ལྷ་ལྡན་ཞིང་གི་ཡིད་འོང་གནས་མཆོག་ཏུ།།
ལུང་རྟོགས་རྒྱ་མཚོའི་བྱིན་རླབས་འཕོས་པའི་གཞིར།།
གྲྭ་བཙུན་འདུས་པ་རྒྱ་མཚོའི་ཐུགས་སྨོན་འཁྱིལ།།
གནས་མཆོག་པདྨ་ཐང་ཞེས་ཆོས་སྡེ་བརྗིད།།
དྲི་མེད་གསུང་གི་སྦྲང་ཆར་ཤག་ཤག་འཇོ།།
བྱམས་བརྩེའི་ཐུགས་ཀྱི་འཇའ་ཚོན་རྣམ་པར་བཀྲ།།
ངོ་མཚར་སྐུ་ཡི་ཉི་གཞོན་ཕྱོགས་བཅུར་འཕྲོས།།
མཚུངས་མེད་བླ་མའི་ཞབས་ལ་གུས་ཕྱག་འཚལ།།
ཤེས་བྱ་ཡངས་པ་གཏིང་ཟབ་རྒྱ་མཚོའི་དབུས།།
བཤད་སྒྲུབ་ཐོས་བསམ་རྦ་རླབས་གཡོ་བའི་ངོགས།།
སྐྱེས་ཆེན་དམ་པའི་གྲུ་གཟིངས་ལ་བརྟེན་ནས།།
མཁས་པའི་རྒྱལ་ས་ཟིན་པ་ཁྱེད་ལས་སུ།།
ངུར་སྨྲིག་ཆོས་སྡེའི་མཚན་དཔེ་འབར་བའི་འོད།།
གསུང་གི་མཛད་པ་རི་བོའི་གཏོས་དང་མཉམ།།
འགྲོ་བ་ཀུན་ལ་བརྩེ་བའི་ཐུགས་ཀྱིས་གཟིགས།།
བླ་མ་དམ་པ་གངས་ཅན་མཁས་པའི་རྒྱན།།
འཆད་པའི་ངག་གིས་ཀུན་ཡིད་འཕྲོག་བྱེད་ཅིང་།།
རྩོད་ལ་ཐོགས་མེད་བདུད་དཔུང་ཟིལ་གྱིས་གནོན།།
རྩོམ་པའི་སྡེབ་སྦྱོར་མཐོ་རིས་གློག་ཞགས་འདྲ།།
ཁྱབ་བདག་བླ་མར་སྙིང་ནས་ཕྱག་འཚལ་ལོ།།
དགྱེས་པའི་ཞལ་འཛུམ་སེམས་ཅན་སྐྱོང་མཛད་པ།།
སྐྱེས་འགྲོ་དད་པའི་སྤུ་ལོང་གཡོ་བའི་གཟུགས།།།
རིག་པའི་གནས་ལ་ནང་བྱན་གདེངས་ཐོབ་པའི།།
སྐུ་གསུང་ཐུགས་ལ་མངོན་པར་ཕྱག་བྱའོ།།
བློ་གྲོས་པད༵་དཀར་འདབ་མ་རབ་རྒྱས་ཤིང་།།
ཕྱི་ནང་མ༵་འདྲེས་ཟེའུ་འབྲུ་ངོ་མཚར་ཆོས།།
རིགས་མཐུན་བསྐལ༵་བའི་གསོས་སུ་སྦྱིན་མཛད་མཁན།།
ལེགས་ཚོགས་བཟང༵་པོའི་དཔལ་གྱུར་ཁྱེད་ལས་སུ།།
མཁྱེན་དཔྱོད་མཁའ་ལས་ཡངས་པའི་བླ་མ་མཆོག།
བྱམས་པས་འགྲོ་ཀུན་སྐྱོང་བས་སེམས་དཔའ་ཆེ།།
དད་ལྡན་འགྲོ་བའི་ཡིད་ཀྱི་གདུང་བ་སེལ།།
ཁྱབ་བདག་བླ་མའི་སྐུ་ཚེ་བརྟན་གྱུར་ཅིག།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།