ་ཞེ་ན།  ཁོ་བོའི་བློས་ལྕོགས་ཚོད་ཀྱིས་དེབ་གསར་ལ་མཇལ་བའི་སྐབས་སུ་མྱོང་ཚོར་འགའ་བྱུང་བ་འདི་ལྟར།

གཅིག།   གནའ་དེང་ཤེས་བྱ་ཟུང་དུ་སྦྲེལ་བས་ཀློག་པ་པོ་འཇུག་བདེ་བ།

དེང་སང་གི་རྩོམ་པ་པོ་མང་པོས་རང་གཞན་དོན་གཉིས་ཁུར་དུ་འཁྱེར་ནས་ཆོས་རིག་གི་དེབ་གསར་མང་པོ་ཉེ་བར་རྩོམ་པ་ནི་ཤིན་ཏུ་དགའ་འོས་པའི་གནས་སུ་མཆིས་མོད། འོན་ཀྱང་མང་པོ་ཞིག་ཚིག་སྦྱོར་དང་ནང་དོན་གཉིས་ཆ་ནས་གནའ་དེང་གི་ཕྱོགས་སུ་ལྷུང་སྟེ། ཀློག་པ་པོ་སྲོལ་རྒྱུན་བས་གོ་ན་དེང་རབས་པས་གོ་དཀའ་ལ།  དེང་རབས་པས་གོ་ན་སྲོལ་རྒྱུན་བས་གོ་དཀའ་བ་རེད།   འོན་ཀྱང་གསར་འགྲེལ་འདི་ལ་མཚོན་ན་དེ་ལྟ་མ་ཡིན་པར།  དེང་སང་གི་སྐད་ཆའི་བརྗོད་ལུགས་ལྟར་འཚོ་བ་དངོས་དང་།  ཉེ་འཁོར་གྱི་བྱ་དངོས།   ལུས་ངག་ཡིད་གསུམ་སོགས་ཡུལ་ཡུལ་ཅན་གྱི་གནས་ཚུལ་དང་སྣང་ཚུལ་གཉིས་ལས་རྟོགས་དཀའ་ཞིང་གནད་འགག་ཏུ་གྱུར་པ་འགའ་དེང་རབས་དངོས་ལུགས་དང་རྫས་འགྱུར་སོགས་རིག་ཚན་གསར་པ་དང་གནའ་རབས་ཀྱི་སྟོང་རྟེན་འབྱུང་གི་གོ་བ་ཟབ་ཅིང་རྒྱ་ཆེ་བ་ཟུང་དུ་སྦྱར་ནས་འགྲེལ་འདུག་པས་མཁས་བླུན་སུ་ཞིག་མཇལ་ཀྱང་སོ་སོ་ལ་བློ་ཁ་དང་འཚམ་པའི་གོ་བ་རེ་སྟེར་བ་རེད།

WechatIMG1006.jpeg

གཉིས། མདོ་སྔགས་གཉིས་ཀྱི་ཆོས་ཚན་ཕན་ཚུན་གུང་བསྒྲིགས་པས་གབ་པ་མང་པོ་མངོན་དུ་ཕྱུང་བ།

སྤྱོད་འཇུག་གི་འགྲེལ་པ་སྔ་མ་དག་ཡིན་ན།  འགྲེལ་པ་ཡོད་ཚད་མདོ་ལུགས་ཀྱི་ཐེག་ཆེན་ལྟར་འགྲེལ་བ་རེད་ལ། དེས་ཀྱང་བོད་པའི་མི་རབས་ཤིག་གི་བློ་གྲོས་སྒོ་མོ་ཡངས་པོར་ཤེས་པར་མ་ཟད།   གཞན་ཕན་གྱི་ལས་ལ་གཞོལ་བའི་བྱང་ཆུབ་སེམས་དཔའ་དང་སེམས་མ།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཕགས་པ་དང་འཕགས་མ་མང་པོ་བསྐྱེད་བསྲིངས་བྱས་པ་རེད།  ཐེངས་འདིར་གྲུབ་དབང་རྫོགས་ཆེན་ཚང་གིས་རྨང་གཞི་དེའི་རིགས་ཀྱི་སྟེང་དུ་ཉན་ཐོས་ཀྱི་བྱང་ཆུབ་དང་།  རང་རྒྱལ་གྱི་བྱང་ཆུབ།  ཐེག་པ་ཆེན་པོའི་བྱང་ཆུབ་གསུམ་པོ་རིས་སུ་མ་བོར་པར་བསྟན་བཅོས་ཀྱི་མཚན་བྱང་དུ་བྱང་ཆུབ་ཅེས་གསུངས་པས་ལྷོ་བརྒྱུད་ནང་བསྟན་དང་།  རྒྱ་བརྒྱུད་ནང་བསྟན།  བོད་བརྒྱུད་ནང་བསྟན་གྱི་བྱང་ཆུབ་གསུམ་ག་བསྡུས་པར་གསུངས་པ་དང་།  གཞན་ཡང་དཀའ་གནད་ཀྱི་སྐབས་དང་མཚམས་སུ་གསང་བ་སྔགས་སྤྱི་དང་ལྷག་པར་དུ་འོད་གསལ་རྫོགས་པ་ཆེན་པོའི་བརྡ་ཆད་དང་ཆོས་སྐད་གོ་ཁག་པ་དག་མ་བུ་ངོ་སྤྲོད་པ་བཞིན་ནང་ཕན་ཚུན་ཐོད་གཏུགས་པར་མཛད་པས། སྤྱིར་མདོ་སྔགས་གཉིས་དང་ཁྱད་པར་དུ་མདོ་དང་འོད་གསལ་རྫོགས་པ་ཆེན་པོའི་དགོངས་པ་གཉིས་དོན་ལ་གཞི་གཅིག་ཏུ་འབབ་ཚུལ་གསལ་ལེར་བསྟན་པས། སྐྱེ་བོ་ལ་ལས་མདོ་སྔགས་གཉིས་འབབ་ས་མ་ཤེས་པར་ཆོས་སྤོང་གི་ལས་བསགས་པ་ལས་ཀུན་ནས་ཟློག་པ་དང་འགའ་ཞིག་གི་ལོག་རྟོག་རྩ་བ་ནས་སེལ་བ་ལ་ཕན་ངེས་ཅན་དུ་མཐོང་ངོ་།།

WechatIMG1004.jpeg

གསུམ།   གྲུབ་མཐའ་གསར་རྙིང་རིས་མེད་ཀྱི་ལུང་དང་བསྟུན་ཏེ་འགྲེལ་བས་ཆོས་པ་ཀུན་གྱི་མིག་ལྟོས་སུ་གྱུར་པ།

རང་རེའི་ཆོས་པ་མང་པོ་ཞིག་གིས་རང་གི་བླ་མ་དང་ཆོས་བརྒྱུད་གཅིག་པ་ལ་དད་པ་དག་སྣང་བྱེད་བཞིན་དུ་གྲུབ་མཐའ་འམ་ཡང་ན་ཆོས་བརྒྱུད་གཞན་གྱི་བླ་མ་དང་མཁས་པ།   དེ་དག་གིས་མཛད་པའི་བསྟན་བཅོས་ལ་དག་སྣང་སྦྱོང་ཐུབ་པ་ཕར་ཟད།  ཐ་ན་ཆོས་བརྒྱུད་གཞན་གྱི་སྐྱེས་ཆེན་དག་ལ་གཞི་མེད་སྒྲོ་སྐུར་བྱེད་པ་ལ་ཅི་མི་སྙམ་པར་དོན་མེད་སྡིག་པ་བསགས་ཤིང་།  སྟོན་པ་དང་བསྟན་པ་གཅིག་གིས་བསྡུས་པའི་མཆེད་གྲོགས་དག་གི་ནང་རང་གི་ཤེས་ཚོད་དང་ནུས་ཚོད་ཀྱིས་ཕན་ཚུན་དཀྲུག་པར་བྱེད་ལ།  ཁོང་ཚོའི་བསྟན་བཅོས་གྲགས་ཆེན་ལ་ཕན་ཚུན་མཇལ་བར་མི་བྱེད་པ་ནི་སོ་སོའི་གཟི་བརྗིད་ཅིག་དང་།   ལ་རྒྱ་ཞིག།   དམ་གཙང་ཞིག་གི་ཉམས་ལེན་གྱི་ཚད་དུ་འཇོག་པར་བྱེད།  ཐ་ན་དེ་དག་གི་ཕྱོགས་རིས་ནི་ཆོས་བརྒྱུད་གཅིག་པ་ནང་ཁུལ་དུའང་ཆོས་འབྲེལ་མེད་པའི་བླ་མ་དང་། སྔོན་མ་ལོ་རྒྱུས་ཁྲོད་འགལ་བ་ཅུང་ཟད་རེ་ཡོད་ཚེ་ཉོན་མོངས་དེའི་རྒྱུན་མཐུད་ཅི་ཐུབ་ཀྱིས་རང་གཞན་གཉིས་ཀྱི་སེམས་འཁྲུག་པར་བྱེད།   འོན་ཀྱང་གསར་སྒྲོན་མཛད་པ་པོས་ཉེས་པའི་ཚུལ་དེ་དག་ཡོངས་སུ་སྤངས་ཏེ་ཆོས་ཚན་རེ་རེའི་མདོ་འགག་གི་མཚམས་སུ་ཆོས་བརྒྱུད་མཁས་པ་སུ་ཞིག་གི་འགྲེལ་པ་ཁ་གསལ་བ་དང་གནད་ལ་འཁེལ་ན་མཁས་པ་དེ་ཉིད་ཀྱི་ལུང་དྲངས་འདུག་ལ། ལྷག་པར་དུ་གངས་ཅན་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་རྗེ་བདག་ཉིད་ཆེན་པོའི་ལྟ་བའི་ལེགས་བཤད་དང་སེམས་དཔའ་ཆེན་པོ་རྫ་དཔལ་སྤྲུལ་ཚང་གི་ཉམས་ལེན་གྱིས་འགྲེལ་པའི་དབུ་ནས་ཞབས་སུ་བརྒྱན་པར་བྱས་པས། གྲུབ་མཐའ་རིས་མེད་ཀྱི་མཁས་པ་དང་གྲུབ་པར་འགྱུར་པའི་རྒྱུན་འཁྱེར་ཕྱག་དཔེ་ལ་ཡོངས་སུ་འཚམ་མོ།།

WechatIMG1005.jpeg

《 སྤྱོད་འཇུག་བྱང་ཆུབ་ལམ་སྒྲོན་མཛད་པ་པོ་རྫོགས་ཆེན་རིན་པོ་ཆེ། 》

བཞི། སྔོན་འགྲོ་དང་དངོས་གཞི་ཆ་ཚང་དུ་གཞི་གཅིག་ཏུ་བསྟན་པས་ཡོད་ན་དེས་ཆོག་གི་བསྟན་བཅོས་སུ་གྱུར་པ།

བསྟན་བཅོས་ཀྱི་འགྲེལ་པ་མང་པོ་ནི་མདོ་ཕྱོགས་ཡིན་ན་སྔགས་ཕྱོགས་ཅི་ཡང་གླེང་མེད་པ་དང་། ཚིག་འགྲེལ་ཡིན་ན་དོན་འགྲེལ་བྱས་མེད་པ།  སྔོན་འགྲོ་རྒྱས་ན་དངོས་གཞི་བསྡུས་དྲགས་པས་དེང་སང་གི་ཐོས་བསམ་སྦྱངས་པ་རྒྱ་ཆེར་བྱེད་ལོང་མེད་པ་སྐྱ་བོ་མང་པོས་ཀྱང་བསྟན་བཅོས་རྒྱ་ཆེན་ལ་མཇལ་བའི་ངལ་བ་ལྷུར་ལེན་དགོས་པ་རེད།  ཁོང་གིས་འགྲེལ་པ་གསར་པ་འདིས་མདོ་སྔགས་གཉིས་ཀྱི་དངོས་སྔོན་གཉིས་གཞི་གཅིག་ཏུ་ཆ་ཚང་བར་བསྟན་ཡོད་པས། སྐྱེ་བོ་སུ་ཞིག་གིས་བསྟན་བཅོས་འདི་ཁོ་ན་ལ་ཐོས་བསམ་བྱས་པས་ཀྱང་བཀའ་དང་བསྟན་བཅོས་ཀུན་ལ་ཐོས་བསམ་བྱས་པའི་ཕན་ཡོན་ཐོན་པར་བྱེད།  དེ་ཡང་ཡིན་ཏེ།  དེ་ནི་མདོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་བསླབ་བྱའི་རིམ་པ་ལ་རྫོགས་པ་ཆེན་པོའི་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་དངོས་གཞི་གཉིས་ཀ་ཐབས་མཁས་ཀྱིས་བཅུག་པས་རྒྱུ་ཕར་ཕྱིན་ཐེག་པ་དང་འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ཟུང་དུ་འབྲེལ་བའི་དེབ་མཆོག་རྨད་དུ་བྱུང་བ་ཞིག་ཏུ་གྱུར་པ་དང་། ཞོར་དུ་མདོ་ཕྱོགས་ཀྱི་གབ་པ་མང་པོ་ཞིག་དཀའ་ལས་སྐུ་ཚེགས་མ་དགོས་པར་ཀློག་པ་པོ་ཀུན་གྱི་སྤྱན་སྔར་བཀྲམས་པ་རེད།

ལྔ། ལུང་རིགས་དཔེ་གསུམ་ཆ་ཚང་བས་གསུང་ལ་ཡིད་ཆེས་གདིང་ནས་རྙེད་སླ་བར་གྱུར་པ།

ལེའུ་བཅུ་དང་ཤོ་ལོ་ཀ་སྟོང་། དོན་ཆེན་གསུམ་གྱི་བདག་ཉིད་ཅན་གྱི་རྒྱལ་སྲས་ཞི་བ་ལྷའི《སྤྱོད་འཇུག》ལ་མཚོན་ན།   དང་པོ་ནས་ལུང་རིགས་དཔེ་གསུམ་གྱིས་མཛོད་དུ་གྱུར་མོད།  འོན་ཀྱང་བསྟན་བཅོས་རང་ནི་རྩ་བ་ཡིན་པའི་ཁར་རྩོམ་ལུས་ཚིགས་བཅད་དུ་ངེས་པས།   ལུང་ཁུངས་ལ་ལ་བསྡུས་དྲགས་པ་དང་།  རིགས་པ་འགའ་རེ་ཁ་དམ་པ།  དཔེ་མང་པོའི་བསྟན་དོན་གོ་དཀའ་བའི་དབང་གིས།   དེ་ཡང་དོན་གཉེར་བ་ལ་ལ་ཞིག་ལྟར།  སྲོལ་རྒྱུན་གྱི་ཁྲིད་རྒྱུན་གཙོ་བའི་འཆད་ཉན་བྱེད་ལུགས་ལྟར་ཐོས་བསམ་སྒོམ་གསུམ་རྩ་བ་ནས་བྱས་མ་མྱོང་བར་རང་སྟོབས་ཀྱིས“ལྟ་བསམ་སྒོམ་གསུམ”བྱེད་མཁན་དེང་རབས་པ་ཤ་སྟག་ཅིག་ལ་མཚོན་ན།  བཀའ་དང་བསྟན་བཅོས་ཀྱི་དགོངས་དོན་ཇི་བཞིན་མ་ནོར་བར་རྟོགས་པའི་གོ་སྐབས་གཏན་ནས་ཡོད་པ་མ་རེད།  དེ་བས་བསྟན་བཅོས་མཛད་པ་པོས་མཁས་པ་དང་བླུན་པོ།   ཐོས་པ་བྱེད་མཁན་དང་དཔེ་ཆར་ལྟ་མཁན།  ལོག་རྟོག་པ་དང་ཉམས་ལེན་པ་སོགས་ཀུན་ལ་རིས་སུ་མ་ཆད་པར་ཕན་གདགས་ཕྱིར།   《སྤྱོད་འཇུག》གི་ཚིག་གང་ལ་ལུང་ཞིག་ཡོད་ཕྱིན་བཀའ་དང་བསྟན་བཅོས་ལས་དྲངས་ཅི་ཐུབ་དང་། སྐྱེས་མཆོག་སེམས་དཔའ་དག་གི་རིགས་པ་ལ་ཡང་རང་གི་རིགས་པས་བརྒྱན་ཅི་ཐུབ་བྱས་པར་མ་ཟད།  ད་དུང་བསྟན་བཅོས་ཀྱི་དོན་གསལ་བར་བྱེད་པའི་ཆེད་དུ། 《སྤྱོད་འཇུག》རྩ་བར“སྔོན་ཆད་མ་བྱུང་མ་བྱུང་བ་ཡང་འདིར་བརྗོད་མེད།།”ཅེས་པའི“སྔོན་ཆད”དང“འདིར”གྱི་“སྔོན”དང“འདི”ཡི་བསྟན་དོན་གང་ཡིན་པ་དང་།   “སེམས་ཅན་མོས་པ་སྣ་ཚོགས་པ།།རྒྱལ་བ་ཡིས་ཀྱང་མ་མགུ་ན།།”ཞེས་པའི་སྐབས་ཀྱི་བྱེ་བྲག་གི་སེམས་ཅན་སུ་ཞིག་ཡིན་པ་སོགས་བམ་བཤད་དུ་མ་བསྐྱུར་བར་གསལ་ཁ་མཛད་པས་གཞུང་ལ་ཡིད་ཆེས་པ་དང་ཀློག་པ་པོའི་བློ་ལ་དོན་ངེས་སླ་བའི་ཁྱད་ཆོས་རྩོལ་མེད་རང་བྱུང་དུ་ཐོན་པ་རེད།

འདི་ནི་ཁོ་བོ་སྤྱོད་འཇུག་གསར་འགྲེལ་ལ་མཇལ་སྐབས་ཀྱི་མྱོང་ཚོར་འགའ་ཡིན་ལ།  ཅུང་རྒྱས་ན་དཔེ་དང་བཅས་པས་ངོ་སྤྲད་ན་ཤིན་ཏུ་འགྲིག་མོད།  འོན་ཀྱང་རང་ཉིད་ལེ་ལོ་ཆེ་བ་དང་ཀློག་པ་པོའི་དང་བའང་འདྲེན་ཕྱིར་རེ་ཞིག་འདི་ཙམ་བསྡུས་པས་འཐུས་པར་བྱ།

 མཇུག་མཐར་ཞུ་བར་བྱ་བ་ནི། ཁོ་བོ་སྲོལ་རྒྱུན་རིག་གནས་ལ་སྤྱངས་པ་ཀུན་ནས་དམན་པས་མ་རྟོགས་པ་དང་། ལོག་པར་རྟོག་པ། ཕྱོགས་ཙམ་རྟོགས་པའི་ཆ་ལས་བྱུང་བའི་འགལ་བ་ཅི་མཆིས་བསྟན་བཅོས་མཛད་པ་པོའི་སྤྱན་སྔར་བཟོད་པར་གསོལ་བ་དང་། གལ་ཏེ་ལེགས་པའི་ཆ་ཆུ་ཐིགས་ཙམ་ཞིག་མཆིས་ན་བསྟན་བཅོས་མཛད་པ་པོའི་བསྔོ་བའི་རྒྱ་མཚོར་འདྲེས་ཏེ་གཞན་ཕན་འགྲུབ་པར་ཤོག 

དོ་རྒྱ་བསོད་ནམས་ཚེ་རིང་གིས2022ལོའི་ཟླ1ཚེས1ལོ་གསར་ལ་སྒོ་གསུམ་གུས་པས་ཕུལ་ལོ། 

WechatIMG999.jpeg

རྒན་དོ་རྒྱ་བསོད་ནམས་ཚེ་རིང་།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།