གནས་དབེན་སིལ་པདྨ་ཐང་ཆེན་གྱི།།
དེའི་ཡང་དབེན་པདྨའི་སྤྱིལ་ཆུང་གི།
ཕ་བླ་མ་དུས་གསུམ་སངས་རྒྱས་དངོས།།
ཉམས་རྟོགས་པའི་གླུ་དབྱངས་ཤ་ར་ར།།
མདོ་སྔགས་ཀྱི་བདུད་རྩི་ངོམས་མེད་འཇོ།།
དེ་དྲན་པའི་མོད་ལ་དགའ་ཡ་ལེར།།
ངས་དགའ་མགུ་གཉིས་ཀྱིས་གླུ་ཞིག་ལེན།།
གནས་དབེན་སིལ་པདྨ་ཐང་ཆེན་གྱི།།
དེའི་ཡང་དབེན་པདྨའི་སྤྱིལ་ཆུང་མདུན།།
ཆོས་རྫོགས་ཆེན་བརྡ་གླུ་ལྷང་སེ་ལྷང་།།
ངས་བསྒོམ་པས་བཙན་ས་མ་ཟིན་ཀྱང་།།
ངས་ཐོས་པའི་སྐལ་བཟང་ཨ་རེ་སྤྲོ།།
དེ་དྲན་པའི་མོད་ལ་ཉམས་རེ་དགའ།།
ངས་ཉམས་དགས་གླུ་ཆུང་དབང་མེད་ཤོར།།
གནས་དབེན་སིལ་པདྨ་ཐང་ཆེན་གྱི།།
དེའི་ཡང་དབེན་པདྨའི་སྤྱིལ་ཆུང་མདུན།།
གྲོགས་དད་ལྡན་ཕོ་མོ་དམ་རེ་གཙང་།།
སྙིང་དད་པའི་མེ་ཏོག་ཟིལ་ལམ་མེར།།
དེའི་དམ་ཚིགས་མེ་ལོང་གཙང་སང་ངེར།།
དེ་མཐོང་བའི་མོད་ལ་ཞེ་རེ་སྤྲོ།།
ངས་སྤྲོ་བའི་ཚིག་གསུམ་འདི་ནས་ཐོལ།།
༢༠༢༣ ༩ ༡ ཉིན་སྔ་དྲོ་ཤར་མར་བྲིས།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།