མདོ་སྨད་ཡུལ་གྱི་གསང་སྔགས་རྙིང་མའི་གདན་ས་ཆེས་ཐོག་མ་རིག་འཛིན་རབ་འཕེལ་གླིང་གི་ཡིག་ཚང་འཚོལ་ཞིབ།

WechatIMG64.jpg

ནང་དོན་གནད་བསྡུས།】 དཔྱད་རྩོམ་འདིར་རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ༼ཕྱི་ལོ༩༦༨-༡༠༧༦༽་གྱི་གདུང་རྒྱུད་བརྒྱུལ་བུ་རླངས་ཚང་ཆུ་སྐྱེས་དཔོན་ཚང་དུ་སྐུ་འཁྲུངས་པའི་གྲུབ་ཐོབ་ཀུན་སྐྱབས་མགོན་དང་ཀླུ་སྒྲུབ་མཚོ་སྐྱེས་སྤུན་གཉིས་གཙོས་ས་དེའི་དད་ལྡན་མང་ཚོགས་ཀྱིསསྤྱི་ལོ1270ཙམ་ལ་བཞེངས་ཤིང་།རླངས་བརྒྱལ་བུ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས༼ཕྱི་ལོ༡༦༨༨-༡༧༤༢༽ཀྱིས་སྤྱི་ལོ་1727ལོར་སྔོན་གྱི་དགོན་་རྙིང་བ་དེར་ཞིག་གསོ་མཛད། མཚན་སྒྱུར་ནས་རིག་འཛིན་རབ་འཕེལ་གླིང་དུ་མཚན་གསོལ་བའི་མདོ་སྨད་ཡུལ་གྱི་སྔགས་རྙིང་མའི་གདན་ས་ཆེས་ཐོག་མ་རིག་འཛིན་རབ་འཕེལ་གླིང་གི་ལོ་རྒྱུས་ཡིག་ཚང་རྣམས་བཙལ་ཏེ་གནའ་བོའི་ཤུལ་བཞག་འདིར་དཔྱད་པ་རགས་ཙམ་བྱས་ཡོད།

བརྡ་ཆད་གཙོ་བོ།  རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ། རིག་འཛིན་དཔལ་ལྡན་བཀྲ་ཤིས། རིག་འཛིན་རབ་འཕེལ་གླིང།

   གཙོ་འཛིན་ཞི་ཅིན་ཕང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་གཏམ་བཤད་གནང་བ་ལས།“རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་གནས་འཆའ་བའི་ཤུལ་བཞག དཔེ་རྙིང་དུ་ཕབ་པའི་ཡི་གེ་བཅས་ལ་གསོན་ཤུགས་བསྩལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཤེས་དཔལ་འཛམ་གླིང་གི་རྒྱལ་ཁབ་གཞན་པའི་མི་རྣམས་ཀྱིས་གསར་གཏོད་མཛད་པའི་ཤེས་དཔལ་དང་མཉམ་དུ། འགྲོ་བ་མིའི་རིགས་ལ་ཡང་དག་པའི་བསམ་པའི་ཁྲིད་སྟོན་དང་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱེད་དུ་འཇུག་དགོས།”[]ཅེས་གསུངས་པ་ལྟར་ཀྲུང་ཧྭ་མི་རིགས་ཀྱི་ཤུལ་བཞག་རིག་གནས་ཀྱིས་འགྲོ་བ་མིའི་རིགས་ལ་ཡང་དག་པའི་བསམ་པའི་ཁྲིད་སྟོན་བྱེད་དགོས་པར་བསྟན་པ་ལྟར་ཏཱ་མིང་རྒྱལ་པོས་༼宣德༽དཔོན་རབས་དང་པོ་ཨ་སྐྱབས་རྡོ་རྗེ་ལ་རླངས་ཚང་སྤྱི་དཔོན་ཆེན་པོ་བེ་ཧུའི་ཆོ་ལོ་གནང་བ་ནས་རིམ་གྱིས་བསྐྱངས་པའི་ཤུལ་བཞག་གདན་ས་འདིར་མཚོན་ནའང་གནའ་བོའི་རིག་རྫས་རྙིང་བ་རང་དུ་ཆགས་ཡོད་དོ།།

དེ་ཡང་རིག་འཛིན་རབ་འཕེལ་གླིང་ནི། རེབ་གོང་རོང་བོ་དགོན་ཆེན་གྱི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་བདུན་ཙམ་གྱི་གནས་སྟེ། ད་ལྟའི་ཐུན་རིན་གྲོང་ཁྱེར་རྒྱལ་བོ་ཞང་ཆུ་སྐྱེས་སྡེ་བའི་དཀྱིལ་དུ་ཕྱག་བཏབ་ཡོད། དེ་ནི་སྤྱི་ལོ1270ཙམ་ལ་བརྒྱུལ་བུ་རླངས་ཚང་ཆུ་སྐྱེས་དཔོན་ཚང་དུ་སྐུ་འཁྲུངས་པའི་གྲུབ་ཐོབ་ཀུན་སྐྱབས་མགོན་དང་ཀླུ་སྒྲུབ་མཚོ་སྐྱེས་སྤུན་གཉིས་གཙོས་ས་དེའི་དད་ལྡན་མང་ཚོགས་ཀྱིས་བཞེངས་ཤིང་།[]སྐབས་དེར་དགོན་མིང་ལ་ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་ངམ་ཆུ་སྐྱེས་མཁའ་འགྲོའི་ཁྲོམ་ར་ཟེར།[]ཕྱིས་བླ་མ་རིག་འཛིན་པས་མཚན་སྒྱུར་ནས་རིག་འཛིན་རབ་འཕེལ་གླིང་ཞེས་གསོལ།[] རེབ་གོང་ཡུལ་གྱི་དགོན་པ་ཆེས་ཐོག་མ་དེ་ཡིན། ད་ལྟའི་བར་མི་ལོ750ལྷག་སོང་། རོང་བོ་སྤྱི་དཔོན་ཆེན་པོ་མདོ་སྡེ་འབུམ་གྱིས་སྤྱི་ལོ1301ལ་རོང་བོ་དགོན་ཆེན་གྱི་རྨང་བཏིངས་ནས་ད་ལྟའི་བར་མི་ལོ720སོང་ལ། དགོན་པ་འདི་རོང་བོ་དགོན་ཆེན་ལས་མི་ལོ30ལྷག་གིས་སྔ། རེབ་གོང་རུས་མཛོད་དུ། རླངས་ཡེ་ཤེས་སྐུ་མཆོག་གི་སྲས་ཆེ་བ་ཀུན་སྐྱབས་མགོན། མཐའ་ཆུང་ཀླུ་སྒྲུབ་མཚོ་སྐྱེས་གཉིས་ཀྱི་དུས་སུ་ཆུ་སྐྱེས་མཁའ་འགྲོའི་གནས་སུ་ལྷ་ཁང་བཞེངས།[] ཞེས་གསུངས་པའི་དགོན་པ་དེ་རེད། རླངས་དཔལ་གྱི་སེངྒེའི་ལུང་བསྟན་ལས། དུས་ཀྱི་འཁོར་ལོའི་རབ་བྱུང་ཚུགས་པའི་མགོར། །གླང་གི་ལོ་༼སྤྱི་ལོ1049༽ལ་གཞི་བཟུང་མི་བརྒྱུད་འབྱུང་། །རྒྱལ་མཚན་དང་ནི་བརྩོན་འགྲུས་བླ་མ་གསུམ། །དེ་གསུམ་དུས་ནས་བླ་དཔོན་རྒྱུན་མི་ཆད། །[]ཅེས་གསུངས་པ་ལྟར་སྤྱི་ལོ1049ལོར་རླངས་འཆི་མེད་བླ་མ་རྒྱལ་མཚན་དང་། གདུང་བླ་མ་བཀྲ་ཤིས། རླངས་བསོད་ནམས་རྒྱ་མཚོ། ཚ་བོ་སྐྱིང་ཐོ་བཞིས་གནས་གཞི་བཟུང་ཏེ་ད་ལྟའི་བར་མི་ལོ970ལྷག་སོང་། དེ་ནས་བཟུང་རིམ་པར་རྣལ་འབྱོར་པ་ཆེན་པོ་དཔལ་ལྡན་ཉི་མ་རྒྱལ་མཚན། གྲུབ་པའི་དབང་ཕྱུག་ཆེན་པོ་རིག་འཛིན་དཔལ་ལྡན་ལུང་རིགས། ཆོས་གོས་ཉི་ཟེར་ལ་འགེལ་ནུས་པའི་ཆུ་སྟོན་ཉི་མའི་འཁོར་ལོ། གྲུབ་ཐོབ་ཀུན་སྐྱབས་མགོན་དང་རྣལ་འབྱོར་བ་ཀླུ་སྒྲུབ་མཚོ་སྐྱེས་རྣམས་བྱོན། ཕྱི་མ་གྲུབ་ཐོབ་ཀུན་སྐྱབས་མགོན་དང་རྣལ་འབྱོར་བ་ཀླུ་སྒྲུབ་མཚོ་སྐྱེས་གཉིས་ཀྱི་དབུ་ཁྲིད་འོག་དད་ལྡན་མང་ཚོགས་རྣམས་བསྡུས་ནས་སྤྱི་ལོ1270ཙམ་ལ་ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་བཞེངས།[] ད་ལྟའི་བར་མི་ལོ750ལྷག་སོང་། གནས་འདིར་གསང་སྔགས་རྙིང་མའི་རྣལ་འབྱོར་བ་རླངས་ཉི་མ་དྲག་འཛིན། འཆི་མེད་བླ་མ་ནམ་མཁའ་རྒྱལ་མཚན། བློ་བཟང་རྒྱལ་མཚན། དཔོན་རབས་དང་པོ་ཨ་སྐྱབས་རྡོ་རྗེ་[]༼སྤྱི་ལོ1415༽སྲིད་ཁྲིར་བཞུགས་པ་ནས་དཔོན་རབས་བཅུ་བ་དབང་གྲགས་ནོར་བུ་སྤྱི་ལོ1591ལ་སྲིད་ཁྲིར་བཞུགས་པའི་གདུང་རྒྱུད་རྣམས་རིམ་པར་བྱོན། 

སྤྱི་ལོ་(1688)ལོར་མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་ཆེན་པོ་རླངས་བརྒྱལ་བུ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་འཁྲུངས་ཏེ། ཡུལ་རེབ་གོང་སྟོད་སྨད་བར་གསུམ་ཀུན་ཏུ་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་དང་། སྒོས་སུ་སྨིན་གླིང་གི་ཆོས་བརྒྱུད་དྲི་མ་ཉམས་པར་དར་རྒྱས་ཆེན་པོ་བྱུང་ངོ།། 

རིག་འཛིན་བླ་མ་དཔལ་ལྡན་བཀྲ་ཤིས་ཀྱི་རང་རྣམ་དུ། མེས་དང་བཀའ་རམས་གཉིས་སོགས་སྐུ་རིང་ལ། །ལྷ་ཁང་གྱོ་ཐོག་མ་དང་ལྷ་ཆོས་ཀྱི། །ས་བོན་ཙམ་འདི་ད་ལྟ་གནས་བཞིན་དང་། །མ་འོངས་དུས་ནའང་དར་ཞིང་རྒྱས་པར་ཤོག །[]ཅེས་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར། རང་གི་ཡབ་མེས་གྲུབ་ཐོབ་ཀུན་སྐྱབས་མགོན་དང་ཀླུ་སྒྲུབ་མཚོ་སྐྱེས་གཉིས་ཀྱི་སྐུ་དུས་སྤྱི་ལོ་1270ཙམ་ལ་བཞེངས་པའི་ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་ཞེས་པ་དེར་སྤྱི་ལོ་1727ལོར་རིག་འཛིན་བླ་མ་དཔལ་ལྡན་བཀྲ་ཤིས་ཀྱིས་སྔོན་གྱི་དགོན་ཤུལ་རྙིང་བ་དེར་ཞིག་གསོ་མཛད། མཚན་སྒྱུར་ནས་རིག་འཛིན་རབ་འཕེལ་གླིང་དུ་མཚན་གསོལ། སྐུ་ཕྲེང་གཉིས་པ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ།[] སྐུ་ཕྲེང་གསུམ་པ་ཀུན་མཁྱེན་བསྟན་འཛིན་དབང་བོ།[11] སྐུ་ཕྲེང་བཞི་བ་སྔགས་འཆང་རྡོ་རྗེ་རྣམ་རྒྱལ།[12] སྐུ་ཕྲེང་ལྔ་བ་དྲི་མེད་བློ་གྲོས[13]་ཞེས་སྐུའི་སྐྱེ་བ་རྣམས་མངོན་པར་བྱོན་པའི་ཐུགས་རྗེ་ཉི་འོད་ལས་སྨིན་གླིང་གསང་སྔགས་རྙིང་མའི་བསྟན་པ་རིན་པོ་ཆེ་མདོ་ཁམས་ཀུན་ཏུ་ཁྱབ་པ་བྱུང་ལ། དུས་དབང་གིས་དགུ་རོང་འཇིགས་བྲལ་ཆོས་དབྱངས་རྡོ་རྗེའི་སྲས་དྲི་མེད་བློ་གྲོས་སྤྱི་ལོ1933ལོར་སྐུ་གཤེགས་རྗེས་སྤྲུལ་སྐུའི་བཀོད་པའང་བར་སྐབས་མ་བྱོན་ནོ།། ད་ལྟ་བྱོན་ཡོད་པའི་དབང་དུ་བཏང་ན་སྐུ་རབས་གཉིས་ཙམ་སོང་ཡོད་པའི་ངེས་པས་སྐུ་ཕྲེང་དྲུག་པ་དང་བདུན་པ་གཉིས་ལ་མ་མཐའ་ཡང་དགུང་ལོ་90ལྷག་བཞུགས་ངེས་སོ།།

སྒོས་སུ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཁོང་གིས་སྤྱི་ལོ1726ནས1742བར་གྱི་མི་ལོ་15ཡི་རིང་ལ་རེབ་གོང་གཙོས་འདབས་འབྲེལ་གྱི་ཤར་ཕྱོགས་ཁ་གྱ། ལྷོ་ནུབ་ཧོར་སོག ནུབ་བྱང་ལ་མོ། བྱང་ཕྱོགས་ཚོ་ལྔ་སོགས་སུ་སྨིན་གླིང་གསང་སྔགས་རྙིང་མའི་ཆོས་རྒྱུན་སྤེལ་བ་དང་།[14] ད་ལྟའི་སྲིད་འཛིན་ཁྱབ་ཁུངས་ཀྱི་དབང་དུ་བྱས་ན། ཐུན་རིན་རྫོང་། རྩེ་ཁོག་རྫོང་། རྨ་ལྷོ་སོག་རྫོང་། གཅན་ཚ་རྫོང་། ཞུན་ཧྭ་རྫོང་། ཧྭ་ལུང་རྫོང་སོགས་སུ་ཆོས་རྒྱུན་སྤེལ་བས་ད་ལྟའང་མ་ཉམས་པར་ཡོད་དོ།།དེ་ཕྱིར་ཁོང་གི་རང་རྣམ་དུ། ས་མདོ་སྨད་ཀྱི་རྨ་ཀླུང་གཡས་གཡོན་གྱི། །སྡེ་ཕལ་ཆེར་གྱི་སྔགས་པ་གཅོད་པ་རྣམས། །མི་བདག་གི་ཆོས་ཀྱི་སློབ་བུར་གྱུར། །[15]ཅེས་གསུངས་པ་ལྟར་ལགས་སོ།།

[16]སྤྱི་ལོ1416ལ་དགའ་ལྡན་གསེར་ཁྲི་གཙང་བ་བདུན་པ་ཆེན་པོས་མཆོད་པའི་སྦྱིན་བདག་ཆེན་མོ་བརྒྱལ་བུ་ཨ་སྐྱབས་རྡོ་རྗེ་ཞེས་བརྒྱལ་བུ་རླངས་ཚང་གི་བླ་དཔོན་ཟུང་འབྲེལ་གྱི་ཆོ་ལོ་དང་། སྤྱི་ལོ1427ལོར་རྒྱ་ནག་ཏྰ་མིང་རྒྱལ་བོ་༼宣德༽ཡིས་བརྒྱལ་བུ་རླངས་ཚང་གི་བེ་ཧུ་ཆེན་པོའི་ཆོ་ལོ་[17]སྟེ། དབུས་ཐོབ་དང་རྒྱ་ཐོབ་གཉིས་ཀྱི་ཆོས་སྲིད་ཀྱི་དཔུང་བ་བརྟན་པའི་རླངས་ཚང་དཔོན་གྱི་ཐོག་མ་བརྒྱལ་བུ་ཨ་སྐྱབས་རྡོ་རྗེ་ཞེས་པའི་སྐྱེས་ཆེན་དམ་པ་དེ་ཉིད་ཀྱང་སྤྱི་ལོ་1386ལོར་ཆུ་སྐྱེས་དཔོན་ཚང་དུ་སྐུ་འཁྲུངས།[18] ད་ལྟའི་བར་མི་ལོ635སོང་། གདུང་བརྒྱུད་གཙང་མ་བར་མ་ཆད་པ་ཆུ་སྐྱེས་དཔོན་ཚང་དུ་གྲགས་པ་དེ་རེད། སྒོས་སུ་རླངས་ཚང་སྤྱི་དཔོན་ཨ་སྐྱབས་རྡོ་རྗེ་ལ་རྒྱ་ནག་ཏཱ་མིང་རྒྱལ་པོ༼宣德༽་ཡིས་རླངས་ཚང་སྤྱི་དཔོན་ཆེན་པོ་བེ་ཧུའི་ཆོ་ལོ་གནང་བ་ནས་མི་རིགས་མཐུན་སྒྲིལ་གྱི་ལྟེ་གནས་དང་ཞི་བདེའི་གདན་ས་ལྟ་བུར་གྱུར་ཡོད་དོ།།

ཡིན་ཡང་ད་ལྟའི་བར་རེབ་གོང་ཡུལ་གྱི་ལོ་རྒྱུས་ཆེས་རིང་བའི་གསང་སྔགས་རྙིང་མའི་གདན་ས་ཐོག་མ། ཀྲུང་གོ་ནུབ་བྱང་བོད་ཀྱི་སྲོལ་རྒྱུན་སྔགས་ཀྱི་འབྱུང་ཁུངས། རེབ་གོང་སྔགས་མང་ཕུར་ཐོག་སྟོང་དང་དགུ་བརྒྱ་ཞེས་བོད་ཁམས་ཀུན་ན་སྙན་གྲགས་རྒྱས་སའི་གདན་ས་འདི་ལ་ས་གནས་སྲིད་གཞུང་དང་ཆེད་མཁས་ཞིབ་འཇུག་པ་གང་གིས་ཀྱང་དོ་སྣང་མ་ཐོབ་པར་ལུང་བ་ཁ་བྱང་ལྟ་ཞིག་ཏུ་ལུས་ཡོད་པས་ཀུན་གྱིས་ས་གནས་རང་གི་ཁྱད་ནོར་འདི་ལ་བརྩིས་ཆེར་གནང་ན་ལེགས་པར་མཐོང་ངོ་།།

ལས་དང་རྟེན་འབྲེལ་གྱི་མཐུ་ལེགས་པར་སྨིན་པའི་བདག་རྐྱེན། བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་ཐུགས་བསྐྱེད་སྨོན་ལམ། གདན་ས་རིག་འཛིན་རབ་འཕེལ་གླིང་གི་གསང་སྔགས་རིག་འཛིན་པ་རྣམ་པའི་རེ་སྨོན་རྣམ་པར་དག་པའི་བྱིན་མཐུ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་ས་བདག་གནས་བདག་གཏེར་བདག་ཐམས་ཅད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གཡེལ་བ་མེད་པའི་གྲོགས་རྣམས་འཛོམས་ན་གདན་ས་འདིའི་འཕྲིན་ལས་རྒྱས་པའི་ཡིད་ཆེས་ཡོད་དོ།།

བརྒྱུལ་བུ་རླངས་ཚང་ཆུ་སྐྱེས་དཔོན་ཚང་དུ་སྐྱེས་པའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུབ་རམས་པའི་སློབ་སྟོན། དགེ་རྒན་ཆེན་མོའི་མིང་ཙམ་འཛིན་པ་ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་ལན་ཀྲུ་ནས་ཕྱི་ལོ2022ཟླ་5བའི་ཚེས་15ལ་བྲིས་བར་2024ལོའི་ཟླ་4ཚེས15ལ་གནའ་ཁར་ཟི་ལིང་གི་རང་ཤག་བདེ་གླིང་ནས་བསྣོན་མ་ཅུང་ཟད་བཏབ་སྟེ་ཕུལ་བའོ།།

WechatIMG2317.jpg

 [①]  讲话来源:《共产党员网》https://news.12371.cn/2015/01/11/ARTI1420945761610955.shtml地点:联合国教科文组织总部,时间:2014年3月27日

[②] མཆན།༼སྤྱི་ལོ1270ཙམ་ལ༽རླངས་ཡེ་ཤེས་སྐུ་མཆོག་གི་སྲས་ཆེ་བ་ཀུན་སྐྱབས་མགོན། མཐའ་ཆུང་ཀླུ་སྒྲུབ་མཚོ་སྐྱེས་གཉིས་ཀྱི་དུས་སུ་ཆུ་སྐྱེས་མཁའ་འགྲོའི་གནས་སུ་ལྷ་ཁང་བཞེངས་སྐབས། ནམ་མཁའ་ན་སྤྲིན་མེད་པར་མེ་ཏོག་དཀར་དམར་ཁྲ་གསུམ་དང་། འཇའ་སྣ་ཚོགས་ཤར་ཏེ་ཡུད་ཙམ་དུ་མེ་ཏོག་དཀར་པོར་གྱུར་ནས་ས་གཞི་ཐམས་ཅད་གོས་དཀར་གྱིས་གཡོག་པ་དང་འདྲ་བར་གྱུར། ནུབ་ཕྱོགས་ནས་འཇའ་དཀར་དམར་ཁྲ་གསུམ་བཀྲ་བའི་ཕྱོགས་སུ་ནམ་མཁའ་ནས་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྙན་གྱི་སྐད་ཁྲོ་ལོ་ལོ་དཀྲོལ་བ་ས་དེར་འདུས་པའི་ཚོགས་པ་ཀུན་གྱིས་ཐོས་པ་དུས་ད་ལྟའང་གླེང་བཞིན་ཡོད་པ་རྣམས་འདིར་མི་འབྲི་བར་ལྷ་ཁང་དེ་ཉིད་ཀྱི་དཀར་ཆག་ན་གསལ་བས་དེར་གཟིགས་པར་ཞུ།ཞེས་རེབ་གོང་རུས་མཛོད་གསུངས་སོ།།རྒྱ་བཟའི་དགེ་བཤེས་འཇམ་དབྱངས་བསོད་ནམས་གྲགས་པས་བརྩམས། 《རེབ་གོང་རུས་མཛོད》[M] པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས451ན་གསལ།

[③] མཆན།རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱི་ལུང་བསྟན་ལས། ང་ཡི་མི་རབས་འགའ་ཡི་རྗེས་ཤིག་ལ། །རླངས་ཀྱི་གདུང་རྒྱུད་མདོ་ཁམས་སྨད་དུ་འགྲོ། །སྟག་ལུང་ལྕང་ལུང་ལྷ་ལུང་ཞེས་པའི་གནས། །ཞལ་དཀར་ཆུ་སྐྱེས་མཁའ་འགྲོའི་ཁྲོམ་ར་རུ། །རབ་བྱུང་དང་པོའི་རྩིས་མགོའི་ས་གླང་ལོར། །༼ཕྱི་ལོ༡༠༤༩༽གནས་གཞི་བཟུང་ནས་མི་བརྒྱུད་མང་པོ་འབྱུང་།།བརྒྱལ་བུ་རླངས་ཚང་ཞེས་པ་ཡོངས་སུ་གྲགས།།རྒྱ་བཟའི་དགེ་བཤེས་འཇམ་དབྱངས་བསོད་ནམས་གྲགས་པས་བརྩམས།  《རེབ་གོང་རུས་མཛོད》[M] པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས442ན་གསལ།

ལུང་བསྟན་ལྟར་བརྩིས་ན་ཁོང་གི་གདུང་རྒྱུད་ཀྱིས་རེབ་གོང་ཆུ་སྐྱེས་ཐང་ནས་ཕྱི་ལོ1049ལོར་གཞི་བཟུང་དེ་ད་ལྟའི་བར་མི་ལོ972སོང་བ་གསལ་ལ།ཆུ་སྐྱེས་མཁའ་འགྲོའི་ཁྲོམ་རའམ་ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་ཞེས་པའི་མཚན་ཡང་འདི་ནས་བྱུང་།ཆུ་སྐྱེས་མཁའ་འགྲོའི་ཁྲོམ་ར་ཞེས་པ་ནི། བརྟུལ་ཞུགས་སྨྱོན་པའི་ཚུལ་འཛིན་པའི་རྣལ་འབྱོར་བ་ཆེན་པོས་སྲིན་པོ་སྦྱིན་སྲེག་བྱས་ནས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་རྣམས་ནས་ལྷ་ཀླུ་གཉན་གསུམ་དམ་འོག་ཏུ་བཅུག་པའི་དགའ་སྟོན་ལ་སྟེང་འོག་ཕྱོགས་བཅུ་ན་གནས་པའི་མཁའ་འགྲོའི་ཁྲོམ་ཚོགས་འདུས་ནས་བྲོ་རྡུང་བའི་གནས་ཡིན་པས།དེ་ལྟར་ཆུ་སྐྱེས་ཐང་མཁའ་འགྲོ་འདུས་སའི་ཁྲོམ་ར་ཞེས་གྲགས་པའི་གནས་མཆོག་ཁྱད་པར་ཅན་གྱི་ས་དེ་ནས་གཞི་ཆགས་སོ།།

[④] རིག་འཛིན་པའི་རང་རྣམ་དུ།མེས་དང་བཀའ་རམས་གཉིས་སོགས་སྐུ་རིང་ལ།།ལྷ་ཁང་གྱོ་ཐོག་མ་དང་ལྷ་ཆོས་ཀྱི།།ས་བོན་ཙམ་འདི་ད་ལྟ་གནས་བཞིན་དང་།།མ་འོངས་དུས་ནའང་དར་ཞིང་རྒྱས་པར་ཤོག།ཅེས་རིག་འཛིན་དཔལ་ལྡན་བཀྲ་ཤིས། 《རང་རྣམ་རིན་པོ་ཆེ་སྐལ་ལྡན་མགུལ་རྒྱན》རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས7ན་གསལ།

[⑤] རྒྱ་བཟའི་དགེ་བཤེས་འཇམ་དབྱངས་བསོད་ནམས་གྲགས་པས་བརྩམས།  《རེབ་གོང་རུས་མཛོད》[M] པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས451ན་གསལ།

[⑥]  རྒྱ་བཟའི་དགེ་བཤེས་འཇམ་དབྱངས་བསོད་ནམས་གྲགས་པས་བརྩམས། 《རེབ་གོང་རུས་མཛོད》[M] པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས441ན་གསལ། 

[⑦] རྒྱ་བཟའི་དགེ་བཤེས་འཇམ་དབྱངས་བསོད་ནམས་གྲགས་པས་བརྩམས། 《རེབ་གོང་རུས་མཛོད》[M] པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས451༡ན་གསལ།

[⑧] མཆན།བརྒྱལ་བུ་ཨ་སྐྱབས་ཁ་ཤོའམ་ཨ་སྐྱབས་རྡོ་རྗེ་ཞེས་པ་དགུང་ལོ་ཞེ་གཉིས་པ་བོད་རབ་བྱུང་བདུན་པའི་བགྲང་བྱ་ཞེ་གཅིག་པ་མེ་ལུག་ལོར་༼1427༽རོང་བོ་ཏཱ་ཀཽ་ཤྲཱི་བློ་གྲོས་སེངྒེ་དང་།རོང་བོ་ནང་སོ་དཀོན་མཆོག་རྒྱལ་མཚན་རྣམ་གཉིས་ཀྱི་ཞབས་ཞུར་རྒྱ་ནག་ཏུ་གོང་མ་རྒྱལ་པོར་མཇལ་བར་ཕེབས་སྐབས། ཞབས་ཞུ་བ་ནི། རི་སྟག་ཏཱ་བེ་ཧུ། བསེ་བེ་ཧུ། འཇམ་བེ་ཧུ།བརྒྱལ་བུ་བེ་ཧུ་བཞི་ཕེབས་ནས་རེ་སྐོང་གི་བེ་ཧུ་ཆེ་བཞི་ཞེས་པའི་གོ་གནས་དེ་ཏཱ་མིང་རྒྱལ་པོས་གནང་བ་ཡིན། 《རེབ་གོང་རུས་མཛོད》[M] པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས453ན་གསལ།

[⑨] རིག་འཛིན་དཔལ་ལྡན་བཀྲ་ཤིས། 《རང་རྣམ་རིན་པོ་ཆེ་སྐལ་ལྡན་མགུལ་རྒྱན》[M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས7ན་གསལ།

[]མཆན།སྐུ་ཕྲེང་གཉིས་པ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་ནི།སྤྱི་ལོ་1743ལོར་ཆུ་སྐྱེས་ཐང་དུ་སྐུ་འཁྲུངས།རོང་བོ་ཐོས་བསམ་གླིང་དུ་སློབ་གཉེར་མཛད།དུས་འཁོར་གྲྭ་ཚང་གི་ཁྲི་རབས་བཅོ་ལྔ་བར་བཞུགས།མཐར་བསྒྲུབས་པའི་རྒྱལ་མཚན་བཙུགས་སྟེ་ཚ་རྒྱལ་དང་དཀྱིལ་རི་དང་གྲུབ་གནས།རིག་འཛིན་རབས་འཕེལ་གླིང་སོགས་ནས་བཞུགས།ལྕང་ལུང་དཔལ་ཆེན་ནམ་མཁའ་འཇིག་མེད་དང་རེབ་གོང་སྔགས་མང་ཡོངས་ལ་དབང་ལུང་ཁྲིད་རྒྱུན་སྐུ་གོང་མ་ལྟར་གནང་བ་དང་།གདམས་པ་དང་བསླབ་བྱ་བཅའ་ཡིག་འདོན་ཆོས་སྤྱོད་སོགས་བཞུགས།མཐར་སྤྱི་ལོ1784ལོར་དགོངས་པ་རྫོགས་སོ།།

[11]མཆན།སྐུ་ཕྲེང་གསུམ་པ་ཀུན་མཁྱེན་བསྟན་འཛིན་དབང་བོ་ནི།སྤྱི་ལོ1785ལོར་ཆུ་སྐྱེས་དཔོན་ཚང་དུ་སྐུ་འཁྲུངས་ཤིང་།ཡབ་མེས་ཀྱི་ཆོས་རྒྱུན་ལ་ཞུགས་པས་སྦས་པའི་རྣལ་འབྱོར་ཞེས་མཚན་སྙན་རྒྱས་ཏེ་གནས་ངེས་མེད་འགྲིམས་པ་དང་རིག་འཛིན་རབ་འཕེལ་གླིང་སོགས་ནས་སྒྲུབ་པའི་རྒྱལ་མཚན་བཙུགས་སྟེ་སྤྱི་ལོ1845་ལོར་དགོངས་པ་རྫོགས་སོ།།

[12]མཆན།སྐུ་ཕྲེང་བཞི་བ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཡབ་སྔགས་འཆང་རྡོ་རྗེ་རྣམ་རྒྱལ་ནི།སྤྱི་ལོ་1846ལོར་ཞོ་འོང་དུ་སྐུ་འཁྲུངས།རིག་འཛིན་རབ་འཕེལ་གླིང་དང་གཡའ་མ་བཀྲ་ཤིས་འཁྱིལ་སོགས་ནས་བཞུགས་སྟེ་ཐོས་བསམ་དང་སྒྲུབ་པའི་རྒྱལ་མཚན་ལ་བཞོལ་ནས་གདན་ས་གཉིས་ལ་བདག་གཉེར་མཛད་དེ་བཞུགས།མཐར་སྤྱི་ལོ༡༩༠༨ལོར་དགོངས་པ་རྫོགས་སོ།།

[13]མཆན།སྐུ་ཕྲེང་ལྔ་བ་དྲི་མེད་བློ་གྲོས་ནི།དགུ་རོང་འཇིག་བྲལ་ཆོས་དབྱིངས་རྡོ་རྗེ་དང་ཡུམ་འཛོམས་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་བའི་ས་བྱ་སྤྱི་ལོ1909ལོར་སྐུ་འཁྲུངས།སྐུ་ན་ཕྲ་བའི་དུས་སུ་རིག་འཛིན་རབ་འཕེལ་གླིང་དུ་ཁྲི་སྟོན་བྱས།རྐང་ཚ་ཉ་ནག་ཇོ་སྐོར་དགོན་དང་ཐེམ་ཆེན་རྫོང་བཀྲ་ཤིས་འབྱུང་གནས་སོགས་སུ་ཕེབས་ནས་བསྟན་པ་སྤེལ་སྟེ་མཐར་སྤྱི་ལོ1933ལོར་སྐུ་གཤེགས་པ་ནས་སྤྲུལ་སྐུའི་བཀོད་པའང་མཇུག་རྫོགས་སོ།།

[14] རིག་འཛིན་དཔལ་ལྡན་བཀྲ་ཤིས། རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།2004ལོ། ཤོག་ངོས16ན་གསལ།

[15] རིག་འཛིན་དཔལ་ལྡན་བཀྲ་ཤིས། རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས91ན་གསལ།

[16] མཆན།ཨ་སྐྱབས་ཁོང་དགའ་ལྡན་གསེར་ཁྲི་གཙང་བ་རིམ་བྱོན་གྱིས་སྐྱོང་སྐབས།མདོ་སྨད་པ་བརྒྱལ་བུ་རླངས་ཚང་ཨ་སྐྱབས་རྡོ་རྗེ་ཡིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ལ་མང་འགྱེད་དང་མཆོད་རྫས་ཆེས་མང་པོ་ཕུལ་བས།དགའ་ལྡན་གསེར་ཁྲི་གཙང་བ་བདུན་པ་ཆེན་པོས་༼རྗེ་སྨོན་ལན་དཔལ་བ༽མདོ་སྨད་པ་བརྒྱལ་བུ་རླངས་ཚང་ཨ་སྐྱབས་རྡོ་རྗེ་མཆོད་པའི་སྦྱིན་བདག་ཆེན་པོ་ཞེས་བླ་དཔོན་ཟུང་འབྲེལ་གྱི་ཆོ་ལོ་དང་གཙང་བ་བདུན་པ་ཆེན་པོའི་ཕྱག་བྲིས་གནང་། འདི་ནས་བཟུང་བརྒྱལ་བུ་རླངས་ཚང་གི་དཔོན་རྒྱུད་བྱུང་བར་གྲགས། རྒྱ་བཟའི་དགེ་བཤེས་འཇམ་དབྱངས་བསོད་ནམས་གྲགས་པས་བརྩམས།《རེབ་གོང་རུས་མཛོད》  [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།2010ལོ། ཤོག་ངོས452ན་གསལ།

[17] མཆན།རེ་སྐོང་གི་བེ་ཧུ་ཆེ་བཞི་ཞེས་པའི་གོ་གནས་དེ་སྤྱི་ལོ1427ལོར་རྒྱ་ནག་ཏྰ་མིང་རྒྱལ་བོ་༼宣德༽ཡིས་རོང་བོ་ནང་སོ་དཀོན་མཆོག་རྒྱལ་མཚན་ལ་རྨ་ཆུའི་ནང་ལོགས་གྱི་སྤྱི་དཔོན་ཆེན་པོ་རོང་བོ་ནང་སོ་དཀོན་མཆོག་རྒྱལ་མཚན་ཞེས་ཆོ་ལོ་གནང་སྐབས་བརྒྱལ་བུ་ཨ་སྐྱབས་རྡོ་རྗེ་ལ་རླངས་ཚང་་བེ་ཧུ་ཆེན་པོའི་ཆོ་ལོ་ཡང་གནང་།རྒྱ་བཟའི་དགེ་བཤེས་འཇམ་དབྱངས་བསོད་ནམས་གྲགས་པས་བརྩམས།《རེབ་གོང་རུས་མཛོད》  [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།2010ལོ། ཤོག་ངོས453ན་གསལ།

[18]མཆན། བོད་རབ་བྱུང་དྲུག་པའི་བགྲང་བྱ་དྲུག་ཅུ་བ་མེ་སྟག་ལོར་༼༡༣༨༧༽བརྒྱལ་བུ་སྤྱི་གཙུག་ན་རླངས་པ་དཀར་པོ་འཕྱུར་བའི་གདུང་རྒྱུད་བརྒྱལ་བུ་ཨ་སྐྱབས་རྡོ་རྗེ་ཞེས་པའི་སྐྱེས་མཆོག་ཆེན་པོ་དེ་འཁྲུངས་པ་ཡིན་ནོ།།རྒྱ་བཟའི་དགེ་བཤེས་འཇམ་དབྱངས་བསོད་ནམས་གྲགས་པས་བརྩམས།《རེབ་གོང་རུས་མཛོད》  [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།2010ལོ། ཤོག་ངོས452ན་གསལ།

 རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།