སུམ་ལྡན་རྡོ་རྗེ་འཛིན་པར་ཕུལ་བའི་ངག་གི་མཆོད་འབྲུ།
གཡོ་དང་སྲིད་ཀྱིས་མ་བསྡུས་འཁོར་སློབ་འཛོམས། །
སྙན་གྲགས་ཆེད་དུ་མ་སྤེལ་གཡུ་འབྲུག་བཞིན། །
རུ་དམ་ཡུལ་གྱི་སློབ་དཔོན་རྡོ་རྗེ་འཆང་། །
སྲིད་འདིར་ཡུན་རིང་བཞུགས་པ་སེམས་ཀྱིས་འདུན། །
སྐུ་ཡི་བཟང་སྤྱོད་མིག་གི་དཔལ་དུ་མཛེས། །
གསུང་གི་རང་སྒྲ་བརྩེ་བའི་དབྱངས་རྟ་འཇེབས། །
ཐུགས་ཀྱི་མཁྱེན་དཔྱོད་འགྲོ་ལ་མ་ལྟར་བརྩེ། །
ལན་གཅིག་མཐོང་བས་དད་པའི་མིག་ཆུ་དཀྲུག །
སྐལ་བཟང་ཚོགས་ཀྱི་དབུས་ན་ལྷུན་པོ་བཞིན། །
འདྲེན་བྱེད་མིག་གི་སྤྱན་ཟུང་ཆོས་ཀུན་གཡོ། །
དམ་པའི་ལེགས་བཤད་སྟོང་གི་བདུད་རྩིའི་དབྱངས། །
མི་མཇེད་འཇིག་རྟེན་ཡུལ་ན་རིས་མེད་འཆད། །
མ་མོས་བཙན་གྱིས་མཇལ་བའི་སྐལ་བཟང་ཞིག །
ལན་གཅིག་ཐོབ་པའི་མོད་ལ་ངང་གིས་དད། །
སེམས་ཆུང་ཐ་མལ་ཡིད་ཀྱི་ཁང་མིག་ན། །
དད་འདུན་ཕྱག་གི་ཐལ་མོ་དབང་མེད་བྱས། །
མདོ་སྔགས་ཆོས་ཚུལ་མ་བསླབ་ངང་གིས་མཁྱེ༵ན། །
ཁམས་གསུམ་ཉེ་དུ་མིན་ཡང་ཐུགས་ཀྱིས་བརྩེ༵། །
བདག་འཛིན་དྲེགས་པས་མ་བསླུས་འཇོམ་ནུ༵ས་པའི། །
བསྟན་འགྲོའི་མི་ཡི་སེངྒེ་ཡང་ཡང་བསྟོད། །
མིག་སྔར་རྡོས་བཅས་ལུས་སུ་སྣང་ཡང་རུང་། །
དོན་དམ་རྫོགས་ཆེན་ལྟ་བའི་མཁྱེན་རྫོགས་པ། །
པད་འབྱུང་གུ་རུ་དེ་དང་དབྱེར་མེད་པའི། །
སུམ་ལྡན་རྡོ་རྗེ་འཛིན་པ་ཁྱེད་མིན་སུ། །
གངས་རིའི་དབུ་རྩེར་མཐོ་བའི་ཉི་ཟླ་གཞོན། །
བསྟན་འགྲོའི་མུན་པའི་སྨག་རུམ་འོད་ཀྱིས་བསལ། །
ཕྱོགས་དང་མཐའ་རུ་མི་ཆད་རྟོགས་པའི་ཟེར། །
འགྲོ་བའི་གཏན་བདེའི་དོན་དུ་རབ་ཏུ་འཕྲོས། །
ལྷར་བཅས་སངས་རྒྱས་སྟོང་གི་རྗེས་སུ་བཟུང་། །
འགྲོ་དྲུག་སེམས་ཅན་བུ་ལ་བརྩེ་ལྟར་དགོངས། །
སྨྲ་བའི་གསུང་གི་ང་རོ་ཡུལ་འདིར་འཇེབས། །
སྐུ་ཚེ་མི་འགྱུར་ཡུན་དུ་འཚོ་གཞེས་གསོལ། །
ཞེས་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་སུ་བསྒྲིགས་པའི་ཚིགས་བཅད་འདི་ནི་དམན་པའི་ནང་གི་དམན་པ་བཀྲ་མིང་འཛིན་པས་ཞོགས་པའི་སྐྱ་རེངས་དང་ལྷན་དུ། ༧ ཁྱབ་བདག་པ་པདྨ་སྐལ་བཟང་ལ་དད་འདུན་ངག་གི་མཆོད་པ་ཕུལ་བའི་མོས་འདུན་དུ། སྤྱི་ལོ་༢༠༢༣ / ༡༠ / ༡༥ ཞོགས་པ་རུ་ཕུལ།
དགུན་ཟླ་ཚེས་པའི་སྣང་བརྙན།
རྩྭ་སེར་འདབ་ལོ་རྒན་པོ་རླུང་བུ་དང་འགྲོགས་ཏེ། །
སྟོང་པ་མཁའ་ཡི་མན་དང་ས་ཆེན་འདིའི་ཡན་ནས། །
ཤོག་བྱ་རླུང་གིས་བཏེགས་པའི་ངང་ཚུལ་བཞིན་བྱ་ཚེ། །
རི་དྭགས་ཚང་ནས་འཕོ་བའི་སྨྲེང་གླུ་དེ་སྐྱོ་སོང་། །
སྤང་གཞུང་གསེར་དང་འགྲོགས་ཏེ་དལ་དལ་གྱི་ངང་ནས།
སྐྱ་མདོག་ཐལ་ལ་གྱུར་བའི་རང་བཞིན་དུ་འགྱུར་དུས། །
ཚང་ཚིང་ནགས་ལ་བསྙལ་བའི་འདབ་ཆགས་དེ་བསྐྲད་པས། །
ཕྱི་མིག་ན་ཟུག་ཤོར་གྱིན་ས་མཐའ་རུ་ཆས་པ། །
ནགས་མཐར་མཛེས་ཀྱིས་བརྒྱན་པའི་རི་དྭགས་འདི་ཁེར་རྐྱང་། །
གཞན་ཡུལ་ས་ཆ་ཞིག་ཏུ་ཕྱི་བསྐྲད་དུ་བྱ་ཚེ། །
ཤུལ་ལུས་རྩྭ་སྐྱའི་འཇགས་མ་རླུང་བུ་དང་རྡེག་བཞིན། །
ངུ་ངག་ཤུགས་གླུ་དལ་རིང་ཡང་ཡང་དུ་བླངས་པ། །
སྟོན་གསུམ་འདབ་མ་སེར་པོའི་མིག་ཆུ་རེ་ལྷུང་ཞོར། །
མི་མངོན་ནམ་མཁའི་གཡུ་འབྲུག་ངུ་ངག་དང་ལྷན་དུ། །
ས་ཡི་རི་རབ་རྩེ་མོར་མདོག་དཀར་དེ་གྱུར་དུས། །
དགུན་གྱི་མགྲོན་པོ་བསླེབས་པའི་བརྡ་འཕྲིན་དེ་འབྱོར་བྱུང་། །
གྲང་ངར་བསིལ་རླུང་དལ་མོས་རི་རབ་འདི་སྐོར་ཚེ། །
མཐའ་མེད་སྟོང་བ་མཁའ་ཡི་མཚམས་སྤྲིན་དེའི་འོག་ནས། །
དཀར་གསལ་ཁ་བའི་མེ་ཏོག་རི་ཆུ་འདིར་འཐོར་དུས། །
ཉམ་ཐག་སྒོ་ཁྱིའི་རེ་བ་ཐེངས་གཅིག་ལ་བསྐངས་ཟིན། །
དགུན་གྱི་བསིལ་རླུང་ཡངས་པ་ས་གཞི་རུ་ཁྱབ་དུས། །
དབུ་ནག་ལྤགས་དཀར་ཁོགས་ན་འཁྱགས་འདར་དེ་སྐྱོ་བ། །
ལུས་ངར་ཚ་དྲོད་ཤོར་བའི་ངང་ཚུལ་འདི་སྡུག་པ། །
དུས་བཞིའི་དགུན་ཟླའི་སྣང་བརྙན་འདི་ག་ལ་སྨྲེང་སོང་། །
དྭངས་གཙང་ཆུ་བོའི་སྙན་དབྱངས་ལྷང་ལྷང་དུ་བཞུར་བའི། །
སྙན་འཇེབས་གསུང་གི་སྒྲ་སྙན་ཆབ་རོམ་གྱིས་བཀག་དུས། །
མི་འདོད་དགུན་གྱི་རང་བཞིན་དྲན་སྣང་དུ་ཤར་ཚེ། །
ལྡོག་མེད་སེམས་ནས་མགུར་བའི་སྐྱོ་མ་ཞིག་སྐྱེས་ཐལ། །
དུས་ཀྱི་དགུན་ཟླའི་རང་བཞིན་ལྡོག་ཐབས་རེ་མ་བྱུང་། །
ཟླ་གསུམ་ཞག་ནས་རྫོགས་པའི་རྗེས་མ་དེའི་འོག་ནས། །
དབྱར་གཞུང་སྤང་གི་ཡིད་འཕྲོག་རེ་སྒུག་ངང་དྲན་ཏེ། །
ལུས་སྲུང་ལྭ་བ་མཐུག་པོས་ཟླ་ཤས་འདི་རྫོགས་བཅུག །
རབ་བྱུང་ལོ་སར་དུ་ཕུལ་བའི་དགའ་མོས་སེམས་ཀྱི་སྨོན་འདུན།
ངུར་སྨྲིག་མཚན་དཔེ་ཤར་བའི་གངས་ཀྱི་ལྗོངས། །
ལུང་རིགས་འཇིགས་མེད་སྨྲ་བའི་ལྡིང་ཁང་ཞིག །
བསླབ་གསུམ་དམར་སེར་འདུས་པའི་མཆེད་གྲོགས་དང་། །
ཡང་དག་བསྟན་ལ་རེག་འདི་སྐལ་བ་བཟང་། །
འདྲེན་མཆོག་མི་ཡི་སེངྒེ་ཐུབ་དབང་གིས། །
ཐུགས་སྨོན་ཡང་ཡང་བཏགས་པའི་དགེ་ཚོགས་ལས། །
ས་སྟེང་དམར་སེར་བཞད་པའི་རབ་བྱུང་ཁྱུ། །
མཇལ་བའི་སྐལ་བཟང་ཤར་འདི་ངོ་མཚར་ཆེ། །
དགེ་བྱས་འབུམ་ཕྲག་བསགས་པའི་སྐལ་བཟང་གིས། །
བསྟན་འཛིན་ཕུ་ནུ་འདུ་བའི་རབ་བྱུང་གྲལ། །
ཉི་ཤུའི་ལང་ཚོ་དར་བའི་གཞོན་གྱི་དུས། །
དམན་ཆུང་བདག་ཀྱང་འཁོད་པར་བསོད་ནམས་ཆེ། །
མཁས་སྙན་ལུང་རིགས་སྙི་མའི་མགོ་འཕང་མཐོ། །
དུལ་སྤྱོད་འདུལ་བའི་ཁྲིམས་དང་ལེགས་མཐུན་ཞིང་། །
སྲིད་གསུམ་འཁོར་བའི་ཆོས་ལ་ངེས་འབྱུང་གི །
སྐད་ཅིག་མི་རྟག་ཆོས་སུ་བཞི་ཤད་བྲིས། །
ཐར་འདོད་བློ་དམན་གདུལ་བྱའི་དོན་གྱི་ཕྱིར། །
མཚན་དཔེའི་མེ་ཏོག་ཤར་བའི་སྐྱེད་ཚལ་ཆེ། །
ཡིད་འཕྲོག་དང་བ་སྦྱིན་པའི་དགེ་འདུན་ཚོགས། །
སྐུ་ཚེ་མི་འགྱུར་རྟག་བརྟན་ཡུན་ན་བཞེས། །
མཛད་པ་མཐའ་ཡིས་མི་དཔོག་གཏིང་ཟབ་ཆེ། །
འཕྲིན་ལས་ཉི་མའི་གཟི་དཔལ་འབུམ་གྱིས་འཕྲོ། །
འཁོར་བའི་གཏིང་དུ་འཚོ་བའི་གདུལ་བྱ་དག །
ཕྱོགས་མེད་ཐར་བ་སྟོན་པའི་མཆོག་ཏུ་སྨོན། །
དབྱངས་ཅན་མ།
ཐང་ཆེན་མུ་མཐའ་བྲལ་བའི་ལྷ་ལམ་དབྱིངས། །
བཅུ་དྲུག་སྒེག་པའི་ཕུལ་བྱུང་ཚངས་སྲས་མའི། །
སྣ་ཚོགས་ཉམས་ཀྱི་ལྟད་མོ་རྣམ་མང་གིས། །
ཆགས་ལྡན་ཕྲ་ཆུང་སེམས་པ་ཡང་ཡང་བརྐུས། །
རིང་ཐུང་ཉམས་ཀྱིས་རབ་དྲེགས་ངོ་མཚར་ཅན། །
མཉེན་ལྕུག་གར་གྱི་སྟངས་སྟབས་མིག་གི་དཔལ། །
ཉམས་ལྡན་སྐེད་པའི་ཁོར་ཡུག་རབ་ཕྲ་བའི། །
ལྷ་མོ་དབྱངས་ཅན་མ་ཡི་སྐུ་༵ལ་བསྟོད། །
གསུང་དབྱངས་ཡན་ལག་དྲུག་ཅུའི་སྙན་པའི་རྔ་། །
ཚངས་དབྱངས་ངག་གི་འཇོ་སྒེག་གདངས་ཀྱི་དཔྱིད། །
སྙན་འཇེབས་ངག་རིགས་མ་ལུས་དཀྲོལ་བའི་མཛོད། །
སྨྲ་མཁས་ངག་དབང་ལྷ་མོའི་གསུ༵ང་ལ་བསྟོད། །
རྒྱལ་ཀུན་ཐུགས་ཀྱི་སྤྱི་དཔལ་རབ་ཏུ་གྲོལ། །
དྲི་མེད་མཁྱེན་རབ་རྒྱ་མཚོའི་གཏིང་མཐའ་ཟབ།
བརྩེ་ཆེན་རྒྱལ་བའི་ཡུམ་གྱི་ཤེར་ཕྱིན་མའི། །
མི་ཟད་ཡེ་ཤེས་ཐུ༵གས་ལ་བསྔགས་ཚིག་ཕུལ། །
ནག་ནོག་སྐྲ་ཡི་ལན་བུར་ཟླ་བས་བརྒྱན། །
དཀར་གསལ་འོད་ཀྱི་གོང་བུའི་ཞལ་ཁྱིམ་ཡག །
མཆུ་སྒྲོས་བིམ་པའི་ལང་ཚོ་ལྟ་ན་སྡུག །
ངོ་མཚར་བཀོད་པའི་རི་མོ་དབྱངས་ཅན་དབུ། །
མ་འགག་ངག་གི་ཆོས་རིག་བརྩེ་བའི་འོག །
མ་གྱུར་འགྲོ་བའི་དོན་དུ་བྱིན་རླབས་ཤིག །
མ་བཅོས་འཛུམ་པའི་ཚེམས་དཀར་གཡོ་བའི་ཁྲོད། །
མ་མ་དབྱངས་ཅན་མ་ཡིས་སྩོལ་བར་མཛོད། །
ཕྱག་ཟུང་ཉམས་འགྱུར་ལྡེམ་པའི་སོར་རྩེ་ལས། །
རྒྱུད་སྐུད་དལ་བུ་དཀྲོལ་བའི་ལག་རྗེས་དེས། །
སྙན་འགྱུར་རྣ་བའི་བདུད་རྩི་ལན་གཅིག་གིས། །
ཁམས་གསུམ་འགྲོ་བ་ཁྲི་མ་སྙན་པས་གྲོལ། །
རབ་མཛེས་དཔལ་ལྡན་ལུས་ཀྱི་ཁོར་ཡུག་ལ། །
རབ་འཇམ་ཞལ་གྱི་ཨུཏྤལ་རབ་ཏུ་གྲོལ། །
རབ་སྙན་ཚངས་པའི་གསུང་དབྱངས་ལྷེམ་མེར་འཇེབས། །
རབ་ཡངས་ཐུགས་ཀྱི་མཁྱེན་རབ་མཐའ་དང་བྲལ། །
རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཚིག་གི་གར། །
འགྲོ་མང་རྣ་བའི་གསོས་སྨན་ངག་གི་འགྲོས། །
རྨད་བྱུང་དགེ་བའི་དབྱངས་གསལ་འཕྲེང་བ་མ། །
ངག་དབང་ལྷ་མོ་གང་དེས་གཏན་དུ་སྐྱོབས། །
སྐུ་གསུང་ཐུགས་ཀྱི་དཔལ་ཡོན་གྲངས་མེད་ལ། །
རེ་ནས་བསྔགས་པའི་ཆུན་པོ་སྤྲོས་ཐབས་བྲལ། །
བ་སྤུའི་ཁུང་བུ་ཙམ་ལ་བསྔགས་པའི་མཐུས། །
བདག་སོགས་སྙན་པའི་ངག་རིགས་རྒྱས་གྱུར་ཅིག །
རས་གཟན་འོག་གི་བན་ཆུང་།
རས་གཟན་དམར་པོ་ཞིག་སེར་གྱིས་ལྡེག་གིན། །
འཁོར་བའི་ཕྱི་ནང་གི་ཐང་ཆེན་འདི་རུ། །
ཉིན་བྲེལ་མཚན་བྲེལ་ངང་ཁོམ་ལོང་མེད་ཀྱང་། །
སོང་འགྲུབ་འདི་ཡིན་གྱི་བྱ་བ་མ་མཐོང་། །
ལུས་འཆོས་ངུར་སྨྲིག་གི་རྒྱལ་མཚན་སྒྲེང་ནས། །
ཁ་ཏོན་དགེ་སྦྱོར་གྱི་ཆོས་པའི་ཚུགས་ཀས། །
སྦྱིན་བདག་ཁྱིམ་ཕུག་ཏུ་ཡིན་མདོག་ཁ་པོས། །
ཕྱི་ཉམས་ནང་རུལ་གྱི་ཕྲན་ཆུང་སྐྱོ་བ། །
ཕལ་བའི་དད་ཕྱག་གི་མཆོད་པའི་ཡུལ་དུ། །
ཚིག་སྟོང་རྐྱང་བ་ཞིག་ངག་གིས་འཁྱོགས་ནས། །
ནང་སེམས་མ་རིག་གི་རྟ་རྒོད་ཞོན་ནས། །
ལུས་འདུག་སེམས་ཤོར་གྱི་ངང་ཚུལ་སྡུག་གོ །
སྐྱ་ལོ་ཕོ་མོ་ཡི་གྲལ་མགོ་རེ་རེར། །
དགེ་སྦྱོང་འདུལ་འཛིན་གྱི་ཚུལ་འཆོས་འོག་ནས། །
མིག་ཟུང་ཀེམ་ཀེམ་གྱིས་གསང་བའི་ཁྲོད་དུ། །
ན་ཆུང་ལུས་ཕྲ་མར་སེམས་པ་གཡེང་འདུག །
ཕྱི་རོལ་དམར་སེར་གྱི་མཚན་དཔེ་ཡག་ཀྱང་། །
ནང་སེམས་ཕལ་བ་ཡི་མི་གྲལ་ཞིག་ནས། །
བློ་དཀར་འདང་ཆེན་གྱི་འཛུམ་ཆུང་ཁྱོད་ལ། །
སེམས་ཀྱི་ཁ་སྟབས་དེ་ཆད་མྱོང་མི་འདུག །
དྲིན་ཆེན་ཕ་མ་ཡི་རེ་འདུན་འོག་ནས། །
ཅི་འབྱོར་བཅུད་ཟུངས་ཀྱི་དྲིན་གྱིས་བསྐྱོངས་ཀྱང་། །
བཟང་ལན་དྲིན་འཇལ་གྱི་བུ་ལོན་ཆེ་བའི། །
ཕྲན་ཆུང་ལྟ་བུ་རིགས་ཉེས་སེལ་ཡོད་དམ། །
ཕུགས་མེད་ཁ་ཚིག་གི་འདུན་པ་ཟེར་ནས། །
རི་ཆུང་ལུང་གསུམ་གྱི་ས་མཚམས་བརྒལ་ཏེ། །
རབ་བྱུང་ཁྱུ་ཚོགས་ཀྱི་གྲལ་མཐའ་ཞིག་ན། །
ཐོས་བསམ་སྦྱོང་བ་ཡིས་མཐའ་བརྒྱ་མ་ཆོད། །
བློ་དམན་ཕྱི་བཤོལ་གྱིས་གཏན་དུ་འདས་ཤིང་། །
ཆོས་གྲྭ་ཆེ་སོང་གི་མཐའ་མའི་མཐའ་མ། །
རྒྱུད་ཀྱི་འདོད་ཆགས་དེ་ཇེ་ཆེ་ཇེ་ཆེ། །
ཁྲོ་བོའི་ཞེ་སྡང་གི་ཇེ་རྒོད་་ཇེ་རྒོད། །
ཁ་ལ་ཁ་འཇམ་གྱི་ཚིག་སྟོང་ལག་སྟོང་། །
དོན་གྱི་ཕུ་ཚུགས་སུ་ཤིང་སྡོང་རུལ་བ། །
གྲོང་མཐའ་ཕྱིན་ཕྱིན་དུ་སོང་བའི་རྗེས་ལ། །
འདི་ཞེས་བསྟན་རྒྱུ་ཞིག་རྙེད་ཐབས་དཀའོ། །
ཆོས་རྗེ་ཡིད་བཞིན་ནོར་བུའི་འདས་མཆོད་རྗེས་དྲན་དུ་ཕུལ་བའི་མཆོད་ཚིག་ངག་གི་མེ་ཏོག་ཅེས་བྱ་བ།
སྲིད་གསུམ་འགྲན་པའི་ཟླ་བྲལ་མཁས་པའི་ཕུལ། །
མདོ་སྔགས་ཆོས་ཚུལ་རབ་དགོངས་པཎ་གྲུབ་སྟེ། །
མཚན་སྙན་ཉི་ཟླའི་དཀྱིལ་འཁོར་རབ་གྲོལ་བའི། །
དཔལ་ལྡན་བླ་མ་ཁྱེད་ཀྱིས་བདག་ཡིད་སྐྱོངས། །
འཁོར་འདས་ཆོས་ཀྱི་ཟབ་གནད་ཐུགས་སུ་ཤར། །
བརྩེ་ཆེན་བྱམས་པའི་ཞལ་རས་ཤེལ་དུ་དཀར། །
ཕན་བདེའི་དགེ་ལེགས་བསྐྲུན་པའི་རྒྱལ་ཚབ་དེ། །
སླར་ཡང་སྲིད་འདིར་འབྱོན་པ་རེ་སྨོན་ཆེ། །
གོང་མས་ལུང་གིས་རབ་ཟིན་བསྟན་འཛིན་བུ། །
རྒྱལ་ཀུན་དགོངས་པའི་ཀློང་རྡོལ་ཤེས་རབ་ཅན། །
ཟབ་རྒྱས་ཆོས་ཀྱི་ལྟ་དགོངས་འགྲན་ཟླ་བྲལ། །
བྷཱོ་ཊའི་ལྗོངས་སུ་འཁྲུངས་པའི་སངས་རྒྱངས་དངོས། །
ཡུལ་ལུང་གཙང་དཀར་འཁྱིལ་བའི་མཚོ་ཆེན་དུ། །
མཐོ་བོད་པདྨའི་སྡོང་པོའི་རྩེ་མོ་རུ། །
འཇིགས་མེད་ཆོས་ཀྱི་ཕུན་ཚོགས་གྲགས་པ་ཆེ། །
གྲུབ་ཆེན་གུ་རུ་དེ་དང་གཉིས་སུ་མེད། །
ལུང་རིགས་སྟོང་གི་གཟི་བྱིན་རབ་འབར་གྱིས། །
ཕས་རྒོལ་བྱེ་བའི་རྨོངས་ཡིད་རབ་འཁུམ་པའི། །
རྣམ་དཔྱོད་སྨྲ་བའི་ལྗགས་ཡངས་རབ་མྱུར་བའི། །
ཕྱོགས་གླང་ཡབ་སྲས་དེ་དང་རབ་ཏུ་མཚུངས། །
མཁྱེན་རབ་ཉི་ཟླའི་རྣ་ཆ་ཕྱོགས་བཞིར་འགྱེད། །
འཁོར་འདས་ཆོས་ཀྱི་ཕུང་པོ་སྒྲིབ་མེད་གཟིགས། །
དྲི་བྲལ་མཁས་པའི་ཡང་རྩེ་འཇིགས་མེད་པ། །
རྒྱལ་ཀུན་ཐུགས་ཀྱི་ལྟ་ཡུམ་འཇམ་དབྱངས་དངོས། །
མདོ་སྨད་ཡུལ་གྲུ་གསེར་རྟ་ལྗོངས་འདི་རུ། །
མི་མཇེད་ཆོས་ཀྱི་རྔ་བོ་བསྒྲགས་པ་ཡིས། །
ལུང་རིགས་སྟོང་གིས་བརྗིད་པའི་བླ་རུང་ཞེས། །
འགྲན་བྲལ་ཆོས་ཀྱི་སྡེ་ཡི་ས་བོན་བཏགས། །
རིས་མེད་བསྟན་པའི་འཁོར་ལོ་ཕྱོགས་ཀུན་སྤེལ། །
མ་བསྡུས་འགྲོ་བའི་སློབ་བུ་ངང་གིས་འདུ། །
འཇིགས་མེད་ཕུན་ཚོགས་ཞེས་བྱའི་མཚན་འཆང་བ། །
འཛམ་གླིང་སྐྱེ་འགྲོ་ཀུན་གྱི་གཙུག་ཏུ་བསྙེན། །
སྔ་འགྱུར་མཁས་གྲུབ་བྱེ་བའི་བསྟི་གནས་ལ། །
རྒྱལ་བསྟན་ཆོས་ཀྱི་གདུགས་དཀར་ཡང་ཡང་བསྒྲེངས། །
དམར་སེར་རབ་བྱུང་སྡེ་ཚོགས་མང་དུ་བཞེངས། །
མཚུངས་མེད་མི་ཡི་སེངྒེ་ཁྱེད་ཉིད་ཙམ། །
མ་བསགས་བསོད་ནམས་ཕྲ་བས་ཚེ་འདི་རུ། །
ལན་གཅིག་མཇལ་བའི་སྐལ་བཟང་མ་ཤར་རུང་། །
མ་བཅོས་དད་པའི་ཐལ་མོ་སྦྱར་བ་ཡིས། །
ཕྱི་མའི་འཕྲང་ལམ་འགྲིམ་ཚེ་གྲོགས་ལ་བྱོན། །
ཐོལ་རྩོམ།
མི་མངོན་ལྷ་ཡི་ཚལ་ན། །
གར་མཁན་ཡིད་ལ་འབབ་མ། །
ཚིག་ཀུན་ངག་དབང་ལྷ་མོ། །
བདག་མགྲིན་ད་ཚུར་འབྱོན་རོགས། །
བྲིས་པའི་ཡིག་ཆུང་ནག་རིལ། །
ཚིག་དང་སྐུད་པ་བརྒྱུད་ནས། །
ལོ་དང་ཟླ་བའི་བྱམས་པ། །
སྣང་བའི་ཚོར་འདུར་ཕེབས་ཤོག །
མ་སྐྱེས་ངག་གི་འགྱུར་ཁུག །
མ་འགག་དབྱངས་ཀྱི་ལྷ་ཚོགས། །
མ་བརྗེད་འདས་པའི་ཟིན་ཐོ། །
མ་མ་དབྱངས་ལ་འཛོམས་ཡོད། །
ངག་བརྒྱ་མགྲིན་པའི་རྩ་ནས། །
ངག་རིགས་ཚིག་གི་ཕུང་པོ། །
ངག་དབང་དབྱངས་ཅན་ཞལ་སྒོ། །
ངག་ན་ཡང་ཡང་ཕེབས་ཤོག །
མ་བཅོས་ངང་གིས་འཛོམས་པའི། །
དུང་ཞེན་ཡིད་ཀྱི་རི་མོ། །
ཤོག་དཀར་ལེབ་མོའི་སྟེང་ན། །
མ་བྲིས་རང་དབང་མ་བྱུང་། །ལོ་ཟླའི་རྗེས་དྲན།
རྒྱལ་ཀུན་ཡུམ་གཅིག་རྒྱལ་སྲས་གཞོན་ནུ་མའི། །
ཐུགས་ལ་མནབ་པའི་གསུང་གི་བདུད་རྩི་ཡིས། །
གྲེ་འགྱུར་འགགས་པའི་སྐོམ་དང་གདུང་བའི་ཚོགས། །
ལྷག་མེད་ཆོམས་ཤིག་རྗེ་བཙུན་ཆེན་མོ་མཁྱེན། །
ལ་མོ་བརྒལ་ཏེ་རི་ཆུ་སྟོང་ཕྲག་བགྲོད། །
ཕ་ཡུལ་བསྐྱུར་ཏེ་མདུན་ནས་མདུན་དུ་བསྐྱོད། །
གཉེན་དང་འབྲལ་ཏེ་གྱེས་པའི་ལག་བརྡ་གཡོ། །
ལས་དང་སྐལ་བས་སློབ་གླིང་ཞིག་ཏུ་འཛོམས། །
ལུང་རིགས་བཞད་པའི་དབྱར་གྱི་སྐྱེད་ཚལ་འདིར། །
མཆེད་དང་སྤུན་ཟླའི་བུང་བའི་རྩེད་འཇོའི་ཁྲོད། །
ཉིན་མཚན་ལྷག་མེད་མཆོང་ལྡིང་འདྲ་ན་ཡང་། །
རྒྱུད་ལ་བཞད་པའི་ཟུངས་བཅུད་ཁ་ཁར་ཤོར། །
ཞག་ནས་བགྲང་ཏེ་ཟླ་མང་བརྩེགས་པའི་ལོ། །
འཁྲིས་སུ་ཉེ་བའི་ཕྱི་མིག་ཐེངས་རེ་ལ། །
དགའ་དང་སྐྱོ་བའི་འཆར་ཡན་ཀུན་གྱི་ཀློང་། །
ཉིན་དང་ཞག་གི་འགྲུལ་བཞུད་ཡུད་ཀྱིས་རྫོགས། །
ཤོར་སོང་དུས་ཚིགས་མང་བའི་ཕྱི་མིག་ཏུ། །
དང་པོ་ཐོས་པའི་བྱ་བས་མ་རེག་འདུག །
བར་དུ་བསམ་པས་སྒྲོ་འདོགས་མ་བཅད་འདུག །
ཐ་མར་སྒོམ་པའི་ལྟ་གནད་དེ་བས་ཅི། །
འཆད་མཁས་མང་བའི་དབུས་ཀྱི་ལྷུན་པོ་མིན། །
རྩོད་མཁས་མང་བའི་དབྱིངས་ཀྱི་ཤེས་ལྡན་མིན། །
རྩོམ་མཁས་འདུས་པ་ཀུན་གྱི་ཡང་རྩེ་མིན། །
ཉམ་ཆུང་བན་དེའི་ཚོགས་ཀྱི་གྲྭ་དཀྱུས་ཤིག །
རྣམ་གཡེང་ཁེར་མས་ལོ་ཡི་ཧྲིལ་པོ་བཅད། །
ལེ་ལོ་དྲགས་པས་ཚེ་ཡི་འདུ་བྱེད་གཏོང་། །
བརྩོན་འགྲུས་ཞན་པའི་ཕྲན་གྱི་མི་ཚེ་འདིར། །
ཟ་ཉལ་ཁོ་ནས་ཚེ་འདིར་དོན་སྒོ་ཆུང་། །
ཁྱབ་བདག་མགོན་པོའི་སྐུ་ཡི་ཁྲག་དྲོད་འཐོར། །
དམ་པ་སྟོང་གི་བྱིན་གྱིས་བརླབས་པའི་སར། །
འཆད་རྩོད་ཐོགས་མེད་སྙན་པའི་དགའ་ཚལ་འདིར། །
རྣམ་གཡེང་ལུས་པའི་བན་ཆུང་འདི་འདྲ་སྐྱོ། །
རྣམ་རྟོག་འཆར་ཡན་རླུང་འགྲོས་བཞིན་དུ་མྱུར། །
གམ་པའི་མདུན་ལྗོངས་ཆུ་བོ་བཞིན་དུ་མགྱོགས། །
ཡོད་ཡོད་སྣང་བ་འཇའ་དང་གུར་ཁྱིམ་བཞིན། །
སྐད་ཅིག་མི་སྡོད་མཁའ་ཡི་དབུས་སུ་ཡིབ། །
རྗེ་ཙོང་ཁ་བ་ཆེན་པོ་ལ་བསྟོད་པ་ཤིས་ཚིག་དབྱངས་ཀྱི་སིལ་མ།
དད་འདུན་ངག་སྒྲོས་གཙང་མའི་གྲེ་བ་ལ། །
རྒྱལ་ཡུམ་ངག་དབང་ལྷ་མོའི་ཐུགས་རྗེ་ཡིས། །
ཤིས་ཚིག་དབྱངས་ཀྱི་ཁ་བཏགས་འཕྱར་བ་ལ། །
མ་མ་དབྱངས་ཅན་ཁྱེད་ཉིད་མགྲིན་པར་རོལ། །
གངས་རིའི་དབུ་རྩེར་སྒྲེང་བའི་སྙན་པ་ཅན། །
གངས་ལྗོངས་མཁས་པ་གསུམ་གྱི་ཡ་གྱལ་བ། །
གངས་ཅན་བོད་ཀྱི་སྟོན་པ་ཟླ་བྲལ་དེ། །
གངས་ཕྲུག་སྐུ་ཡི་བཀོད་པ་ཙོ༵ང་ཁ༵་བ༵། །
སྲིད་གསུམ་མི་མངོན་ལྷ་ལམ་དག་པའི་དབྱིངས། །
འགྲན་མེད་མཁྱེན་དཔྱོད་ཉི་ཟླའི་འོད་དཀར་གྱིས། །
ལས་ཉོན་ཀྱིས་བསླད་རྨོངས་མུན་སེལ་མཛད་པ། །
ཙོང་ཁ་ཆེན་པོ་གཞན་གྱིས་དོ་ཟླ་བྲལ། །
ལུང་རིགས་དུ་མས་ཕས་རྒོལ་ཁྲི་མ་བཅོམ། །
འཆད་རྩོད་སྒྲ་དབྱངས་འཛམ་གླིང་ཀུན་ཏུ་སྙན། །
རྣམ་དཔྱོད་བློ་ཡིས་ཆོས་གཞུང་དུམ་བུ་བརྩམས། །
མཁས་མཆོག་ཁྱེད་ནི་གངས་འདིའི་རྒྱན་ཞིག་ལགས། །
སྟོན་དང་བསྟན་ལ་ཚད་སྒྲུབ་སྨྲ་བ་མྱུར། །
དྲི་མེད་མཁྱེན་དཔྱོད་བློ་ཡི་ལུང་རིགས་ཀྱིས། །
རྒོལ་ངན་ལྟ་བའི་ཚོགས་རྣམས་ཕམ་མཛད་པས། །
ཕྱོགས་གླང་ཡབ་སྲས་ཟེར་ཡང་ཁྱད་མེད་རེད། །
མཁྱེན་རབ་འོད་དཀར་གསལ་བའི་ཉི་ཟླ་མཛེས། །
བརྩེ་ཆེན་སྙིང་རྗེའི་མ་མས་འགྲོ་དྲུག་བསྐྱངས། །
ནུས་ལྡན་མཛད་འཕྲིན་རྣམ་པར་རབ་དཀར་བའི། །
ཡུལ་འདིའི་རྗེ་བོ་ཁྱེད་ནི་ཙོང་ཁ་བ། །
རྒྱལ་བའི་ལུང་གིས་ཟིན་པའི་ཚད་མའི་ལྷ། །
ལུང་རྟོགས་ཆོས་ཀྱི་སྡེ་པ་ཡོངས་སྤེལ་ཞིང་། །
མཁས་དང་གྲུབ་པའི་ཁྱུ་མཆོག་ཙོང་ཁ་བ། །
བློ་བཟང་གྲགས་པ་གང་དེས་བདག་རྒྱུད་སྐྱོངས། །
མཁའ་ཁྱབ་མཛད་དང་འཕྲིན་ལས་སྐར་ཚོགས་བཞིན། །
མ་གྱུར་འགྲོ་དྲུག་དོན་ལ་ངལ་བ་མཛད། །
མགོན་མེད་སྐྱབས་མེད་འགྲོ་ལ་ཐུགས་རྗེས་དགོངས། །
བརྩེ་ཆེན་མི་ཡི་ཉི་མ་ཁྱེད་འདྲ་ཉུང་། །
གངས་རྒྱན་བསྟན་པའི་བདག་པོ་ཙོང་ཁ་བ། །
ཕྱོགས་མེད་ས་འདིའི་བླ་མ་ཙོང་ཁ་བ། །
འགྲན་མེད་རྣམ་དཔྱོད་ཅན་གྱི་ཙོང་ཁ་བ། །
མཁས་སྙན་སྲིད་ན་མཐོ་བའི་ཙོང་ཁ་བ། །
སྟོང་ལོ་ཉེར་གསུམ་གྱི་དགའ་ལྡན་ལྔ་མཆོད་དུ་བྲིས་པས་དགེ་ལེགས་འཕེལ།
རྩོམ་པ་པོ་རང་མདངས་ནི། དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་ཤང་ཁག་ཆུང་ཆུང་ཞིག་ཏུ ༢༠༠༢ ལོར་སྐྱེས་ཤིང་། དངོས་མིང་ལ་བཀྲ་ཤིས་རབ་བརྟན་ཟེར། ལོ་བརྒྱད་དགུ་ཡར་མར་འབྲི་ཀློག་ལ་སྦྱོང་བ་དང་ལོ་བཅུ་བཞི་ཡར་མར་རང་དགོན་བཤད་གྲྭ་རུ་སུམ་རྟགས་སྐོར་སོགས་སྦྱོང་བ་བྱས་ཤིང་། ལོ་བཅུ་བདུན་ནས་སྙན་ངག་གི་ལམ་ཁ་ལ་ཞུགས་ཏེ་ད་བར་ལོ་བཞི་ཙམ་སོང་། ད་ལྟ་རང་ལོ་ཉེར་གཅིག་ཡིན། དེ་སྔོན་སྙན་ངག་དགའ་མོས་རྒྱུན་འཁྱོང་བྱས་སྟོབས། དུས་དེབ་དང་ལོ་དེབ། 《གངས་དཀར་རི་བོ་》 《འདན་གླིང་རྩོམ་རིགས》《རིག་མཛོད》ཚགས་པར།《ཁམས་པའི་ཚགས་པར》《རྔ་བའི་ཚགས་པར》 《གཞིས་ཀ་རྩེའི་ཚགས་པར》《མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར》 《དཀར་མཛེས་ཚགས་པར》 《གཏེར་ལུང་ན་གཞོན་ཚགས་པར》 དྲྭ་བ། 《ཁམས་པའི་ཐོན་ཁུངས་དྲ་བ》 《ཁམས་པའི་དྲ་བ》《རྒྱལ་ཡོངས་ས་ཆེན་དྲ་བ》《གངས་ལྗོངས་འཕྲིན་གསར》《མཚོ་བྱང་མདོ་ལ་ཚགས་པར་གྱི་སྤྱི་སྟེགས》སོགས་ལ་རྩོམ་ཡང་མི་ཉུང་བར་བཀོད་མྱོང་། མ་ཟད་འགྲན་སྡུར་འགའ་ཞིག་ལས་ཨང་དང་འབྲིང་སོགས་ཀྱི་བྱ་དགའ་ཡང་ཐོབ་མྱོང་།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།