རྒྱ་ནག་ལྷོ་ཕྱོགས་རི་བོ་གྲུ་འཛིན་གྱི་ཐུགས་རྗེ་ཆེན་མོ་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ཉམ་ཆུང་བུང་བ་རྩེན་པའི་གཤོག་གླུ་ཞེས་བྱ་བ།
ཀུན་གསལ་གཡུ་ཡི་མདངས་འཛིན་སྟོང་བའི་མཁའ། །སྤྲིན་དཀར་རྦ་ཀློང་འཁྲིགས་པ་གནམ་གྱི་མཐའ། །ལྷོ་ཕྱོགས་ལི་ཁྲིའི་ཆུ་གཏེར་འཕྱུར་བའི་གནས། །ནོར་འཛིན་ཕྱུག་མོ་ནན་ཧེ(南海)པོ་ཏ་ལ། །སྟེང་ན་ཁྲི་གདུགས་ཉི་མའི་འོད་སྣང་འབར། །བར་ན་སྨུག་སྤྲིན་སྔོན་མོས་རྩེ་དགའ་དགོད། །འོག་ན་ཚང་ཚིང་གཡུ་ལོའི་ལྗོན་ཤིང་མཛེས། །ཡིད་ཀྱི་དྭངས་བ་འདྲེན་པའི་གནས་རི་ལགས། །གཏིང་མཐའ་མི་མངོན་ལི་ཁྲིའི་རྒྱ་མཚོ་ཆེར། །རླབས་ཕྲེང་དཀར་བོའི་འཛུམ་ཟེར་འཛད་དུ་མེད། །གསེར་མིག་ཆུ་སྲིན་ལ་སོགས་རྩེ་དགའ་རོལ། །ཁྲུང་ཁྲུང་ཆུ་བྱ་ལ་སོགས་ཟློས་གར་བསྒྱུར། །པད་དཀར་འདབ་སྟོང་རབ་འཛུམ་ལྷའི་རྫིང་རིང་། །ངང་བའི་བུ་མོ་དལ་གྱིས་རོལ་དང་ལྷན། །འགགས་མེད་མགྲིན་པའི་རྫ་རྔ་རེ་རེ་ཡིས། །རྣ་བའི་བཅུད་དག་དབང་མེད་འཕྲོག་པ་ཡོད། །དགུང་སྔོན་དབྱིངས་ན་འཕྱོ་འདྲའི་རྦ་ཀློང་གར། །དཀན་གཟར་བྲག་སྣ་འཐབ་པའི་གདེངས་ཀ་ནས། །དབང་བོའི་གཞུ་རིས་རབ་ཤར་ཡིད་དུ་འོང་། །ཡིད་ཀྱི་ཐིག་ལེ་ཀུན་ནས་འཇོ་བར་མཛད། །ལྗོན་ཤིང་གཡུ་ལོ་དུད་པའི་དགའ་ཚལ་ན། །གཉིས་སྐྱེས་རབ་དགས་ཡིད་མྱོས་མགྲིན་པའི་རྔ་། །བར་མཚམས་མེད་པར་བརྡུང་བའི་ངོ་མཚར་གནས། །ཨེ་མ་ཏིང་འཛིན་ལྷ་ཡི་ཕུགས་འདི་རྨད། །དྭངས་བའི་མཚོ་ལས་མཛེས་པའི་གྲུ་བསྐྱོད་ཤིང་། །བརྗིད་པའི་རི་རྩེར་ལེགས་པའི་ལྷ་ཁང་མང་། །ལྷུན་ཆགས་ལྗོན་ཤིང་རབ་བརྗིད་གྲུ་འཛིན་ཞིང་(普陀山)། །འཛམ་གླིང་གོ་ལ་ཧྲིལ་བོའི་རྒྱན་དུ་བརྗིད། །བག་ཕེབས་ཏིང་འཛིན་རྟོགས་པ་ངང་གིས་འཁྲུངས། །འཚེ་མེད་ཞི་བདེའི་ཕུན་ཚོགས་མ་ཚང་མེད། །ས་ལ་དགེ་བཅུའི་རི་མོའི་རྩིབས་སྟོང་བཀྲ། །ཡིད་དགའ་བསམ་འཕེལ་གླིང་འདི་སུ་ཡི་གནས། །དེ་ནི་འགྲོ་ཀུན་ཐུགས་རྗེས་དམ་འཁྱུད་ཤིང་། །མ་རུང་འཇིགས་བརྒྱད་དུ:ཁའི་ཀློང་ནས་འདྲེན། །སྤྱན་རས་གཟིགས་དབང་དར་ཐོད་འཛིན་པའི་ལྷས། །བྱིན་གྱིས་རླབས་ཤིང་ཞབས་ཀྱིས་བཅགས་པའི་གནས། །ཤེལ་གྱི་ལྕུགས་ཕྲན་རབ་གཡོ་མཛེས་སྡུག་དཔྱིད། །དུང་གི་འཁྲི་ཤིང་གཞོན་ནུས་འཁྱུད་པ་ལྟར། །ཁྱེད་ཀྱི་མཚན་དཔེའི་ལང་ཚོ་མཐོང་བས་མོད། །མ་རིག་ཉིས་བརྒྱའི་འཆིང་བ་ལྷོད་མིན་ནམ། །དྲི་མེད་དུང་གི་ཟླ་རིས་འཛུམ་པའི་ཞལ། །དཀར་ནག་མ་འདྲེས་སྙིང་རྗེའི་སྤྱན་ཟུང་བཀྲ། །རབ་དམར་བག་ཙམ་གྲོལ་བའི་མཆུ་སྒྲོས་དབུས། །ཐག་བཟང་བཞི་བཅུའི་ཚེམས་ཕྲེང་ལྟ་ན་སྡུག །སྲབ་འཇམ་རབ་མཛེས་སྙན་གྱི་བུ་ག་རུ། །རིན་ཆེན་སིལ་སིལ་སྒྲ་ཡིས་ཅི་ཡང་སྤུད། །དཀར་མཛེས་ཡིད་འོང་མགུལ་གྱི་བུམ་པ་རུ། །ཡིད་འཕྲོག་རིན་ཆེན་སྣ་ལྔའི་མགུལ་རྒྱན་འཕྱང་། །སྐུ་སྟོད་འོ་མའི་ཆུ་གཏེར་མཛེས་པའི་ཀློང་། །ནུ་འབུར་ངང་མོ་ཟུང་གིས་ཅི་ཡང་སྒེག །ལྷ་རྫས་གོས་ཀྱིས་སྒྲིབ་གཡོགས་མེད་པར་སྤུད། །དེ་ནི་དྭངས་བའི་མཚོ་ལ་ཟླ་གཟུགས་བཞིན། །ཕྲ་ལྡེམ་སྐུ་མཛེས་ན་ཆུང་ཉམས་ཀྱིས་སྒེག །སྐུ་སྟོད་རབ་རྒྱས་སྐེད་སྐབས་ཕྲ་ལ་ལྡེམ། །དར་ལ་འབབ་པའི་ལང་ཚོ་དེས་ཆོག་གི། །ད་དུང་རྣམས་མང་རྒྱན་མཛེས་དགོས་པ་ཅི། །གནག་སྣུམ་རལ་བའི་རྩེ་ན་སྣང་མཐའི་སྐུ། །དྲི་མེད་རབ་དཀར་དར་ཐོད་ཉིལ་ཉིལ་གཡོ། །ཕྱག་གཡས་འཐེབ་སྲིན་རྩེ་ན་མཉེན་ལྕུགས་ལྗོན། །ཕྱག་གཡོན་འདོད་དགུ་རབ་སྩོལ་བུམ་བཟང་བསྣམས། །ཆུ་འཛིན་བསྣོལ་མར་འཁྲིགས་པའི་ལྡིང་ཁང་ན། །གཡུ་འབྲུག་སྔོན་མོ་རྩེན་པའི་ཀློང་དབུས་སུ། །ཐུགས་རྗེའི་བདག་ཉིད་བརྩེ་ཆེན་སྙིང་རྗེའི་ལྷ། །ཨེ་མ་འགྲོ་བའི་དཔལ་དུ་ཅི་ཡང་བརྗིད། །ཐིག་ལེ་མཆོག་མ་ལ་སོགས་མཛེས་མའི་གཙོ། །ཀ་ཤི་མཛེས་དགའ་ལ་སོགས་དགའ་མའི་ཕུལ། །ཁྱོད་དྲུང་བྲན་མོ་ཙམ་ཡང་འཐོབ་མིན་ན། །སྲིད་ཞིའི་མཛེས་སྡུག་རྩེ་རུ་ཅིས་མི་འཕགས། །ཚངས་ཆེན་གདོང་བཞི་སྤྲུལ་ཀྱང་ངོམས་པ་མེད། །དབང་བོས་མིག་སྟོང་བལྟས་ཀྱང་ཚིམས་མ་གྱུར། །གོས་སེར་ཅན་གྱིས་བསྔགས་པའི་མཐའ་མ་རིག །ལྷ་ཡི་ལྷ་མཆོག་སྙིང་རྗེའི་མགོན་ལ་འདུད། །མཚོ་ཡི་ཞིང་ཁམས་ཞེས་གྲགས་པོ་ཏ་ལར། །སྔོན་དུས་”ཐང་ཏཱ་ཀྲོང”གི་རྒྱལ་རབས་སྐབས། །དབུས་ལྡན་རྒྱ་གར་ཆོས་ཀྱི་ཞིང་ཁམས་ནས། །ཕེབས་པའི་དགེ་སློང་སེམས་དཔའི་རྣམ་རོལ་ལ། །དཀན་གཟར་བྲག་རིའི་ཕང་བར་རླབས་ཕྲེང་གིས། །ཆལ་ཆིལ་རྩེ་དགའ་བགྱིད་པའི་སྒྲུབ་ཕུག་ཏུ། །ཁྲོ་ཡན་ཏུང(潮音洞)ནས་འཕགས་མས་ཞལ་གཟིགས་ནི། །ཤིན་ཏུ་རབ་གསལ་རྩིག་ངོས་རིས་བཞིན་སྣང་། །དེས་ཕྱིར་ད་ལྟའི་བར་དུ་ལས་ཅན་རྣམས། །ཐུགས་རྗེ་ཆེན་མོའི་སྒྲུབ་ཕུག་གྲགས་པ་ནས། །ཁྲོ་ཡན་ཏུང་ནས(潮音洞)རྩེ་གཅིག་གསོལ་འདེབས་ན། །སྣ་ཚོགས་ཞལ་གཟིགས་དབང་བོའི་གཞུ་བཞིན་སྣང་། །གཞན་ཡང་”ཐང་ཞན་ཐོང”གི་རྒྱལ་རབས་སྐབས། །འཇར་པན་དགེ་སློང་དཔས་ཨི་ཞེས་གྲགས་པས། །རི་བོ་དྭངས་གསལ་རྩེ་ནས་འཕགས་མའི་སྐུ། །སྣང་བརྙན་གདན་འདྲེན་རང་ཡུལ་ཕྱིར་ཕེབས་དུས། །ཁྲོ་ཡན་ཏུང་གི་སྒྲུབ་ཕུག་ཐོན་པས་མོད། །བྱིན་རླབས་རབ་ལྡན་འཕགས་མའི་སྐུ་གཟུགས་ཀྱིས། །ཕེབས་མིན་གནས་འདིར་བཞུགས་ཞེས་གསུང་འབྱོན་ཞིང་། །སྔོན་དང་མི་མཚུངས་ལྗིད་པས་གདན་མ་དྲོངས། །རྒྱ་ནག་གནས་ཆེན་བཞི་ཡི་ཡ་གྱལ་གང་། །འཕགས་མའི་གནས་མཆོག་ནན་ཧེ(南海)གྲུ་འཛིན་ཞིང་། །སྤྱན་རས་གཟིགས་དབང་དར་ཐོད་འཛིན་པ་དེས། །འགྲོ་ཀུན་མ་ལྟར་བརྩེ་བའི་ཞིང་ཁམས་ལགས། །སྔོན་དུས་རྒྱལ་བོའི་བུ་མོ་སྤུན་གསུམ་གྱི། །མེའོ་ཧྲན(妙善)ཞེས་བྱའི་སྐྱེ་བ་བཞེས་པའི་ཚེ། །འགྲོ་ཀུན་འཇིགས་བརྒྱད་མཚོ་ལས་སྐྱབས་པོ་ཞེས། །དམ་བཅའི་མེ་ཏོག་སྤྱི་བོའི་རྒྱན་དུ་བླངས། །ཇི་བཞིན་དེ་རིང་ཐུགས་རྗེའི་ལྷོད་མི་འཚལ། །དུས་ངན་སྙིགས་མ་ཆེས་ཆེར་བདོ་བའི་དུས། །ནད་རིགས་གདོན་གྱིས་རབ་ཏུ་འཚེ་བ་དང་། །ཁྱད་པར་ཏོག་གསར་རིམས་ནད་འཇིགས་རུང་བ། །མྱུར་ཏུ་ཞི་བའི་འཕྲིན་ལས་ཁྱེད་ཀྱིས་མཛོད། །འཁོས་ཆུང་བདག་ནི་ཤེས་བྱའི་ནོར་གྱིས་དབུལ། །ཐར་བའི་ལམ་ཆེན་བགྲོད་ལ་བར་ཆད་མང་། །གྱི་ནར་འཁྱམས་པའི་ནུ་ཞོའི་ལྟོ་ཅན་བཞིན། །འཕགས་མ་ཐུགས་རྗེ་ཅན་གྱིས་རྗེས་བཟུང་འཚལ། །ས་ཆུ་མེ་རླུང་ཕྱི་ཡི་འཇིགས་པ་དང་། །ནད་གདོན་རིམས་ནད་ནང་གི་གནོད་འཚེ་ཀུན། །ཁྱོད་ཞབས་པདྨོ་དྲན་པས་ཟད་བྱེད་ཅིང་། །ཡོན་ཏན་ཡར་ངོས་ཟླ་ལྟར་འཕེལ་བར་མཛོད། །ཚེ་རིང་ནད་མེད་དབང་ཕྱུག་བརྒྱད་ཀྱི་དཔྱིད། །དཔལ་ལ་ཉིན་མཚན་ཀུན་ཏུ་རོལ་བ་དང་། །བཀྲ་ཤིས་བདེ་ལེགས་བསམ་པའི་དོན་མཐའ་དག །བསམ་མ་ཐག་ནས་འགྲུབ་པར་བྱིན་གྱིས་རློབས། །མཁའ་ལ་ཉི་ཟླའི་ཐིག་ལེ་འཛུམ་པ་དང་། །ས་ལ་རི་ཡི་ལྷུན་པོ་བརྟན་བརྗིད་བཞིན། །དཔལ་ལྡན་བླ་མའི་སྐུ་ཚེ་རྟག་བརྟན་ཤིང་། །འགྲོ་རྣམས་རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག །རྒྱལ་ཀུན་ཐུགས་རྗེའི་ཚོམ་བུ་ལས་འཁྲུངས་པའི། །སྤྱན་རས་གཟིགས་དབང་བརྩེ་ཆེན་སྙིང་རྗེའི་ལྷ། །སྐྱེ་དང་སྐྱེ་བར་བདག་ནི་རྗེས་བཟུང་སྟེ། །ས་ལམ་རྟོགས་པ་རིམ་གྱིས་འཕེལ་བར་མཛོད། །༧ཅེས་རྒྱ་ནག་ལྷོ་ཕྱོགས་རི་བོ་གྲུ་འཛིན་གྱི་འཕགས་པ་ཐུགས་རྗེ་ཆེན་མོ་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ཉམ་ཆུང་བུང་བ་རྩེན་པའི་གཤོག་གླུ་ཞེས་བྱ་བ་ནི་དེ་རིང་ལུག་རྙིང་ཟླ་༩ཚེས༡༩ཉིན་ནི་ནན་ཧེ་ཐུགས་རྗེ་ཆེན་མོའི་འཁྲུངས་སྐར་གྱི་ཉིན་ཡིན་པས་སྨོན་ལམ་གྱི་ཚུལ་དུ་སྙན་ངག་སྨྲ་བ་དཀོན་མཆོག་བསམ་གཏན་ནམ་མིང་གཞན་རིག་པའི་ཁུ་བྱུག་གིས་སྦྱར་བ་དགེའོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།