རྫོགས་བྲིས་ཀྱི་ཁྱད་ཆོས་བརྗོད་པ་བཅུ་དྲུག་ལྷ་མོའི་འཇོ་སྒེག

26ff323855f92391182dd16a39d7e57e.jpg

ཁྱབ་བདག་གསང་གསུམ་དོན་ཡོད་ཞགས་པའི་གར། །

ཡང་དར་བསྟན་འགྲོའི་དཔལ་དུ་བསྒྱུར་བ་ལས། །

རྫོགས་བྲིས་ཡིད་འཕྲོག་དྲི་ཟའི་ལྷ་མོ་གང་། །

རྡོ་རྗེ་སྒེག་མོའི་ཚུལ་གྱིས་ཞིང་འདིར་སྦྱིན། །

དེ་ཡང་ཁྱབ་བདག་རྫོགས་ཆེན་པའི་ཐུགས་ཟབ་གསང་རྒྱ་མཚོའི་གཏིང་རུམ་ནས་རྫོགས་བྲིས་ཀྱི་སྨྱུ་གུ་འབུས་ཤིང་སོར་རྩེའི་འཇོ་སྒེག་ལས་འཁྲུངས་པའི་ངོ་མཚར་ཕྱག་རྒྱུན་བཅུ་དྲུག་ལྷ་མོའི་འཛུམ་དཀར་གྱི་མེ་ཏོག་རེ་རེ་ནི་དོན་གཉིས་ལྷུན་གྲུབ་ཀྱི་ཁྱད་ནོར་རེ་རེ་དང་དཔལ་ཡོན་གྱི་འབྱུང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རེ་རེར་གྱུར་བ་མ་ཟད། རྫོགས་ཆེན་པདྨ་རིག་འཛིན་གྱིས། 

གནས་སྐབས་ཀྱི་འཕྲལ་བྱུང་ཚིག་གི་སྒོ། ། 

ངེས་མེད་ཀྱི་རྣལ་འབྱོར་བློ་ལས་ཤར། ། 

འགགས་མེད་དུ་ཡི་གེའི་གཟུགས་སུ་སྣང་། ། 

སྣང་ཙམ་གྱི་བརྡ་ལ་དོན་གོ་བ། ། 

བློ་ལྡན་དག་ཡོད་ན་ཉམས་རེ་དགའ། ། 

ཞེས་པ་བཞིན་ཡིག་གཟུགས་དེ་དག་སྣང་ཐེངས་རེ་རེ་ནི་སྣང་སྟོང་མཉམ་པ་ཉིད་ཀྱི་རྟོགས་པ་རྒྱས་ཐེངས་དང་སྣང་ཙམ་གྱི་བརྡ་དོན་གོ་ཐེངས་རེ་རེ་ནས་གྲུབ་རྒན་གོང་མ་རྣམས་ཀྱི་ཉམས་དང་སྣང་བ་དགའ་བའི་མཆོད་ཕྲེང་རེ་རེར་གྱུར་དང་འགྱུར་བཞིན་ཡོད།

ལན་ཝར་ནཱ་ག་ར་བཅས་མཛེས་སྡུག་ཆ། །

གཅིག་བསྡུས་ཐོན་མིའི་ཕྱག་རིས་ཨུ་མའི་དཔལ། །

ལྟ་བས་མི་ངོམས་ཁམས་བྲིས་ཁྱབ་བདག་མར། །

རྡོ་རྗེ་ཕྲེང་བ་མ་ཡི་ལང་ཚོ་འབར། །

རྫོགས་བྲིས་ཀྱི་མེས་པོ་དམ་པ་བོད་ཀྱི་ཡི་གེ་འདི་སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་ལྷན་དུ་འདུས་ཤིང་འཕེལ་བའི་ཁྲོད་ནས་ཐོག་མར་བྱུང་ཞིང་འཕེལ་རྒྱས་བླ་ལྷག་བྱུང་ནའང་། སྐབས་དེར་སྐད་གདངས་ཀྱི་ཡི་གེ་ལས་མཚོན་བྱེད་རི་མོའི་ཡིག་གཟུགས་འདི་ད་དུང་མ་བྱུང་བར་དུས་རབས་བདུན་པའི་སྟོད་ཀྱི་ཆ་ཙམ་ལ་བཙན་པོ་སྲོང་བཙན་གྱི་ཐུགས་བསྐྱེད་དང་སློབ་དཔོན་ཐོན་མིའི་མཁྱེན་རྩལ་ཟུང་དུ་འབྲེལ་བ་ལས་ཡིག་རིགས་དྲུག་ཅུ་ལྷག་གི་ལེགས་ཆ་གཅིག་ཏུ་བསྡུས་པའི་བོད་ཡིག་གི་ཐོག་མ་ལྷ་ལྡན་རྡོ་རིང་ཆེན་མོར་བྲིས་པ་སྦལ་ནག་ན་ལ་བགྲད་འདྲ་ནས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅོས། མཐའ་བཞིའི་རྒྱལ་ཁམས་ཀུན་ལ་མཛའ་འབྲེལ་བཙུགས། རྒྱ་བཟའ་ཀོང་ཇོ་བོད་དུ་བསུས་པས་གནམ་ལ་ཉི་ཟླ་ཟུང་གཅིག་ས་ལ་བཙན་པོ་དབོན་ཞང་དུ་གྲགས་ཤིང་ལུགས་གཉིས་ཀྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་ལྷ་འབངས་ལ་སྐྱིད་ཀྱི་ཉི་མ་ཤར།

       འཇམ་མཉེན་ལུས་ཀྱི་འཁྲི་ཤིང་གཡོ་བའི་རྩེར། །

       ཆུ་སྐྱེས་བཞིན་ལ་ཨུཏྤལ་གཞོན་ནུའི་མིག། །

       མགྲིན་དབྱངས་རྫ་རྔ་ཕྱག་བྲིས་ཡིད་འཕྲོག་མས། །

       རྡོ་རྗེ་གླུ་མའི་ཚོགས་ལ་སྐྱེངས་པ་བསྟེར། །

གང་དུ་ཡི་གེ་དག་པ་ཡོད་ན་དེ་རུ་བསྟན་པའི་རྒྱལ་མཚན་དང་སུ་ལ་བྲིས་གཟུགས་ལེགས་པོ་ལྡན་ན་ཁོ་ལ་མཁས་པའི་ཁྱད་ཆོས་ཚང་པས། སློབ་དཔོན་ཆེན་པོས། ཆོས་ལ་ཀློག་འདོན་བྱེད་པའི་ཡོན་མཆོད་རྣམས། ། དང་པོ་གཞོན་དུས་འབྲི་ཀློག་ལེགས་པར་སློབ། ། 

འབྲི་མཁན་ཡི་གེའི་གཟུགས་ནི་ལེགས་པར་སྦྱོངས། ། ཞེས་དང་གཞན་ཡང་། རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན། ། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། ། ཞེས་པ་སོགས་ཀྱིས་མཚོན་ཏེ། ཡིད་འོང་གི་རྫོགས་བྲིས་ཁྱེད་ཉིད་བྲིས་གཟུགས་ཀྱི་དཔྱིད་དཔལ་འདྲེན་པའི་ཕོ་ཉ་གཅིག་པུར་གྱུར་བ་མ་ཡིན་ནམ།

WechatIMG1202.jpeg

པད་མཚོར་གསེར་ཉྭ་འཁྱུགས་འདྲའི་མཛུབ་རིས་རྩལ། །

  གནའ་དེང་སྒྱུ་རྩལ་ཁྱད་ཆོས་འབུམ་གྱིས་ཕྱུག། །

      དྲུག་ཅུའི་འགྱུར་བག་རྫོགས་པའི་མཛའ་ན་མོ། །

    རྡོ་རྗེ་གར་མའི་ཚོགས་ལས་ལན་བརྒྱར་རྒྱལ། །

བསྟན་པ་སྔ་ཕྱི་དར་གྱི་ཡིག་མཁན་མཁས་པའི་དབང་བོ་རྣམས་ཀྱི་བྲིས་རྒྱུན་གཅིག་ཏུ་འདྲེས་པའི་ཁྱབ་བདག་ཕྱག་རྒྱུན་རྫོགས་བྲིས་འདི་ཉིད། དབུ་ཅན་གཟབ་ཆེན་གཙོར་འདོན་ཨམ་བྲིས་དང་། དབུ་མེད་གཟབ་ཆུང་གཙོར་འདོན་ཁམས་བྲིས། དབུ་མེད་འཁྱུགས་བྲིས་གཙོར་འདོན་དབུས་བྲིས་ཀྱི་ཁྱད་རྩལ་འདོན་ཚུལ་གསུམ་ཡོད་པ་ལས། མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་མཛེས་རྩལ་གྱི་བསྡུས་གཟུགས་ངོ་མཚར་ཅན་དུ་གྲུབ་ལ། ལེགས་པ་བས་ཀྱང་མགྱོགས་པ་གཙོ།། མགྱོགས་པ་བས་ཀྱང་སྙོམས་པ་གཙོ། སྙོམས་པ་བས་ཀྱང་དག་པ་གཙོ།། དེས་ན་དག་པ་གཙོ་བོ་ཡིན།། ཞེས་པའི་གཙོར་འདོན་གྱི་གསལ་ཆ་བཀྲ་བས། འཛམ་གླིང་ཡིག་གཟུགས་ཀྱི་གྲལ་དབུར་འགྱིང་བག་དང་བཅས་བཞུགས་པར་འགྱུར་ངེས་ཡིན།

  སྐྱེས་སྦྱངས་ཞུན་མའི་ཡིག་གཟུགས་ཚངས་སྲས་ཞལ། །  

མཆུ་སྒྲོས་བུམ་པར་ཚེམས་དཀར་མུ་ཏིག་ཕྲེང་། །

 ཡིད་འོང་བསུང་ཞིམ་བ་ཀུ་ལ་ཡི་དཔལ། །

རྡོ་རྗེ་བདུག་སྤོས་མས་ཀྱང་བླངས་སམ་སྙམ། །

རྫོགས་བྲིས་པདྨ་རཱ་གའི་ཕྲེང་མཛེས་ཀྱི་ཆུ་མགོ་གངས་ལ་ཐུག་པ་ལྟ་བུའི་ཕྱག་རྒྱུན་ནི། བེེ་རོ་ཙ་ནཱ་ནམ་མཁའ་དག་དང་མཉམ། ། སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །རིན་ཆེན་བཟང་བོ་ཐོ་རེངས་སྐར་ཆེན་དེ། ། ཞེས་ནམ་མཁའ་ལྟ་བུར་བསྔགས་པའི་ལོ་ཆེན་བཻ་རོ་ཙ་ནའི་བྲིས་རྒྱུན་འཛིན་མཁན་རྫོགས་ཆེན་དྲུང་ཡིག་ཆོས་གྲགས་དང་།  བཀའ་འགྱུར་བ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་བྲིས་རྒྱུན་འཛིན་མཁན་རྫོགས་ཆེན་མཁན་ཆེན་པད་མ་ཚེ་དབང་དག་ལས་ཁྱབ་བདག་བླ་མར་ས་ཚ་ཚ་རྐོང་ནས་བཏོན་པ་ལྟ་བུའི་སྦྱངས་འབྲས་ཐོན་པ་ལ་གང་གི་ལྷན་སྐྱེས་ཀྱི་མཁྱེན་རྩལ་མེ་ལྟར་འབར་བས་ཟུར་བརྒྱན་པའི་ཁྲོད་ནས་རྫོགས་བྲིས་ཉ་གང་ཟླ་བའི་འཇོ་སྒེག་འདི་གསར་དུ་ཤར་བ་མ་ཡིན་ནམ།

ར་རིས་ཡོངས་བཏང་ཡིག་གཟུགས་འདབ་བརྒྱ་མར། ། 

སྙན་འཇེབས་གསུང་གི་བུང་བས་དར་དིར་སྒྲོག།

མ་སྐྱེས་ཨ་མའི་ཐུགས་གསང་ཡིད་བཞིན་དབང་། ། 

རྡོ་རྗེ་མེ་ཏོག་མ་ཡིས་མཆོད་ཕྲེང་སྟོབས། །

ཁྱབ་བདག་པའི་ཐུགས་མཚོ་ལས་འཁྲུངས་པའི་རྫོགས་བྲིས་པདྨའི་འཁྲི་ཤིང་འདི་ཉིད་མདོ་དབུས་ཁམས་གསུམ་གྱི་བྲིས་རྩལ་ཀུན་གྱི་ཉིང་བཅུད་དུ་གྱུར་ཡོད་ནའང་། ཁྱད་ཆོས་འདོན་སྟངས་གཙོ་ཕལ་གྱི་དབང་གིས་ཁམས་བྲིས་རྩལ་འདོན་ལ། ས་པཎ་གྱིས། གང་དག་ཡི་གེ་འབྲི་བ་པོ། ། སྙོམས་གཙང་འགྲིག་གསུམ་ལྡན་པ་དང་། ། ལེགས་མགྱོགས་དག་གསུམ་དྲུག་ལྡན་ན། ། མཁས་པའི་གོ་ས་ཐོབ་པ་ཡིན། ། ཞེས་པ་མངོན་དུ་གྱུར་དང་འགྱུར་བཞིན་ཡོད།

171b9b217203ad0acbec634f72430674.jpg

ལྔ་རིག་ལང་ཚོ་གསལ་བྱེད་ཉི་ཟླའི་སྒྲོན། ། 

རྣམ་བཞིའི་འཕྲིན་ལས་ལྷུན་འགྲུབ་ཡེ་ཤེས་འཕྲུལ། ། 

ཡིག་ཚངས་ལོ་རྒྱུས་མི་བརྗེད་གཟུངས་ཆེན་སྡེ། ། 

རྡོ་རྗེ་སྣང་གསལ་ཡི་གེའི་གཟུགས་སུ་བྱོན། ། 

ལྔ་རིག་གི་སྒྲོན་མེ་ཡེ་ཤེས་ཀྱི་དྲྭ་བ་མི་བརྗེད་པའི་གཟུངས་ཆེན་དུ་གྱུར་བའི་རྫོགས་བྲིས་འོད་ཕྲེང་གི་འཕྲོ་འདུ་རེ་རེ་ནི་རྨ་བྱའི་སྒྲོ་གུར་དང་གསེར་ཉྭའི་འཁྱུགས་རྩལ། སྟག་གི་ཐིག་ལེ་དང་སེང་གེའི་གཡུ་རལ་ལྟ་བུའི་ཁྱད་ཆོས་འབུམ་ཕྲག་གཅིག་ཏུ་བཟླུམས་པའི་ངོ་མཚར་གྱི་འོད་ཕུང་ཆེན་པོ་གཟབ་ཆེན་གྱི་ཚུགས་དང་། གཟབ་ཆུང་གི་འཁྱུགས། འབྲི་ཆེན་གྱི་ལུས་ལ་འབྲུ་ཆུང་གི་རྒྱན། བཤུར་བྲིས་ཀྱི་རྩལ་ལ་འཁྱུགས་བྲིས་ཀྱི་སྲོག་ཞུགས་པའི་ཁྱད་ཆོས་དྲུག་གིས་མངོན་པར་འཕགས་པ་དེ་ཉིད།

སྐྱེས་སྦྱངས་མཁྱེན་རྩལ་ཧ་རིའི་དགའ་ཚལ་ཆེར། ། 

སྡེ་བཞིའི་ཡང་ཞུན་ཆོས་རིག་ནོར་བའི་རྒྱན། ། 

སྐལ་བཟང་སོར་རྩེའི་སྒྱུ་རྩལ་གངྒཱའི་རྒྱུན། ། 

རྡོ་རྗེའི་དྲི་ཆབ་གཟུགས་སུ་ས་གསུམ་ཁྱབ། ། 

ཡན་ལག་བརྒྱད་ལྡན་གྱི་ཁ་འབབ་ཆུ་བོ་རྣམ་བཞི་ཡངས་པའི་ནོར་འཛིན་སྒེག་མོ་བསྐོར་ནས་རྒྱུ་བ་ལྟར་རྫོགས་བྲིས་ཁྱབ་བདག་མས་ཀྱང་ལྷང་ལྷང་གི་མགྲིན་རྔ་སྒྲོག་བཞིན་བོད་ཁྲི་སྐོར་བཅུ་གསུམ་གྱི་ལ་ལུང་ཀུན་ཏུ་རྒྱུ་ཞིང་། ཁྱད་པར་དུ་སྤྱི་ལོ་༢༠༡༡ལོར་བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་གིས་ 《སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་ཕྱག་རྒྱུན་རྫོགས་བྲིས་ཀྱི་འབྲི་དཔེ་ཕྱག་བསྟར་མ》དཔར་སྐྲུན་འགྲེམས་སྤེལ་མཛད་པ་ནས་འཛམ་གླིང་ཟླུམ་པོ་གོ་ལའི་ཁྱོན་ཆེན་དུ་རྫོགས་བྲིས་མེ་ཏོག་གིས་ཡོངས་སུ་ཁྱབ་པར་གྱུར་བ་རེད།

3541e1bee2a1bc0ea8e3ef8cc42966f8.jpg

སྣང་སྲིད་ཆོས་ཀུན་མཚོན་བྱེད་ཡི་གེའི་གྲངས། ། 

ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་སོ་གཉིས་མ། ། 

རྒྱུན་བཀོལ་བརྒྱད་སྟོང་སྒྱུ་འཕྲུལ་དྲྭ་བའི་རིས། ། 

རྡོ་རྗེ་མེ་ལོང་ངོས་སུ་སྒེག་ཉམས་འགྲན། ། 

འདིར་བོད་ཀྱི་ཡིག་གྲངས་ཀྱི་ཐད་དུ་མཁས་པའི་དབང་བོ་ས་ཆེན་བསོད་ནམས་རྩེ་མོས་ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ཞེ་ལྔ་དང་། རྒྱུན་བཀོལ་གྱི་ཡི་གེ་སྟོང་ཕྲག་བརྒྱད་དུ་འདུ་བར་བཞེད་ལ། མཁས་དབང་ཚེ་ཏན་ཞབས་དྲུང་གིས་ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་སོ་གཉིས་ཡོད་པར་བཞེད་པ་དག་ཡི་གེའི་རྣམ་འགྱུར་གྱི་ཁྱད་པར་ཙམ་ལས་གནད་རྫོགས་བྲིས་ཕྱག་རྒྱུན་དུ་འཁྱིལ་ཡོད།

ཚོགས་གསུམ་གཡས་འཁྱིལ་དུང་གི་གུར་ཁང་ལས། །  

ཁམས་བྲིས་སྐལ་བཟང་མ་ཡི་གྲགས་དཀར་དབྱངས། ། 

མཚན་མཚོན་སྒོ་བརྒྱད་རྣམ་རྒྱལ་ཁང་བཟང་རྩེར། ། 

རྡོ་རྗེ་རྔ་ཟླུམ་མ་ཡིས་སྒྲོག་པ་མཚར། ། 

རྫོགས་བྲིས་གངས་རྒྱན་མེ་ཏོག་གི་དྲི་བསུང་མངར་མོ་གངས་ར་ཉེར་ལྔ་ལས་མདོ་སྟོད་རུ་དམ་གངས་ཀྱི་ར་བ་བདུད་རྩི་ཡོན་ཏན་གྱི་གནས་མཆོག་ནས་མཆེད་དེ་མདོ་ཁམས་སྒང་དྲུག་གི་སྨན་ལྗོངས་ཀུན་ཏུ་ཁྱབ་པ་མ་ཟད། དབུས་གཙང་རུ་བཞི་ནས་འཛམ་གླིང་ཞིང་ཆེན་སྡེ་ལྔ་ལེ་ལག་དང་བཅས་བར་བཀྲ་ལམ་མེར་བཞད་པའི་བསུང་ཞིམ་གྱིས་བློ་ལྡན་བུང་བའི་རྣ་དབང་རྣོན་པོ་ཅིག་ཅར་ཏུ་འཕྲོག་དང་འཕྲོག་བཞིན་ཡོད་པ་ངོ་མཚར་མི་ཆེའམ།

ནང་གི་འདུ་བྱེད་བཅུ་དྲུག་སྒེག་མོའི་སྐུར། ། 

ཡོངས་ཤར་ཡིག་གཟུགས་མིག་གི་བདུད་རྩིའི་ཟིལ། ། 

ལྔ་རིག་དཔྱིད་དཔལ་རྒྱས་པའི་ཕོ་ཉ་ཞེས། ། 

རྡོ་རྗེ་པི་ཝང་མ་ཡིས་བསྟོད་དབྱངས་སྒྲེང་། ། 

གང་གི་མཁྱེན་རྩལ་སྟོད་ཛ་ཏིའི་མེ་ཏོག་བཞད་ས་ནས་སྨད་ཆུ་ལ་དར་གོས་འཐགས་པ་ཡན་ཆད་དུ་དཀར་འབྱམས་ཡུག་གཅིག་གིས་ཁྱབ་པའི་དཔལ་ཡོན་གྱི་ཕོ་ཉ་གཅིག་པུར་གྱུར་བ་དེ་རིང་དཔྱིད་ཀྱི་རྒྱལ་མོའི་རྣམ་པས་སླར་ཡང་རང་གི་གསར་བཏོད་ཀྱི་ཕ་མ་ཟུང་གཅིག་ཁྱབ་བདག་རྫོགས་ཆེན་པའི་གྱ་སྟོན་ལ་འཆི་མེད་ཚེ་ཡི་རྡོ་རྗེའི་པི་ཝང་གི་བསྟོད་དབྱངས་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པ་སྒྲེང་བཞིན་ཡོད།

45deec6d2ba8f2240fde31d340e65846.jpg

ཡི་གེའི་ངོ་བོ་མི་འགྱུར་འཁྲི་ཤིང་རྩེར། །

བྱེད་ལས་མ་འདྲེས་བཀྲ་བའི་མེ་ཏོག་འཛུམ། །

ཕན་ནུས་འབྲས་བཟང་གཡུར་ཟ་ལྡེམ་པའི་དཔྱིད། །

 རྡོ་རྗེ་གླིང་བུ་མ་ཡིས་ཇི་ལྟར་མཚོན།།  

ཡི་གེའི་ངོ་བོ་ཨཀྵ་ར་ཞེས་བ་མི་འགྱུར་བ་སྟེ་བརྡ་མི་མཐུན་པའི་སྐྱེ་བོ་སུས་བརྗོད་ཀྱང་སྒྲ་གདངས་གཞན་དུ་མི་འགྱུར་བ་མ་ཟད། ཡིག་གཟུགས་ཀྱང་སྐྱེ་བོ་གང་གིས་བྲིས་ནའང་མཛེས་རྩལ་འདོན་སྟངས་ཙམ་ལས་གཞན་དུ་འགྱུར་བ་མེད་པ་རྫོགས་བྲིས་མེ་ཏོག་འདིས་གསལ་བཤད་བྱས་ཡོད།

མཁྱེན་པའི་ལང་ཚོའི་སྣང་སྲིད་ཁྱད་པར་བསྡམས། ། 

བརྩེ་ཆེན་ཧྲཱི་ཡིག་ཞུན་མས་འགྲོ་ཀུན་འདྲེན། །

གཟི་བརྗིད་འགྱུར་ཁུག་འབུམ་གྱི་བྱིན་མཐུ་ཅན།

རྡོ་རྗེ་རྫ་རྔ་རིགས་གསུམ་ཡིག་གཟུགས་མགོན། ། 

སློབ་དཔོན་ཐོན་མིའི་ཡིག་གཟུགས་ཀྱི་མཛེས་རྩལ་མང་བོ་གཅིག་ཏུ་བསྡུས་པ་རུས་སྦལ་ན་ལ་བགྲད་འདྲ་ནས་རིམ་གྱིས་གསེར་གྱི་སོ་ཕག་གཤིབ་འདྲ་དང།  རྨ་བྱའི་སྒྲོ་གདུགས་ཕུབ་འདྲ། འབྲུ་དྲུག་སྙེ་མ་དུད་འདྲ། མུ་ཏིག་བསྟར་ལ་བརྒྱུས་འདྲ།  གསེར་ཉ་མཚོ་མོར་འཁྱུགས་འདྲ། སེང་གེ་གངས་ལ་འཕྱོངས་འདྲ། ཁྱུང་ཆེན་ནམ་མཁར་འཕུར་འདྲ་སོགས་ཡིག་གཟུགས་ཀྱི་འཕོ་འགྱུར་དགུ་དང་འཕེལ་རྒྱས་དགུ་ཡིན་པ་མ་ཟད།ཡིད་དབང་འཕྲོག་པའི་མཛེས་རྩལ་ཆེན་པོ་དགུ་ཡིན་པས། རྫོགས་བྲིས་ལ་ཁྱད་ཆོས་དྲུག་གི་ལང་ཚོ་འབར་ཞིང་ཆེ་བ་དགུ་ཡི་ལོ་རྒྱུས་དང་མཛེས་རྩལ་དགུ་ཡི་ཉིང་བཅུད་ལྡན་པ་རེད།

རྨད་བྱུང་ཕྱག་རྒྱུན་ཚངས་སྲས་སྒེག་མོའི་ལུས། ། 

ཁམས་བྲིས་སྒྱུ་རྩལ་རྒྱན་ཕྲེང་གཡོ་བ་ལས། །

ངོ་མཚར་རྫོགས་བྲིས་ཁྱབ་བདག་སྲོག་དབང་ཅན། ། 

རྡོ་རྗེ་རེག་མའི་གསང་གསུམ་གཡང་གི་རྟེན། །  

45deec6d2ba8f2240fde31d340e65846.jpg

ཐོན་མིའི་ཕྱག་རྒྱུན་གྱི་ལུས་ལ་ཁྱད་ཆོས་དགུ་ལྡན་གྱི་རྒྱན་དང་དུས་རབས་ཀྱི་སྲོག་དབང་བཞུགས་པའི་རྟེན་འབྲེལ་ལས་འཁྲུངས་པའི་རྫོགས་བྲིས་ཀྱི་ཁྱད་ནོར་འདི།

ཡི་གེས་རྨོངས་ཆེན་མུན་པ་རྒྱང་དུ་སྐྲོད།།

ཡི་གེས་ཤེས་རབ་སྣང་བ་ནང་ནས་སྐྱེད།།

ཡི་གེས་ཆོས་དང་སྲིད་ཀྱི་ལེགས་ཚོགས་སྤེལ།།

ཡི་གེས་རང་གཞན་འདི་ཕྱིའི་དོན་ཆེན་སྒྲུབ།།  

ཞེས་ཁྱབ་བདག་བླ་མས་གསུངས་པ་མངོན་དུ་འགྱུར་བཞིན་ཡོད།

ཡི་གེའི་དག་ཆས་དོན་གྱི་གནད་འབྱིན་ཅིང་། ། 

དོན་གྱི་གོ་བས་ཡི་གེའི་དག་ཐོན་པ། །  

དག་ཆ་དོན་དང་སྡེབ་བའི་ཡིག་རིས་རྩལ། ། 

རྡོ་རྗེ་རོ་མའི་ཚོགས་ཀྱིས་བསྟོད་སྤྲིན་སྤྲོ། །

ཕྱག་རྒྱུན་འདོད་འཇོ་བུམ་བཟང་ཁྱེད་ཉིད། ། 

དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། ། 

བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།།

ཞེས་པ་ལྟར་འཛམ་གླིང་གི་ཡི་གེའི་མ་ཕྱི་དང་མཛེས་དཔྱོད་ཀྱི་ཞིང་ཁམས་ཆེན་པོའི་ནང་གི་མེ་ཏོག་གཅིག་ཏུ་གྱུར་དངའགྱུར་བཞིན་ཡོད་པ་ནི་ཐུན་མོང་མ་ཡིན་པའི་ཚེ་རིལ་ཞིག་མ་ཡིན་ནམ་སྙམ།

ཡིག་གཟུགས་བདེ་གཤེགས་བརྒྱད་ཀྱི་འཁྲི་ཤིང་རྩེར། །

སེམས་དཔའ་བརྒྱད་རྣམས་འཛུམ་དཀར་མེ་ཏོག་དགོད། །

འཇིག་རྟེན་སྐྱོང་བརྒྱད་བསྟོད་དབྱངས་ཨ་མྲའི་འབྲས། །

ཆོས་ཀྱི་རྡོ་རྗེ་མ་དང་ལྷན་ཅིག་སྨོན། །

ལྔ་བརྒྱ་ཐ་མར་གྱུར་བ་ན། ། 

ང་ནི་ཡི་གེའི་གཟུགས་སུ་གནས། །  

ང་ཡིན་སྙམ་དུ་ཡིད་བྱོས་ལ། ། 

དེ་ཚེ་དེ་ལ་གུས་པ་གྱིས། །  

ཞེས་སྟོན་པས་གསུངས་པ་ནང་བཞིན་ཁྱབ་བདག་རྫོགས་ཆེན་པས་ཡང་དར་བསྟན་རྒྱུན་འཐུད་པའི་ཁུར་ཆེན་ཐུགས་སུ་བསྣམས་ཏེ།  གང་གི་སྐུ་སྣང་སྟོང་རྫོགས་བྲིས་འཆི་མེད་པདྨ་འབྱུང་གནས་ཀྱི་རྣམ་པས་ཡང་དར་བསྟན་འགྲོ་རྫོགས་ལྡན་གྱི་དཔལ་ལ་བཀོད་ཅིང་། གསུང་གྲགས་སྟོང་ཡི་གེས་མདོ་རྒྱུད་རྒྱ་མཚོ་ཕྱག་བཞེས་རིག་གནས་དང་བཅས་བའི་ཆོས་འཁོར་རྒྱ་ཆེར་བསྐོར། ཐུགས་དྲན་སྟོང་འགྱུར་མེད་ཨ་ཀྵ་རའི་ངོ་བོར་ཡེ་ནས་རྫོགས་ཀྱང་། བྱམས་སྙིང་རྗེ་ཆེན་པོའི་གཞན་དབང་གིས་ངེས་གསང་ཨ་ཏི་ཡོ་གའི་རྒྱུད་ལུང་མན་ངག་གི་བདུད་རྩི་འཕངས་མེད་དུ་བསྩལ་བའི་རྫོགས་བྲིས་ཀྱི་སྲོལ་འབྱེད་པ་ཁྱེད་ཉིད་བསྟན་འགྲོའི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་སྐུ་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་པའི་སྨོན་འདུན་སྙིང་ནས་ཞུ་ཞུ་ཞུ་ཛ་ཡནྟུ།

WechatIMG1203.jpeg

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།