རྫོགས་ཆེན་དབེན་ཁྲོད་མཇལ་བ།
གནས་འདི་བྱིན་རླབས་འོད་ཀྱིས་སྦྲུམ་པའི་ཡུལ། །
ཉམས་རྟོགས་རྩལ་ཁ་རྫོགས་པའི་ལྡན་ས་ཆེ། །
སྐྱོན་བྲལ་བཤེས་གཉེན་མང་པོ་བྱོན་སའི་ལྗོངས། །
ཡིད་འཕྲོག་ཡིད་ལ་ལྷིང་འཇགས་སྟེར་བའི་ས། །
མ་བསྐུལ་མཛེས་སྡུག་ངོམ་པའི་མེ་ཏོག་དགོད། །
མ་འདྲིས་བྱིའུ་ཚོགས་སྙན་མོ་གདངས་ཀུན་དཀྲོལ། །
མ་དག་རྟོག་པའི་འདུ་བ་དབྱིངས་སུ་དེངས། །
མ་དད་སྙེ་མའི་མགོ་འཕང་ངང་གིས་དུད། །
རང་བྱུང་དལ་འགྲོའི་རྒྱུན་དང་རྦབ་ཆུའི་སྒྲ། །
རང་བབ་རྣ་བར་ལྷུང་བའི་དུས་གཅིག་གིས། །
རང་ཡིད་འཁྲུལ་བའང་གཞོམ་པའི་མཐུ་མངའ་བ། །
རང་སྣང་དབེན་རིའི་ཞིང་འདི་ཨེ་མ་རྨད། །
བྱང་སེམས་ཡོན་ཏན་གྱིས་བསྐྲུན་དམ་པ་ཡིས། །
རབ་རྒྱས་དབེན་པར་བསྔགས་པ་དྲན་པའི་གནས། །
གནས་འདིར་ལན་གཅིག་ཕྱོགས་པ་འདི་ཀོ་ཡི། །
བསོད་ནམས་བརྗོད་པ་ཚིག་གིས་འབྲི་ཐུབ་བམ། །
2023/9/11
མཆོད་པའི་ཚིག
སྐྱབས་རྗེ་རྫོགས་ཆེན་པདྨ་སྐལ་བཟང་མཆོག་གི་སྙན་ངག་མཇལ་བས།
ཕྱི་ལྟར་འདུལ་ཁྲིམས་གཙང་མའི་གོས་ཀྱིས་བཀླུབས། །
ནང་ལྟར་རིག་གཞུང་ཆོས་ཀུན་གདམས་པར་སྣང་། །
ཡང་གསང་རྒྱལ་བའི་ཐུགས་རྒྱུད་མངོན་བྱས་པ། །
ཡོན་ཏན་ནོར་གྱི་མཛོད་འཛིན་བསྔགས་པའི་ཡུལ། །
མཐའ་ཀླས་ཤེས་བྱའི་རིག་པ་ནམ་མཁའི་ཁྱོན། །
འཇལ་བྱེད་བློ་གྲོས་གཤོག་རྩལ་རབ་རྒྱས་ཏེ། །
འགྲོ་འདུལ་ཐབས་མཁས་སྤྱོད་པའི་རླབས་རྒྱུན་གྱིས། །
སྡུག་བསྔལ་དྲི་མས་སྦགས་པ་འཁྲུད་པར་བྱས། །
འོན་ཏེ་གང་ཁྱེད་ཡོན་ཏན་སྐར་ཚོགས་གྲངས། །
འཁོས་ཆུང་བློ་ཡིས་གཞལ་བའི་སྟོབས་དབེན་འདིས། །
རིང་པོའི་དུས་དེར་སྙན་ཚིག་བདུད་རྩིའི་བཅུད། །
ཏོག་ཙམ་རོལ་བའི་དགའ་བ་འབྲི་བར་འབད། །
རང་བྱུང་རྟོག་ཚོགས་སྨྱུག་རྩེར་གར་བསྒྱུར་བ། །
ངག་རིག་པད་མའི་རྣམ་པར་འཛུམ་དགོད་ཅིང་། །
སྙིང་དོན་སྦྲང་རྩིའི་རོ་མངར་སྦྲུམ་པ་ཡིས། །
ཡིད་དབང་ཅིག་ཆར་བཀུག་འདི་སྒྱུ་འཕྲུལ་མཆོག །
དོན་ལ་དོན་གྱི་དགོས་འདོད་འོད་དུ་འབར། །
ཚིག་ལ་ཚིག་གི་མཛེས་སྡུག་ཡི་གར་འོང་། །
ཚོགས་དྲུག་དབང་དུ་བྱེད་པའི་བྱིན་རླབས་མཆོག །
ངོ་མཚར་ཉི་གཞོན་འཆར་བའི་རྟེན་དུ་གྲུབ། །
ཚིག་རྩལ་རིག་པའི་ཞལ་རས་མདངས་མཛེས་ཤིང་། །
དོན་ཟབ་སྲོག་གི་འཕར་ལྡང་ཉམས་ཞན་པར། །
ངག་རིག་བློ་གྲོས་ཕྱོགས་སུ་ཡན་པའི་དུས། །
གནམ་འདེགས་ཀ་བའི་ཚུལ་བཞིན་བཞུགས་པ་ཉིད། །
སྟོབས་བཅུའི་བྱམས་བརྩེ་གཅིག་འདྲེས་མིག་མི་འཛུམ། །
ཞལ་གྱི་མཆེ་བ་ལས་སྐྱེས་དབང་ཕྱུག་མས། །
ཐུན་མིན་བྱིན་རླབས་སྲིད་ཀུན་ཁྱབ་མཛད་པ། །
སྩལ་མིན་ཡིད་ལ་འཆར་ཡན་རྣམ་པ་འགྱུ། །
རྨད་བྱུང་ཤེས་བྱའི་ཁམས་ལས་ཉེར་མཆེད་ཅིང་། །
ཡིད་འགུག་སྙན་པའི་རྒྱུད་སྐུད་དཀྲོལ་བ་འདིས། །
རྩེ་གཅིག་ངག་གི་ཤེས་རབ་སྩོལ་བའི་མ། །
དབྱངས་ཅན་འཛུམ་གྱི་པད་མོ་དགོད་པར་སྙམ། །
ཐོས་བསམ་སྒོམ་གྱི་ཤེས་རབ་ནང་ནས་འཕེལ། །
འཆད་རྩོད་རྩོམ་པའི་འཕྲིན་ལས་མཁའ་རུ་བརྐྱངས། །
མཁས་བཙུན་བཟང་པོའི་ཡོན་ཏན་ཀུན་འདུས་དཔལ། །
ཚུལ་དགུའི་ནོར་མཆོག་མངའ་བ་ཁྱེད་ལས་གང་། །
2022/1/28ཉིན།
འབུམ་ལྷ་སྲས། དངོས་མིང་ཐུབ་བསྟན་དཔལ་ལྡན།
མདོ་ཁམས་གསེར་རྟའི་མི། སྙན་ངག་ལ་དད་མོས་བྱེད་མཁན་ཞིག འདས་པའི་ཆར་དུས་དེབ་《གུར་ཀུམ་ཆུན་པོ།》《ཁམས་པའི་རྩོམ་རིག་སྒྱུ་རྩལ།》 《རི་བོ་ཉི་ཟླ།》《པདྨའི་ཚལ།》《སྲིད་པའི་གཏོ་སྒྲོམ།》《དཔལ་འཛོམས་ལོ་དེབ།》《ཨ་མྲའི་ལྗོན་ཤིང་།》《མཚོ་སྔོན་ཁྲིམས་ལུགས་ཚགས་པར་》དང་ 《མཚོ་སྔོན་བོད་ཡིག་གསར་འགྱུར།》《མཐོང་གྲོལ་དྲྭ་བ།》《ཁམས་པའི་ཚགས་པར།》《ཀན་ལྷོའི་གསར་འགྱུར།》《 གཞིས་ཀ་རྩེ་ཉིན་རེའི་ཚགས་པར། 》《སྦྲ་ནག་ཚགས་པར་》དང་《རྔ་བའི་ཚགས་པར།] ད་དུང་[ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲྭ་བ། 》《རྒྱལ་ཡོངས་ས་ཆེན་དྲྭ་བ་》སོགས་བོད་ཡུལ་གྱི་དྲྭ་ཚུགས་དང་སྤྱི་སྟེགས་འགའ་རེར་སྙན་ངག་སྤེལ་མྱོང་ལ་ད་དུང་ན་གཞོན་འགའ་དང་ལྷན་དུ་ 《སྒོ་ཐེམ། 》དང་ 《 ཚོར་བའི་སྒྲུང་》ཞེས་པའི་སྙན་དེབ་དང་ཟིན་བྲིས་ཀྱི་སྒེར་དེབ་《བྱམས་བརྩེའི་སྟོབས། 》སོགས་སྤེལ་མྱོང་། ཞོར་དུ་《བྱམས་བརྩེ་པད་དཀར་གྱི་བདག་མོ་》དང་《ནང་སེམས་གྲང་བའི་སྟོན་དུས། 》《 དབེན་ཁྲོད་ཀྱི་དྲན་གདུང་ 》སོགས་གྱེར་འདོན་ལའང་ཚོད་ལྟ་བྱེད་ཀྱིན་ཡོད།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།