གཟུ་བོར་གནས་ཏེ་བདེན་པར་སྨྲ་བ་ལས།།
སུ་ལ་ཕྱོགས་ནས་གང་ལ་སྡང་བ་ཡིས།།
ཚུལ་མིན་གཏམ་གྱིས་རང་གཞན་མི་བསླུ་བ།།
ཡུན་ཐུང་མི་ཚེ་འདི་ཡི་དམ་ཚིག་ཡིན།།
རྒྱ་མཚོ་ཆུ་སྲིན་རླབས་ཀྱི་དཔེ་བཞིན་དུ།།
ཤིན་ཏུ་དགོས་ཤིང་མཁོ་བ་དེ་ཡི་ཚེ།།
སུས་ཀྱང་མ་ཐེག་བསྐྱུར་ནས་བཞག་པ་ཡི།།
ལྗོངས་འདིའི་བསྟན་སྲིད་ཁུར་ཆེན་ཁྱོད་ཀྱིས་བཏེགས།།
སྔོན་གོམས་སྨོན་པའི་བག་ཆགས་མཐུ་བཙན་ཞིང་།།
དམ་པའི་བཀའ་ཡིས་བསྐུལ་བ་ལྗིད་ཆེ་བས།།
ཤིན་ཏུ་ཐེག་པ་དཀའ་བའི་ཁུར་ཆེན་དེ།།
ཕྲག་ཏུ་བཞེས་ཏེ་གཞན་གྱི་གྲལ་དུ་བཞུད།།
གཞན་རྗེས་ཆོད་ནས་རང་ཆུས་མ་ཤོར་ཞིང་།།
བསྟན་པ་ཡོངས་རྫོགས་གྲུ་བཞི་ལམ་མེ་བར།།
བཟུང་བའི་ཚུལ་འདིར་བསམ་ཚེ་བློ་ལྡན་རྣམས།།
ཞལ་གྱི་དཀྱིལ་འཁོར་མི་འཛུམ་རང་དབང་ཅི།།
གལ་ཏེ་ཁྱེད་སྐུ་ཉི་མ་གཞོན་ནུ་ཉིད།།
མདོ་ཁམས་ཉི་མ་ཤར་གྱི་ཞིང་ས་འདིར།།
མ་ཤར་དེ་སྲིད་ལུགས་གཉིས་དཔལ་ཡོན་གྱི།།
ལོ་ཏོག་ཡོངས་སུ་རྒྱས་པའི་དཔེ་མི་སྲིད།།
པདྨ་རིག་འཛིན་ཐོག་མའི་ཐུགས་བསྐྱེད་དང་།།
བྱང་ཆུབ་རྡོ་རྗེའི་མཐའ་མའི་མཛད་པ་གཉིས།།
མ་བསྐྱུར་མ་བསྒྱུར་ཇི་མ་ཇི་བཞིན་དུ།།
སྐྱོང་བ་འདི་ནི་རྒྱུ་འབྲས་རན་པ་ལ།།
བསྟན་འཛིན་བཟང་པོའི་རྟོགས་པ་མ་བོར་ཞིང་།།
ནམ་མཁའི་རྡོ་རྗེའི་སྒོམ་པ་མ་བསྙེལ་བར།།
ཆོས་ཀྱི་རྡོ་རྗེའི་འཕྲིན་ལས་སྐྱོང་བ་ཡི།།
ཡོན་ཏན་ཡར་ལྡན་འདི་འདྲ་ཡག་པ་ལ།།
ལ་ལ་བཙུན་ཀྱང་མཁས་པའི་བློ་མིག་ལྡོངས།།
འགའ་ཞིག་མཁས་ཀྱང་བཙུན་པའི་སྲོག་དང་བྲལ།།
བཙུན་པའི་སྲོག་ལྡན་མཁས་པའི་སྤྱན་ཡངས་པ།།
བསྟན་འཛིན་སྐྱེས་བུ་ཟེར་ན་ཁྱེད་འདྲ་དགོས།།
གང་ནས་ལྟོས་ཀྱང་གང་ཡང་ཚང་བ་སྟེ།།
ལྷག་བསམ་མ་གཏོགས་བློ་ལྷག་མེད་པ་དང་།།
གཞན་དོན་མ་གཏོགས་བསྒྲུབ་རྒྱུ་མེད་པ་ཡི།།
དམ་པའི་སྐྱེས་བུ་ཟེར་ནའང་ཁྱེད་འདྲ་དགོས།།
མཐའ་དྲུག་ཚུལ་བཞིས་རྒྱུད་སྡེ་འཆད་ལ་མཁས།།
འབྲེལ་བ་བཞི་ལྡན་སྒྲུབ་སྡེ་ལག་ལེན་བྱང་།།
སྔ་འགྱུར་བསྟན་པ་འཛིན་ཚུལ་འདི་འོ་ཞེས།།
བཤད་མ་དགོས་པར་བཤམས་པའི་ཚུལ་འདི་ཡག།
ཆེན་པོའི་མིང་གིས་བསྙད་ཀྱང་མ་བསྙད་རུང་།།
སུ་དང་གང་གིས་བསྟོད་དམ་སྨད་ཀྱང་ཆོག།
མ་སྨད་ཡོན་ཏན་གཙང་མས་ཉེར་མཛེས་པའི།།
ཚུལ་འདི་མཐོང་བས་བདག་ནི་རབ་ཏུ་འཚེངས།།
སྤྱི་དང་བྱེ་བྲག་རྒྱལ་བསྟན་བྱུང་རིམ་དང་།།
ཁྱད་པར་མདོ་ཁམས་གྲུབ་དབང་རྫོགས་ཆེན་པའི།།
ཆོས་བརྒྱུད་བྱུང་འཕེལ་ལོ་རྒྱུས་རིན་པོ་ཆེའི།།
ཕྲེང་བ་བསྟར་ལ་བརྒྱུས་འདྲའི་འབེལ་གཏམ་བརྗིད།།
གཞུང་བཟང་གཅིག་ཏུ་གཞུང་བརྒྱའི་གནད་འདུས་ཤིང་།།
དུས་ལ་རན་ཞིང་བློ་ལའང་འཚམས་པ་ཡི།།
སྤྱོད་འཇུག་ཆེན་མོའི་འགྲེལ་ཆེན་གསར་མ་ཞིག།
གོ་སླ་འཛིན་བདེའི་ཚིག་སྦྱོར་གསར་པས་བཞེངས།།
སྙིང་ནས་རེ་ཞིང་སྐུལ་བའི་བཀའ་མཆིད་རེས།།
ཕྱི་ཡི་སྣོད་དང་ནང་གི་བཅུད་བསྲུངས་ཤིང་།།
བསགས་པའི་ནོར་དང་བདོག་པའི་དངོས་པོ་ཡིས།།
བསྟན་པའི་གནས་དང་འདུས་པའི་སྡེ་ཉིད་བསྐྱངས།།
རྟོགས་ལྡན་འཁྲུལ་ཞིག་བློ་གྲོས་རྒྱ་མཚོ་དང་།།
གསང་ཆེན་བཀའ་བབས་ཁྱབ་བདག་བླ་མ་རྗེ།།
ཀུན་སྤངས་བྱ་བཏང་ཆོས་དབྱིངས་ཁྱབ་བརྡལ་ཞབས།།
རིང་ལུགས་འཛིན་པ་ཐུབ་བསྟན་ཉི་མ་ཟུང་།།
འབྲུག་སྤྲུལ་ཐུབ་བསྟན་པདྨ་འཕྲིན་ལས་དང་།།
སྔགས་འཆང་དབང་པོ་བསྟན་པ་འགྱུར་མེད་ཞབས།།
ཁྱད་པར་གངས་ཅན་མགོན་པོས་གཙོར་བྱས་པའི།།
རིས་མེད་དགེ་བའི་བཤེས་གཉེན་མང་བསྟེན་ཏེ།།
བཀའ་བཞིན་བསྒྲུབ་ཅིང་ཆོས་བཞིན་སྤྱད་པ་ཡི།།
དམ་པའི་རང་བཞིན་གསེར་སྦྱངས་བཙོ་མའི་མདངས།།
གཟིགས་ཏེ་ཡོངས་འཛིན་བཤེས་གཉེན་མཆོག་རྣམས་ཀྱིས།།
བཀའ་གཏད་གདམས་པའི་རྒྱུད་འཛིན་མཆོག་ཏུ་བསྔགས།།
རྟོན་པ་བཞི་ལྡན་སྤྱན་ལྟོས་བཟང་པོ་ཡིས།།
གང་ན་སུ་བཞུགས་མིང་གི་ཆེ་ཆུང་ལ།།
མ་ལྟོས་དཀོན་པའི་དབང་ཁྲིད་གདམས་པའི་རྒྱུན།།
དུས་འདིར་བཞུགས་དགུས་ཐུགས་རྒྱུད་གང་བར་བྱས།།
འཇམ་རྩུབ་ཐབས་ཚུལ་གང་དང་ཅི་སྤྱད་ཀྱང་།།
བདེན་པ་མཐར་བསྐྱལ་དཔའ་སྤོབས་ཞུམ་མེད་ཀྱིས།།
བླ་མའི་བཀའ་བཞིན་དམ་ཚིག་བསྲུངས་པ་ལས།།
ཀླ་ཀློའི་ངག་བཞིན་ཞབས་འདྲེན་ཞུས་མྱོང་མེད།།
སྒྲིབ་བྱེད་སྨག་རུམ་ཇི་ལྟར་འཐིབས་གྱུར་ཀྱང་།།
སྣང་བྱེད་སྒྲོན་མེ་དེ་ལྟར་གསལ་བ་བཞིན།།
ཕྱི་ནང་རྒུད་པའི་མུན་པ་དཔུང་འཐུག་ཀྱང་།།
མགོན་ཁྱོད་ལྷག་པར་གསལ་བའི་ཚུལ་འདི་རྨད།།
བསླབ་ལ་གནས་ཤིང་སློབ་ལ་བརྩོན་པ་ལས།།
ཚུལ་མིན་སྤྱོད་དང་བག་མེད་གཡེང་བ་ཡིས།།
ཉིན་གཅིག་ལྟ་ཅི་ཆུང་ནས་ད་ལྟའི་བར།།
སྐད་ཅིག་ཙམ་ཡང་འདའ་བ་མེད་ཅེས་ཐོས།།
བདེན་པར་བཀུར་ཞིང་དྲང་པོར་སྨྲ་བ་ལས།།
ཁ་འཛིན་ངོ་བསྲུང་བཅོས་མའི་ཟོལ་ཚིག་གིས།།
དངོས་སུ་ལྟ་ཅི་ཀུ་རེའི་ཚུལ་གྱིས་ཀྱང་།།
མཆོག་དམན་སུ་ཡང་བསླུས་པའི་དཔེ་མ་མཐོང་།།
འཕྲལ་ལ་ཕན་ཞིང་ཕུགས་ལ་བདེ་བ་ལས།།
མ་བརྟགས་ཐོ་ཅོའི་བསམ་སྤྱོད་ཉི་ཚེ་བས།།
ཆོས་དང་འཇིག་རྟེན་ལུགས་གཉིས་གང་ལའང་།།
འཇུག་པ་ལྟ་ཅི་ཕྱོགས་པའི་གཏམ་གྱིས་དབེན།།
རང་གིས་ཤེས་ཀྱང་གཞན་ལ་བགྲོས་བྱེད་ཅིང་།།
གཞན་གྱིས་སྨྲས་ཀྱང་རང་གིས་བརྟགས་པ་ལས།།
བྱ་བའི་གནད་དང་དུས་ཀྱི་འཇུག་ལྡོག་ལ།།
མ་དཔྱད་གཞན་དྲིང་འཇོག་པའི་ལུགས་སྲོལ་མེད།།
བསླབ་པ་ལྡན་ཞིང་སྡེ་སྣོད་ཤེས་པ་རྣམས།།
གོང་དུ་བཀུར་ཞིང་ཁྲི་འཕང་མཐོན་པོས་སྟེགས།།
ལྷག་བསམ་ཆེ་ཞིང་འབྱོར་བ་ལྡན་པ་རྣམས།།
འོས་ཤིང་མཐུན་པའི་ལས་སྣེ་སོ་སོར་བསྐོས།།
བསམ་པ་དཀར་ཡང་བློ་ཡི་མཐུ་ཞན་པས།།
རུང་མིན་གྱ་གྱུ་སྨྲ་ལ་གོམས་པ་ཡི།།
མདུན་ན་རྒྱུ་རྣམས་དུས་སུ་བཞམས་བསྒོ་ཡིས།།
བཅུན་པ་དེ་ཡང་དགོངས་པ་ཟབ་པར་སྙམ།།
རླབས་ཆེན་བསྟན་སྲིད་བགྱི་བ་འགངས་ཆེན་ལས།།
དགག་སྒྲུབ་ཆགས་སྡང་ཕྱོགས་ཞེན་ཉི་ཚེ་བར།།
གཡེངས་པའི་རྣམ་ཐར་བཙལ་ཀྱང་མི་རྙེད་པའི།།
རྟག་ཏུ་སྒམ་ཞིང་བརླིང་བའི་ཚུལ་འདི་བརྗིད།།
བློ་དམན་བདག་ཀྱང་རྐྱེན་སྣང་གློ་བུར་བས།།
བློ་སྣ་གཞན་དུ་སྒྱུར་ལ་ཉེ་བ་ན།།
བློ་ལྡན་ཁྱེད་ཀྱིས་བློ་སྒོ་ཕྱེས་མིན་ན།།
ད་ཞིག་ཇི་ལྟར་གྱུར་པའང་སུ་ཡིས་དཔོག།
མདོར་ན་བསྟན་འགྲོར་སྨན་པ་ཁོ་ན་ལས།།
ཁྱབ་བསྒྲགས་འཁྲབ་སྟོན་ལྟར་སྣང་བཟང་པོ་ཡིས།།
གཞན་མགོ་བསྐོར་ཞིང་རང་མགོ་འདོན་པའི་ཚུལ།།
གཞལ་ཡང་མ་མཆིས་དམ་པའི་རང་གཤིས་གཙང་།།
བཙུན་པའི་སྲོག་ལྡན་མཁས་པའི་བློ་མིག་རྣོ།།
དབང་པོ་ཀུན་ཚང་བཟང་པོའི་རྒྱན་གྱིས་མཛེས།།
ཕྱོགས་མེད་བྱམས་དང་བརྩེ་བས་མངོན་པར་ཕྱུག།
འཛོམས་གསུམ་འཛོམས་པ་ཆེ་བའི་ཆེ་བ་ཉིད།།
དུས་ཀྱི་མཐའ་རུའང་གངས་ཅན་ཤར་ཕྱོགས་སུ།།
ཡོངས་རྫོགས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བ་ལ།།
རྒྱ་ཆེན་ཐུགས་བསྐྱེད་རྨད་དུ་བྱུང་ངོ་ཞེས།།
བསྔགས་པ་མཐའ་ཡས་དོན་ལྡན་ཁྱོད་མིན་སུ།།
རང་ལ་དབང་བའི་ཡིད་བཞིན་ནོར་བུ་དེ།།
གནད་ཆེན་ཤེས་ནས་བཀུར་སྟིས་བསྲུང་བ་ན།།
བསྟན་འགྲོར་སྨན་པའི་འཕྲིན་ལས་རླབས་པོ་ཆེ།།
དར་ཞིང་རྒྱས་ཞེས་གསུངས་པའང་དོན་ལ་གནས།།
རྗོད་བྱེད་སྡེ་སྣོད་བརྗོད་བྱ་བསླབ་པ་གསུམ།།
མཁས་ཚུལ་གསུམ་གྱིས་འཛིན་སྐྱོང་སྤེལ་བ་ཡིས།།
ལུང་རྟོགས་དམ་ཆོས་ཉིན་མོར་བྱེད་པའི་མགོན།།
བསྟན་པའི་ཉི་མ་སྙིང་གི་མུན་སེལ་ཡིན།།
དེ་ལྟར་ལུང་དང་རིགས་པའི་མེ་ལོང་ལ།།
གོང་མའི་སྐྱེ་སྲིད་སྤྲུལ་པའི་སྐུ་མཆོག་ཅིག།
ཡོད་པ་སྲིད་ན་ཡོད་ཚུལ་འདིའོ་ཞེས།།
སྨྲ་བ་མེད་ཀྱང་གོ་བའི་གདེང་ཞིག་འཆར།།
ད་དུང་དུ་ཡང་ལྗོངས་འདིའི་ལུགས་གཉིས་ཀྱི།།
དཔལ་ཡོན་མངའ་ཐང་དར་མིན་ཁྱེད་ཉིད་ཀྱི།།
ཐུགས་བསྐྱེད་བརྩོན་པའི་མཐུ་ལ་རག་ལས་ཕྱིར།།
ཐུགས་དམ་ཞལ་བཞེས་བཟང་པོ་རིང་དུ་སྲིངས།།
རྨ་རྒྱལ་ལྷུན་པོ་རྡུལ་དུ་དེངས་པ་དང་།།
རྨ་ཀླུང་རིང་མོ་སྐམ་ནས་ཆད་ཀྱི་བར།།
ཁྱེད་སྐུ་ཉི་མའི་དྲོད་བཅུད་ལ་བརྟེན་པའི།།
གདུལ་བྱའི་རེ་སྐོང་ཡིད་བཞིན་ནོར་བུར་མཛོད།།
དམ་པའི་རང་བཞིན་རིན་ཆེན་གསེར་གླིང་ནས།།
ས་རྡོ་ཕལ་བ་བཙལ་ཀྱང་མ་རྙེད་མོད།།
རང་བློས་ལྕོགས་ཚོད་གསེར་བྱེ་ཁྱོར་བ་གང་།།
བླངས་ཏེ་གཟུར་གནས་བློ་ཡི་རྒྱན་དུ་བྱས།།
ཞེས་གྲུབ་དབང་རྫོགས་ཆེན་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་གི་རང་བཞིན་གསོང་པོར་བརྗོད་པའི་ཚིགས་སུ་བཅད་པ་ཉུང་ངུ་འདི་ནི། གཟུ་བོར་གནས་པ་དང་བདེན་པར་སྨྲ་བ་ལ་གཅིག་ཏུ་འདུན་པའི་རྟོག་གེ་བ་ཚ་བ་རྡུལ་ཕྱཊ་དེས། དམ་པ་གང་གིས་གྲུབ་དབང་རྫོགས་ཆེན་པའི་བསྟན་སྲིད་ཀྱི་ཐུགས་འགན་གལ་བོ་ཆེ་བཞེས་ནས་མི་ལོ་ཧྲིལ་པོ་ཉི་ཤུ་ཟིན་ལ་ཉེ་བའི་དུས་ཀྱི་ཆ་སྟེ། ༢༠༢༢ ་༥ ་༡༥ ཉིན། བྱས་པ་ཤེས་ཤིང་དྲིན་དུ་ཚོར་བའི་བློས་དངོས་ཡོད་མཐོང་ཆོས་སུ་གྱུར་པ་རྣམས་མ་བཅོས་ལྷུག་པོར་སྨྲས་པའོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།