སློབ་ལམ་དཀར།
ཤར་ནས་ཉི་མ་འཛུམ་བྱུང་།།
དཔེ་ཁུག་ཕྲག་ལ་ཁུར་དང་།།
ཤེས་རིག་གསེར་གྱི་མེ་ཏོག།
རུམ་ཁ་གང་བར་བཏུས་ན།།
ཡང་ཡང་གསེར་གྱི་ཐང་ལ།།
གོམ་ཁ་ལྷོད་ཀྱིས་བཞག་ཆོག།
དགེ་རྒན་ཤེར་དཀར་བུམ་པ།།
ནང་ན་ཤེས་བྱའི་ཟིལ་མངར།།
ཚུལ་ལྡན་མི་གཞིའི་རང་འོད།།
ཡང་ཡང་ཐུགས་ལ་བཞག་ན།།
ཡིད་མཁའི་འདབ་མ་གྲོལ་ཏེ།།
ཕུཊ་བསམ་ནོར་བུ་རྙེད་འགྲོ།།
འདུན་མའི་རྟ་ཕོའི་གཞུག་ལ།།
བརྩོན་པ་ཐང་ལྷོད་མེད་པའི།།
ལྕཊ་ཚན་ངར་མས་གཞུས་ན།།
མཚར་སྡུག་མདུན་ལམ་སྣེ་མོ།།
རྡོག་པའི་འོག་ཏུ་གནས་ཡོད།།
སྙིང་གི་བཅུད་ལ་གོམས་དང་།།
ཨ་མ་ལགས།
སྦྲ་སྒོའི་གས་སྲུབས་ནང་ནས།།
བུ་ཆུང་མིག་གིས་འཚོལ་ཞིང་།།
སྲོག་རྩ་བླ་རྩ་དམར་བའི།།
ཨ་མ་ཡིད་བཞིན་བདག་མོ།།
བྱིས་དུས་གོམ་པ་སློབ་མཁན།།
རི་ཡི་འདབས་ལ་འགྲིམ་དུས།།
བུ་ཆུང་ལུས་ཀྱིས་སྐྱོར་ཞིང་།།
ཤ་རྩ་སེམས་རྩ་དཀར་བའི།།
ཨ་མ་སྒྲོལ་མ་དཀར་མོ།།
གཞོན་དུས་ཁ་འཛིན་མཛད་མཁན།།
སྡེ་མང་གྲོང་ལ་ཆས་ཀྱང་།།
བུ་ཆུང་ཞེ་ནས་གཉོར་ཞིང་།།
སེན་རྩ་སྐྲ་རྩ་སྔོ་བའི།།
ཨ་མ་སྙིང་ལ་རྗེ་མོ།།
རྒས་ཡང་རྒྱབ་ནས་སྐྱོར་མཁན།།
ཡིད་ཀྱི་སྨོན།
ལུས་འབྱུང་བཞིའི་ནད་ཀྱིས་མནར་ན་ཡང་།།
སེམས་མི་རྟག་རླུང་གིས་གཡོ་ན་ཡང་།།
ཚེ་མ་ངེས་དར་ལྕོག་ཁ་གང་འདི།།
ཡིད་སྨོན་པས་བསྐྱོར་ན་བསྐྱོར་ནི་ཡིན།།
ནང་རིམས་ནད་ཚ་མོས་གཟེར་ན་ཡང་།།
ཕྱི་ཁ་ཚིག་སྙན་མོས་ཁེབས་ན་ཡང་།།
ལས་དཀར་ནག་འབྲས་བུ་རུམ་གང་འདི།།
ཡིད་སྨོན་པས་བསྐྱོར་ན་བསྐྱོར་ནི་ཡིན།།
རྐྱེན་བར་ཆད་སྣ་ཚོགས་འཚུབ་ན་ཡང་།།
ནད་ངེས་མེད་སྤྲིན་ནག་འཁྲུག་ན་ཡང་།།
རྗེ་གོས་དཀར་ལྷ་ཚོགས་འཕུར་བ་འདི།།
ཡིད་སྨོན་པས་བསྐྱོར་ན་བསྐྱོར་ནི་ཡིན།།
རྒྱུ་ལོངས་སྤྱོད་ཕང་མེད་བྱིན་ན་ཡང་།།
ཐུགས་གཞན་ཕན་ཆུ་བཞིན་འཕྱོ་ན་ཡང་།།
ཕུགས་གཏན་དུ་བདེ་བའི་གཞི་མ་འདི།།
ཡིད་སྨོན་པས་བསྐྱོར་ན་བསྐྱོར་ནི་ཡིན།།
དབུས་ལམ་གསེར་བྲིས་མ།
དབུས་ལམ་གསེར་གྱིས་བྲིས་ན།།
གསེར་ལ་ཟངས་རྩི་མི་འདུག།
དབུས་ཀྱི་ཇོ་བོ་མཇལ་ན།།
ལྷ་སྐུ་བརྒྱ་སྟོང་མཇལ་འདུག།
སྨོན་ལམ་ལན་གསུམ་བཏབ་ནས།།
རྐྱང་ཕྱག་ལན་གསུམ་ཕུལ་ཡོད།།
སྐྱིད་ཆུ་སྔོན་མོ་བཞུར་ན།།
སྔོན་མོ་ལས་ཀྱི་བཞུར་འདུག།
རྒྱང་རིང་བརྒྱུད་ནས་སོང་ན།།
གཡུ་ཐོག་ཟམ་པ་དྲན་འདུག།
སྨོན་ལམ་ལན་གསུམ་བཏབ་ནས།།
རྐྱང་ཕྱག་ལན་གསུམ་ཕུལ་ཆོག །
ཕོ་བྲང་དཀར་དཀར་མཐོང་ན།།
དཀར་པོའི་སེམས་པ་མཐོང་འདུག།
དབུས་མཇལ་སེམས་པ་དྲོ་ན།
རྒྱང་རིང་དབུས་ལམ་སྐྱིད་འདུག།
སྨོན་ལམ་ལན་གསུམ་བཏབ་ནས།།
རྐྱང་ཕྱག་ལན་གསུམ་ཕུལ་ཡོད། །
མི་རྗེ་གེ་སར་རྒྱལ་པོ།
མི་རྗེ་གེ་སར་རྒྱལ་པོ།།
ས་གསུམ་སྙིང་རྗེའི་མངའ་བདག།
སྲིད་གསུམ་ཐུགས་རྗེས་སྐྱོར་མཁན།།
སྡེ་གསུམ་འཇིག་རྟེན་མགོན་པོ།།
དད་གུས་ཡིད་ཀྱི་ཐིག་ལེ།།
གངས་རིའི་ལྗོངས་ཀྱི་སྐྱེས་བུ།།
ཡིད་ཀྱི་བཀུར་སྟངས་ཤིག་ལ།།
ཚིག་གསུམ་སྨོན་ལམ་ཞུས་ཡོད།།
མི་རྗེ་གེ་སར་རྒྱལ་པོ།།
མི་འཇིགས་སྙིང་རྗེའི་མངའ་བདག།
མི་ཡུལ་ཐུགས་ཀྱིས་བཞེས་མཁན།།
མི་མིན་ལྷ་ཡི་མགོན་པོ།།
སྣང་སྲིད་དག་པའི་ཁམས་ལ།།
གངས་རིའི་ལྗོངས་སུ་ཕེབས་པ།།
ལུས་ཀྱི་བཀུར་སྟངས་ཤིག་ལ།།
དད་ཕྱག་ལན་གསུམ་ཕུལ་ཡོད།།
རྩྭ་ཐང་།
རྩྭ་ཐང་ཡངས་པོའི་གཞུང་ལ།།
རྟ་ཕོའི་རྨིག་སྒྲ་འཐོར་ན།།
ཨ་སྔོན་དབྱིངས་ཀྱི་ཟླ་བ།།
རྩྭ་ཐང་འཆར་བའི་མེ་ལོང་།།
ཐག་རིང་སེམས་ཀྱི་རྩྭ་ཐང་།།
དྲན་གདུང་ངོས་ཀྱི་ཁ་བ།།
མེས་པོའི་རྩྭ་ཐང་། ང་ཡི་རྩྭ་ཐང་།
རྩྭ་ཐང་རྨི་ལམ་གཞུང་ལ།།
འདབ་ལོ་ལྗང་ཁུ་འཐོར་ན།།
སྐྱོ་གདུང་མིག་གི་འདབས་སུ།།
ཁེར་རྐྱང་ཕ་ཡུལ་རྩྭ་ཐང་།།
ཡང་ཡང་སེམས་ཀྱི་ནང་ལ།།
ལན་མང་འཁོར་ན་དགའ་བ།།
མེས་པོའི་རྩྭ་ཐང་། ང་ཡི་རྩྭ་ཐང་།
རང་ཡུལ།
“ཉི་ཟླའི་ར་བར་ན་འཚེར་བའི།།
གངས་ཀྱི་གཟི་དཔལ་ལ་འཁྱུད་པའི།།
མཛེས་པའི་དག་ཞིང་གི་ཡང་རྩེ།།
རང་ཡུལ་ལུང་པ་འདི་སྐྱིད་ཀཱ།
རང་ཡུལ་ལུང་པ་གད་པ་ཡིན་ཡང་ཆོག།
སེམས་ཀྱི་སྐྱིད་སྣང་འདི་ཉིད་བཟི་ཁ་བཙན།།
གཞན་ཡུལ་ལུང་པ་ཞིང་ཁམས་ཡིན་ཡང་ཆོག།
སེམས་ཀྱི་སུན་སྣང་ཁོ་ནས་རྒྱང་ལ་ཆས།།”*
སྤྲིན་པ་རི་སྒང་ན་འཛུམ་པའི།།
སྨུག་པ་དར་དཀར་ལ་འཐེན་པའི།།
དབྱར་གྱི་དཔལ་ཡོན་ལ་རྩེན་པའི།།
རང་ཡུལ་དབྱར་ལྗོངས་འདི་མཛེས་ཀཱ།།
འཇིན་རྟེན་མཛེས་པ་ཇི་ལྟར་མང་ན་ཡང་།།
རང་ཡུལ་དབྱར་གྱི་མཛེས་པའི་དོ་ཟླ་མིན།།
ཁ་བ་རླུང་བུ་ཡིས་ཁུར་བའི།།
རྩྭ་ཐང་གསེར་མདོག་གིས་ཁེབས་པའི།།
དགུན་གཞུང་ནམ་ཟླ་ཡི་མཛེས་དཔལ།།
རང་ཡུལ་དགུན་ལྗོངས་འདི་ཡག་གཱ།
དགུན་གྱི་གྲང་ངར་ཇི་ལྟར་རྒོད་ན་ཡང་།།
རང་ཡུལ་སེམས་ཀྱི་མེ་སྒོང་བླ་ལྷག་དྲོ།།
ཟླ་དཀར་ནམ་མཁའ་ནས་ཤར་བའི།།
སྤྲིན་དཀར་སྒེག་ཉམས་ལ་ཆས་པའི།།
དྭངས་གཙང་སྟོན་གཞུང་གི་མཛེས་སྡུག།
རང་ཡུལ་སྟོན་ལྗོངས་འདི་ལེགས་ཀཱ།
སྟོན་གྱི་རླུང་དམར་ཇི་ལྟར་འཚུབ་ན་ཡང་།།
རང་ཡུལ་ཁང་ཁྱིམ་སྲུང་བ་རབ་ཏུ་བརྟན།།
ལྗང་མྱུག་གསར་བ་ཡི་འཛུམ་ཆུང་།།
ཆེམ་ཆེམ་སྤང་ཐང་ལ་མངོན་བྱུང་།།
གསར་གསར་སོས་ཀ་ཡི་མཚར་སྡུག།
རང་ཡུལ་དཔྱིད་དཔལ་འདི་མཆོག་གཱ།
དཔྱིད་གྱི་དཔལ་མོ་རང་ཡུལ་ལུང་པར་བཀྲ།།
དཔྱིད་རླུང་འཇམ་བུ་སེམས་ཀྱི་ཁུད་ན་འཕྱོ།།
*ཚིག་རྐང་འདི་གཉིས་མགོ་མཇུག་གང་དུ་བླངས་ཀྱང་ཆོག
སྨོན་ལམ་ཡོད།
ཚིག་ཟེར་བ་མེ་ཏོག་པད་མ་རེད།།
བཤད་ཤེས་ན་མི་སེམས་ནོར་བུ་རེད།།
བཤད་ནོར་ན་མཚོན་ཆ་ངར་མ་རེད།།
ཚིག་ཡང་ལྕི་ཤེས་པའི་སྨོན་ལམ་ཡོད།།
ཚིག་སྐད་ཅིག་བར་གྱི་རླུང་ཡིན།།
སེམས་བསམ་པའི་ངོས་ཀྱི་རླབས་ཡིན།།
སེམས་ཟེར་བ་སྤྲིན་དཀར་ཤོག་པ་རེད།།
གཏོང་ཤེས་ན་འཇིག་རྟེན་མེ་ལོང་རེད།།
གཏོང་ནོར་ན་འཁོར་བ་སྡུག་བསྔལ་རེད།།
སེམས་གཏོང་ལེན་ཤེས་པའི་སྨོན་ལམ་ཡོད།།
སེམས་རླུང་གི་དེད་པའི་སྒྲོ་ཡིན།།
ཚེ་མཐའ་རུ་འཁྱོལ་བའི་ལམ་ཡིན།།
ཚེ་ཟེར་བ་རིན་ཆེན་སྒྲོམ་བུ་རེད།།
དོན་ཤེས་ན་མི་ཚེ་དོན་ཡོད་རེད།།
དོན་ནོར་ན་མི་ཚེ་སྟོང་ཟད་རེད།།
ཚེ་དོན་ལྡན་ཡོང་བའི་སྨོན་ལམ་ཡོད།།
ཚེ་འཇིག་རྟེན་ཁམས་ཀྱི་ནོར་ཡིན།།
ཚེ་དོན་ཡོད་ཡོང་བའི་སྨོན་ལམ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།