“མགུར་ཚིག་ཁྲོད་ཀྱི་ཙེང་ལྡེང་བྲ་གུ་ནི་སྟོད་ལུང་ཕུའི་གནམ་ཙེང་ལྡེང་གཙུག་ལག་ཁང་གི་ཉེ་འཁོར་གྱི་རི་བོ་རྔམ་བརྗིད་ལྡན་པ་དག་གི་ཁྲོད་དུ་ཡོད་པ་ཐེ་ཚོམ་མེད་དེ། བཙན་པོའི་བློན་ཆེན་མགར་གྱི་ཁྱིམ་རྒྱུད་སྟོད་ལུང་དུ་བྱུང་བ་དང་། འདུས་སྲོང་གི་མགུར་ཚིག་ཁྲོད་ཀྱི་དཔེ་ཡང་སྟོད་ལུང་གི་ཉེ་འཁོར་གྱི་རི་ཆུ་དག་དྲངས་པ། ད་ལྟའི་མཁས་པ་ཚོས་ཀྱང་སྟོད་ལུང་ཕུའི་ཡངས་པ་ཅན་དུ་ཡོད་པར་ངོས་བཟུང་བ་སོགས་གཅིག་བསྡུས་ན། མདོར་ན། བཙན་པོའི་དུས་ཀྱི་ཙེང་ལྡེང་བྲ་གུ་ཞེས་པའང་སྔར་གྱི་སྟོད་ལུང་ཕུའམ་ད་ལྟའི་ཡངས་པ་ཅན་གནམ་ཙེང་ལྡེང་གི་ཉེ་འཁྲིས་ཀྱི་རི་རྒྱུད་དུ་ཡོད་པར་གཏན་འཁེལ་ཆོག་པར་སྙམ་པའོ།།”
[ནང་དོན་གནད་བསྡུས།] བཙན་པོ་འདུས་སྲོང་གིས་མགར་ལ་མགུར་བླངས་པ་ལས་ཙེང་ལྡེང་བྲ་གུ་ཞེས་པའི་བརྡ་ཆད་ལ་གོ་བ་ཇི་ལྟར་ལེན་པ་དང་། ཕྱིས་སུ་ཐ་སྙད་ལ་འགྱུར་བ་ཇི་ལྟར་ཐེབས་པ། ཐ་སྙད་དེ་ཉིད་ཀྱི་འཇུག་ཡུལ་གང་ཞིག་ཡིན་མིན་སོགས་ཕྱིས་ཀྱི་བསྟན་བཅོས་དག་གི་ཁུངས་དང་བསྡུར་ཏེ་ཅུང་ཟད་དབྱེ་ཞིབ་བགྱིས་ཡོད།
[གནད་ཚིག] ཙེང་ལྡེང་བྲ་གུ། སྟོད་ལུང་། གནམ། ཡངས་པ་ཅན།
གླེང་གཞི།
སྤྱིར་ན་ཏུན་ཧོང་ས་ཁུལ་དུ་ཡིག་རིགས་དུ་མའི་ཡིག་རྙིང་འདྲ་མིན་བྱུང་ཡོད་ནའང་། སྐབས་འདིར་ཏུན་ཧོང་ཡིག་རྙིང་ནི་རིག་ཚན་སྣ་མང་འདུས་པའི་གནའ་བོའི་བོད་ཀྱི་ཡིག་ཚང་ཞིག་ལ་གོ དེ་ལ་ཆོས་ལུགས་དང་དམངས་སྲོལ། ལོ་རྒྱུས། གསོ་རིག རྩོམ་རིག་སོགས་མང་དུ་ཡོད་པ་ལས། བཙན་པོའི་མགུར་ཡང་མི་ཉུང་བ་ཞིག་འདུས་པ་ལས་བྱེ་བྲག་ཏུ་འདུས་སྲོང་མང་བོ་རྗེས་སྤྱི་ལོ༦༩༨ལོའི་ཡས་མས་སུ་བློན་པོ་མགར་གྱི་ཁྱིམ་རྒྱུད་ལ་བླངས་པའི་མགུར་ལས། ཙེང་ལྡེང་ནྀ་བྲ་གུ་དང། ཡར་ལྷ་ནྀ་ཤམ་པོ་གཉིས། གང་ཆེ་ནྀ་གང་ཆུང་བ་།། འགྲེང་བརྒྱའ་ནྀ་ཀུན་ཀྱང་འཚལ།། ཞེས་པ་ལས་ཙེང་ལྡེང་བྲ་གུ་ཞེས་པའི་མིང་བརྡ་བྱུང་ཡང་། དོན་དངོས་སུ་ཙེང་ལྡེང་བྲ་གུ་ནི་ཡིག་རྙིང་འདི་ཙམ་བཙན་པོའི་དུས་ཀྱི་ཡིག་ཚང་གཞན་དུ་གཤིབ་བསྡུར་དང་དཔྱད་གཞིའི་ཁུངས་རྙེད་དཀའ་བར་མ་ཟད། ཙེང་ལྡེང་བྲ་གུ་ཞེས་པར་འགྲེལ་བཤད་དམ་མཆན་བུ་བཏབ་པ་ཤིན་ཏུ་ཉུང་ཞིང་གསལ་ཁ་མེད་པས། དེ་ལ་དཔྱད་གཞིའི་སྐྱ་ཐིག་ཕྲ་མོ་ཞིག་འདེབས་རིགས་པར་སྙམ་པའོ།།
གཅིག སྔར་གྱི་མགུར་གླུའི་མཆན་འགྲེལ་དག་ལས་རྙེད་པའི་ཙེང་ལྡེང་བྲ་གུ།
ཁོ་བོའི་ལག་ཏུ་སོན་པའི་ཏུན་ཧོང་ཡིག་རྙིང་གི་འགྲེལ་བ་ཅུང་སྔ་ཤོས་ཤིག་ནི། དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྱུར་ཅིང་བཀྲལ་བ་སྟེ། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ ཞེས་པ་ལས། ཙེང་ལྡེང་ནྀ་བྲ་གུ་དང། ཡར་ལྷ་ནྀ་ཤམ་པོ་གཉིས། ཞེས་པར་དམིགས་བསལ་མཆན་འགྲེལ་ཅང་མེད་ཀྱང་། མགུར་ཚིག་གི་འགྱུར་ཡིག་ཏུ། “曾登扎古”山,与雅拉香波大山二者,ཞེས་སུ་བསྒྱུར་བར་གཞིགས་ན། ཙེང་ལྡེང་བྲ་གུ་རི་ཞེས་རི་ཞིག་ཡིན་པ་ཙམ་ལས་བྱེ་བྲག་གི་ཁྱད་ཆོས་ཅི་ཡང་མངོན་མེད། རི་བོ་ཡིན་པའི་ཤེས་བྱེད་ནི་ཙེང་ལྡེ་བྲ་གུའི་བསྡུར་གཞི་ནི་ཡར་ལྷ་ཤམ་པོའི་རི་ཡིན་པས་ཤེས་སླ་སྟེ། མགུར་ཚིག་འདིའི་གོང་འོག་ཚང་མར་རི་དང་མཚོ། ལུང་བ་སོགས་ཕན་ཚུན་བསྡུར་ཏེ་བཀོད་པས་ཀྱང་ཡིན། གཞན་གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས་པའི་བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས། ཞེས་པར་འདུས་སྲོང་གི་མགུར་ཚིག་ཡོངས་སུ་དྲངས་ཏེ་མཆན་གང་འཚམ་བཏབ་འདུག་ཀྱང་། ཙེང་ལྡེང་ནྀ་བྲ་གུ་དང། ཞེས་པར་གསལ་བཤད་དམ་མཆན་བུ་སོགས་གང་ཡང་མི་འདུག ཕྱིས་སུ་ཁོང་གིས་བརྡ་རྙིང་གི་གཞུང་འདི་ཅུང་རྒྱས་པར་བགྱིས་ཏེ། ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་།(བསྡུས་མིང་།) ཞེས་པར་སྐབས་འདིའི་ཐད་དུ་ཁ་སྣོན་གང་ཡང་བྱས་མི་འདུག དེ་བཞིན་གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས་པའི། བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ། ཅེས་པར་ཡང། ཙེང་ལྡེང་ནྀ་བྲ་གུ་དང་། ཞེས་པར་ཚིག་འགྲེལ་དང་གསལ་བཤད་གང་ཡང་བཀོད་མི་འདུག དཔར་ཐེངས་ཕྱི་མར་ཡང་སྐབས་འདིར་སོར་འཇོག་བྱས། ད་དུང་ཁོང་གིས། གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ། ཞེས་པ་ནི་སྔར་ལས་རྒྱས་པའི་བམ་པོ་སྟོད་སྨད་གཉིས་སུ་གྲུབ་ཀྱང་། སྐབས་འདིའི་ཚིག་རྐང་ལ་འགྲེལ་བཤད་ཁ་སྣོན་བྱས་མི་འདུག དེ་མིན་ཆབ་འགག་རྟ་མགྲིན་གྱིས་རྩོམ་སྒྲིག་བྱས་པའི། བོད་བཙན་པོའི་དུས་ཀྱི་རྩོམ་ཡིག ཅེས་པར་ཡང་། ཚིག་རྐང་འདི་དྲངས་འདུག་ཀྱང་། སྤྱིའི་རྒྱབ་ལྗོངས་དང་སྒྱུ་རྩལ་ཁྱད་ཆོས་རགས་བསྡུས་ཙམ་ལས་བྱེ་བྲག་གི་འབྲུ་དོན་རེ་རེ་ནི་བཀྲལ་མེད་པས། སྐབས་འདིའི་རྩོམ་སྒྲིག་པའི་དགོངས་དོན་ཞིབ་ཏུ་རྟོགས་ཐབས་བྲལ། ཡང་ཕྱིས་ཀྱི་ཁོང་གི་བརྩམས་ཆོས་ཏེ། བོད་ཀྱི་རྩོམ་རིག་ལོ་རྒྱུས། ཞེས་པར་ཡང་། གོང་བཞིན་དུ་བཀོད་པ་ལས་ཚིག་རྐང་འདི་ལ་ཁུངས་སྣེ་གསར་བ་གང་ཡང་བསྟན་མི་འདུག ཡང་། གོང་བ་ཀླུ་འབུམ་རྒྱལ་གྱིས་བརྩམས་པའི། སྤུ་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་སློབ་གསར་སྟོང་གི་འཇུག་སྒོ། ཞེས་པར། འདུས་སྲོང་གི་མགུར་ཚིག་དེ་ཆ་ཚང་དྲངས་འདུག་ཀྱང་སྐབས་འདིར་དམིགས་བསལ་གསལ་བཤད་སོགས་མི་འདུག དེ་མིན། ལྷག་པ་ཆོས་འཕེལ་གྱིས་བརྩམས་པའི། བོད་ཀྱི་རྩོམ་རིག་ལོ་རྒྱུས། ཞེས་པར་འདུས་སྲོང་གི་མགུར་འདི་གཅོད་གཏུབ་རེ་ཟུང་བྱས་ཏེ་དྲངས་པས། སྐབས་འདིའི་ཚིག་རྐང་བཀོད་མེད་པས་དཔྱད་ཐབས་བྲལ། གཞན་ཡང་། འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་སྒྲིག་རྩོམ་མཛད་པའི། བོད་བཙན་པོའི་རྒྱལ་རབས་ཞེས་པ་ལས། བར་བཅུག་གི་མཆན་དུ་མགར་བུ་དང་སྤུ་རྒྱལ་ཞེས་སྟབས་བདེ་ཙམ་དུ་བཀོད། ཙེང་ལྡེང་དང་ཡར་ལྷ་ཤམ་པོ་གཉིས་ནི་མགར་བུ་དང་སྤུ་རྒྱལ་མཚོན་བཞིན་པའི་ཟུར་བརྡ་ལས་འགྲེལ་བཤད་གཞན་མི་འདུག བཀྲ་བྷས་བརྩམས་པའི། ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ། ཞེས་པ་ནི་འདུས་སྲོང་གི་མགུར་འདི་ཁོ་ནར་དཔྱད་དེ་གླེགས་བམ་དུ་གྲུབ་པ་ཞིག་ཡིན་པས། སྤྱིའི་ཆ་ནས་གཞན་ལས་རྒྱས་ཙམ་དུ་འདུག་ནའང་། ཙེང་ལྡེང་ནི་བྲ་གུ་དང་། ཞེས་པ་འགྲེལ་ཚུལ་ནི། སྐབས་འདིའི་ཙེང་ལྡེང་བྲ་གུ་ནི་རི་ཞིག་གི་མིང་སྟེ་མགར་ཁྱིམ་རྒྱུད་ཀྱི་བླ་རི་ཡིན་པ་འདྲ། ཞེས་མགར་ཚང་གི་བླ་རི་ཡིན་པར་འདྲ་བ་ཙམ་ལས་བྱེ་བྲག་གི་གནས་དང་ཁྱད་ཆོས་སོགས་ཞིབ་ཕྲ་མི་འདུག དེ་ལྟ་བུར་བཀྲལ་སྟངས་ནི་ཉེ་ལམ་བཏོན་པའི། ཚིག་མཛོད།(བཙན་པོའི་དུས་ཀྱི་ཡིག་རྙིང་སྐོར)ལས། ཙེང་ལྡེང་ནྀ་བྲ་གུ། མགར་གྱི་ཁྱིམ་རྒྱུད་ཀྱིས་བསྟེན་པའི་ཡུལ་ལྷའི་མིང་། ཞེས་པ་དང་དོན་ཉེ་བར་མཆིས། ད་དུང་གཞན་ནི། རིག་འཛིན་གྱིས་བརྩམས་པའི། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་དུས་ཀྱི་མགུར་གླུའི་ཞིབ་འཇུག ཅེས་པར་འདུས་སྲོང་གི་མགུར་ཚིག་འདི་ཉིད་གོ་བདེར་ཕབ་པ་ལས། རི་ཆུང་ཆུང་ཙེང་ལྡིང་བྲག་དཀར་དང་།། རི་ལྷུན་པོ་ཡར་ལྷ་ཤམ་པོ་གཉིས།། ཞེས་སུ་བཀོད། འདི་ལས་ཙེང་ལྡེང་བྲ་གུ་ཞེས་པ་ནི་རི་ཆུང་ཆུང་ཞེས་སུ་བཀོད་ཅིང་། དེ་བཞིན་ཡི་གེ་ཕྱི་མོར་འགྱུར་བ་ཅུང་བཏང་སྟེ་ཙེང་ལྡེང་ལ་ཙེང་ལྡིང་དུ་བཅོས་ཏེ། བྲ་གུ་ནི་བྲག་དཀར་དུ་བྱས་པ་ལས་དཀར་ནི་སྐབས་འདིར་རྒྱན་ཚིག་སྣོན་མར་བཏབ་པ་ཡིན་ངེས་ཏེ། སྒྱུ་རྩལ་ཁྱད་ཆོས་བརྗོད་སྐབས་སུ། བླ་རི་ཙེང་ལྡིང་བྲག་གུ་དང་ཡར་ལྷ་ཤམ་པོ་གཉིས། ཞེས་པས་ཤེས་ཐུབ། ཁོང་གིས་བྲ་གུ་ལ་བྲག་ཅེས་པའི་དོན་དུ་ངོས་བཟུང་བ་ནི་གཞན་ལས་ཅུང་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཏུ་བསམ་ཆོག མདོར་ན་གོང་གི་འགྲེལ་བཤད་དག་ལས་ཙེང་ལྡེང་བྲ་གུ་ནི། རི་དང་རི་ཆུང་ཆུང་དང་། བྲག་དཀར། མགར་གྱི་བླ་རི་ཡིན་ཚུལ་གྱི་ཟུར་ཙམ་ཞིག་ཤེས་ཐུབ་པའོ།།
གཉིས་པ། བཙན་པོའི་ཕྱིས་ཀྱི་ཡིག་ཚང་ལས་ཙེང་ལྡེང་བྲ་གུ་འཚོལ་བ།
ཕྱིས་ཀྱི་ཡིག་ཚང་དག་ཏུ་ཙེང་ལྡེང་བྲ་གུ་ཞེས་པ་འཚོལ་ཞིབ་གང་འཚམ་བྱས་ཀྱང་། ཙེང་ལྡེང་བྲ་གུ་ཞེས་པའི་མིང་བརྡ་ཆ་ཚང་རྙེད་དུ་མ་མཆིས་ཀྱང་། ཙེང་ལྡེང་ཞེས་པའི་ཐ་སྙད་མི་ཉུང་བ་རེ་ལག་ཏུ་སོན་པས། ད་གཟོད་དཔྱད་གཞིའི་སྒོ་མོ་ཅུང་ཟད་འབྱེད་པར་མཐུན་རྐྱེན་འཛོམ་པར་བྱེད། དེ་ནི་དུས་རབས་བཅུ་བཞི་བར་ཤྰཀྱ་རིན་ཆེན་སྡེས་མཛད་པའི། ཡར་ལུང་ཇོ་བོ་ཆོས་འབྱུང་། ཞེས་པར། ཨད་བྱང་ཡེས་ཀྱིས་གནམ་ཙེང་ལྡེང་དང་། གཞུའི་ཀུན་དགའ་ར་བ་ལ་སོགས་སུ་གསུངས་ཤིང་། ཞེས་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་གནམ་ཙེང་ལྡེང་དུ་ཤེར་ཕྱིན་གྱི་བཤད་པ་གནང་ཚུལ་བརྗོད་པས། ད་གཟོད་གནམ་ཙེང་ལྡེང་དང་ཙེང་ལྡེང་བྲ་གུ་གཉིས་བརྡ་དོན་གྱི་གྲུབ་ཚུལ་སོགས་ལ་གཞིགས་ན་འབྲེལ་བ་ངེས་ཅན་ཞིག་ཡོད་པའི་ཁུངས་ཤིག་རྙེད། ལྷག་པར་དུ་ཆོས་འབྱུང་འདི་ནི་ཏུན་ཧོང་ཡིག་རྙིང་དང་མཐུན་ཆ་ཤིན་ཏུ་མང་བའི་ལོ་རྒྱུས་ཡིག་ཚང་ཞིག་ཡིན་པས་ཀྱང་། གནམ་ཙེང་ལྡེང་ཞེས་པའི་ཁུངས་འཚོལ་བའི་སྤྲོ་བ་ཆེས་ཆེར་བྱུང་། དེ་ལྟར་འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི། དེབ་ཐེར་སྔོན་པོ། ཞེས་པ་ལས། བཤད་པའི་རྒྱུན་གྱི་གཙོ་བོ་ཨར་བྱང་ཆུབ་ཡེ་ཤེས་ཀྱི(ཀྱིས)གཟུང་། འདིས་གནམ་རྩེ་ལྡང་ལ་སོགས་པར་སྐུ་ཤིན་དུ(ཏུ)བགྲེས་པར་གྱུར་ཚུན་ཆད་དུ་བཤད་པ་མཛད་ཅིང་། སྐབས་དེ་ཤེད་དུ་ནི་རྒྱལ་ལྷ་ཁང་གི་གདན་ས་ཡང་མཛད། ཅེས་གནམ་རྩེ་ལྡང་ཞེས་པ་བྱུང་ཞིང་། ཨར་བྱང་ཆུབ་ཡེ་ཤེས་ཀྱིས་བཤད་པ་མཛད་ཡུལ་གཙོ་བོ་ཞིག་ནི་གནམ་རྩེ་ལྡང་ནི་གནམ་ཙེང་ལྡེང་ཡིན་པ་ཤེས་ཐུབ། དེས་ན་གཙོ་བོ་བཙན་པོའི་ཕྱིས་སུ་ལོ་རྒྱུས་པའི་མིག་ལམ་ནས་བོར་ཟིན་པའི་མིང་བརྡ་ཞིག་ཨར་བྱང་ཆུབ་ཡེ་ཤེས་དང་འབྲེལ་ཟུར་ངོས་ཅུང་ཟད་རེ་མཐོང་ཐུབ། དེ་དང་མཚུངས་པར། ཆོས་འབྱུང་མཁས་པའི་དགའ་སྟོན་དུའང་། མཁས་མགོ་བཙུན་གྱིས་ཐོན་པ་ཨར་ཞེས་གྲགས་ཤིང་གནམ་ཙེང་ལྡེང་དང་། གཞུ་ཀུན་ར། གནམ་རྫིང་ཁ་ལ་སོགས་པར་བཤད། ཅེས་གནམ་ཙེང་ལྡེང་ཞེས་བཀོད་ཅིང་། གཞུང་འདིར་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པ་ཇི་ལྟར་བསྲུང་བའི་སྐོར་ལ་བུད་མེད་གཅེར་བུ་ཞིག་དང་འཕྲད་ཀྱང་དམ་ཚིག་གཙང་མ་སྲུང་བའི་སྐོར་གྱི་ལོ་རྒྱུས་དུམ་བུ་ཞིག་ཀྱང་བཀོད་འདུག དོན་དུ་ཨར་དང་གནམ་ཙེང་ལྡེང་ཞེས་པའི་བར་གྱི་འབྲེལ་ཇི་འདྲ་ཡིན་ནམ་ཞེ་ན། ཨར་བྱང་ཆུབ་ཡེ་ཤེས་ཀྱི་གསུང་ཆོས་སྐོར། ཞེས་པ་ལས། ཨར་བྱང་ཆུབ་ཡེ་ཤེས་འདི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་ནས་དུས་རབས་བཅུ་གཉིས་དུས་འགོར་འཚོ་ཞིང་བཞུགས་པའི་མཁས་དབང་ཞིག་པ་ར་སྤྲོད་ཐུབ། ཅེས། ཁོང་གི་འཚོ་བཞུགས་ཀྱི་གནས་ཚུལ་ཞིབ་ཕྲ་མི་གསལ་ལ། གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས།(དེབ་བདུན་པ།) འདམ་གཞུང་རྫོང་། ཞེས་པ་ལས། གནམ་རྩེ་རྡེང་། ཞེས་ངོ་སྤྲོད་བྱས་པའི་མཇུག་ཏུ། ཨར་ཆེན་པོ་བྱང་ཆུབ་ཡེ་ཤེས་ཀྱི་གཙུག་ལག་ཁང་གནམ་རྩེ་ལྡེང་ཞེས་པ་དེ་ཡངས་པ་ཅན་དགོས་པའི་ཤར་ངོས་རི་སྡིང་དུ་ཡོད་ཚུལ་འཁོད་པ། རྡོ་རིལ་གྱིས་བརྩིགས་པའི་མཆོད་རྟེན་དེར་ད་ལྟའང་ཡུལ་མི་ཚོས་རྩེ་ལྡེང་འབུམ་པ་ཞེས་འབོད་ཀྱི་འདུག ཅེས་བཀོད་པར་གཞིགས་ན། ཉེ་ལམ་ཨར་གྱི་གསུང་ཆོས་སྐོར་བསྒྲིགས་པའི་བར་བཅུག་པར་རིས་སུ་མཆོད་རྟེན་ཞིག་འདུག་པར། ཨར་བྱང་ཆུབ་ཡེ་ཤེས་ཀྱི་སྐུ་གདུང་མཆོད་རྟེན། ཞེས་བཀོད་ཡོད། དེས་ན་དེ་ནི་གོང་གི་རྩེ་ལྡེང་འབུམ་པ་དེ་ཡིན་ནམ་སྙམ་པས་དཔྱད། གང་ལྟར་ཙེང་ལྡེང་ནི་ཨར་དང་འབྲེལ་ཏེ་འཚོལ་དགོས་པར་སྙམ།
གཞན་ཡང་། མཁས་གྲུབ་རྗེས་མཛད་པའི་རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས་ལས། ཆོས་རྗེ་རྣམ་པ་གསུམ་ག་གནམ་རྩེད་ལྡེང་དུ་ཨར་ཆེན་པོ་བྱང་ཆུབ་ཡེ་ཤེས་ཀྱི་གཙུག་ལག་ཁང་དུ་ཞལ་མངོན་པར་འཛོམ་ཞིང་། ཞེས་པ་ལས་གནམ་རྩེད་ལྡེང་དུ་ཨར་གྱི་གཙུག་ལག་ཁང་ཞིག་ཡོད་པ་གསལ་བོར་ཤེས་ཐུབ། ཚིག་ཟིན་འདི་ལ་བརྟག་ཚེ་གནམ་རྩེད་ལྡེང་ནི་ཨར་གྱི་གཙུག་ཁང་ཡོད་སའི་གནས་ལ་ངོས་འཛིན་པ་ལྟ་བུར་འདུག་པས། རྩེད་ལྡེང་ངམ་ཙེང་ལྡེང་ལ་དབྱེ་ཞིབ་བྱེད་པར་གོ་བ་སྔར་ལས་བསྐྱེད་ཐུབ་པར་མཆིས། ཕྱིས་སུ་རིམ་གྱིས་བཙན་པོའི་དུས་ཀྱི་ཙེང་ལྡེང་ཞེས་པའི་གནས་ཀྱི་མིང་དེའང་གཙུག་ལག་ཁང་ལ་ཐོགས་ཏེ་ཨར་གྱི་གཙུག་ལག་ཁང་ལ་ཙེང་ལྡེང་ཞེས་སུ་གྲགས་པ་བྱུང་བར་སྣང་། དེས་ན་མགུར་ཚིག་ཁྲོད་ཀྱི་མགར་གྱི་བླ་རི་ཙེང་ལྡེང་བྲ་གུ་ཞེས་པའང་དེར་ཡོད་པའི་ངེས་ཤེས་འབྱུང་འགོ་ཚུགས།
ཨར་གྱི་གཙུག་ལག་ཁང་དེ་རུ་ཡང་ལོ་ཆེན་སྐྱབས་མཆོག་དཔལ་བཟང་དང་རྗེ་བཙུན་རེད་མདའ་པ། རྗེ་ཙོང་ཁ་གསུམ་ཞལ་འཛོམས་ཡོད་དེ། རྣམ་ཐར་དད་པའི་འཇུག་ངོགས་ལས། ཆོས་རྗེ་གསུམ་གས་ཀྱང་། བསྟན་པ་རིན་པོ་ཆེའི་དག་ཐེར་རྣམ་པར་དག་པ་ཞིག་མཛད་པར་དགོངས་ཤིང་། དེ་ཡང་ཇི་སྲིད་དུ་རྒྱལ་བའི་ནང་མཛོད་འདུལ་བ་རྫོགས་པར་ཡོད་པ་དེ་སྲིད་དུ་སངས་རྒྱས་ཀྱི་བསྟན་པ་ཡོད། ཅེས་བསྟན་པ་དག་ཐེར་བྱེད་པའི་དགོངས་གཞི་རྒྱ་ཆེར་འཁྲུངས་ཏེ་འདུལ་བའི་བསླབ་བྱ་ལྗགས་ཁྲིད་གནངས་ཡོད། རྗེ་ཙོང་ཁ་པས་གཙུག་ལག་ཁང་འདི་ལས་བསྟན་པ་དག་ཐེར་བྱེད་པའང་མཁས་ཤིང་བཙུན་པའི་དཔེ་ནི་ཨར་འཇོག་པ་ལྟ་བུ་བྱུང་བས། རྟེན་འབྲེལ་གྱི་གནད་ཅིག་ལའང་དགོངས་ཡོད་ངེས། ཡང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན(༡༧༡༣ནས༡༧༩༣ལོ)གྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྒྱལ་ཚབ་རིན་པོ་ཆེའི་རྣམ་ཐར་སྐབས་སུ། རྗེ་རིན་པོ་ཆེས་གནམ་ཙེང་ལྟེང་དུ་འདུལ་བའི་བསླབ་བྱ་རྒྱས་པར་གསུངས་པའི་ཚེ་གང་གསུངས་ཐམས་ཅད་ཐུགས་སུ་ཆུད་དེ། དེ་མ་ཐག་ཟིན་བྲིས་སུ་བཏབ་པ་བསླབ་བྱ་གནམ་ཙེང་ལྟེང་མར་ཡོངས་སུ་གྲགས་པ་དང་། ཞེས་པས་གསུངས་པས། གནམ་ཙེང་ལྟེང་ཞེས་ཡི་གེ་འབྲི་ཚུལ་ལ་ལྡེང་ལ་ལྟེང་དུ་བྲིས་པ་ལས། དོན་དུ་གནམ་ཙེང་ལྡེང་དུ་རྗེ་ཙོང་ཁ་པས་གསུངས་པའི་འདུལ་བའི་བསླབ་བྱ་རྒྱལ་ཚབ་རྗེས་ཟིན་བྲིས་སུ་བཏབ་པ་དེ་ཡང་གདན་ས་འདི་ནས་བྱུང་ཞིང་། བསླབ་བྱའི་མཚན་བྱང་ལའང་གསུང་སའི་གནས་མིང་ཐོགས་ཏེ་གནམ་རྩེད་ལྡེང་མའམ་གནམ་རྩེད་ལྡིང་མར་གྲགས་པ་དེ་ཡིན། ཡང་རྗེ་རིན་པོ་ཆེས་ལོ་ཆེན་སྐྱབས་མཆོག་དཔལ་བཟང་ལ་གསོལ་འདེབས་ཤོ་ལོ་ཀ་གཉིས་མཛད་པའི་སྦྱར་བྱང་ལས། ཞེས་པ་ནི་དེ་ཉིད་ཀྱི་སློབ་མ་འགའ་ཞིག་གིས་བསྐུལ་བའི་ངོར་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གནམ་རྩེད་ལྡིང་དུ་སྦྱར་བའོ།། ཞེས་ཙེང་ལྡེང་ལ་རྩེད་ལྡིང་དུ་བྲིས་ཡོད་ཀྱང་དོན་དུ་ཡི་གེ་ཅུང་ཟད་འགྱུར་བ་ཙམ་དོན་གྱི་འབབ་ས་གཅིག་ཡིན། གང་ལྟར་རྗེ་ཙོང་ཁ་པས་གནམ་ཙེང་ལྡེང་ནས་འཆད་རྩོད་རྩོམ་གསུམ་གྱི་མཁས་པའི་མཛད་པ་རྒྱ་ཆེར་གནངས་ཡོད་ཚོད་དུ་འདུག དེས་ན་གནམ་རྩེད་ལྡིང་ངམ་གནམ་ཙེང་ལྡེང་ཞེས་པ་ཡུལ་གང་དུ་ཡོད་པར་ངོས་འཛིན་པ་ལ། བྲག་གཡབ་བློ་བཟང་བསྟན་པས་མཛད་པའི་རྒྱལ་ཚབ་རྗེའི་རྣམ་ཐར་ཡོན་ཏན་ཆུ་གཏེར་ཞེས་པར། དེ་བཞིན་དུ་ཆུ་ཕོ་རྟ་ཡི་ལོར(༡༤༠༢ལོ)སྟོད་ལུང་ཕུ་གནམ་རྩེད་སྟེང(གནམ་ཙེང་ལྡེང)དུ། ཞེས་གནམ་རྩེད་སྟེང་ངམ་གནམ་ཙེང་ལྡེེང་ནི་སྟོད་ལུང་ཕུ་རུ་ཡོད་པར་གསུངས་པས། ཡུལ་དུས་སོགས་ཀྱི་དབང་གིས་ཙེང་ལྡེང་ལ་འབྲི་ཚུལ་དུ་མ་བྱུང་བ་ལས། དོན་དུ་གནས་གཅིག་གམ་གནས་དེར་ཡོད་པའི་གཙུག་ལག་ཁང་ལ་ཙེང་ལྡེང་དུ་ཐོགས་ཤིང་། དེ་ཡང་སྟོད་ལུང་ཕུ་ན་ཡོད་པའི་ཨར་གྱི་གཙུག་ལག་ཁང་ཡིན་པར་གཏན་འཁེལ་ཆོག་པར་སྙམ་པའོ།།
གསུམ་པ། སྟོད་ལུང་ཞེས་པ་ཡུལ་གང་དུ་ངོས་འཛིན་པར་བཤད་པ།
སྤྱིར་ན་ས་གནས་དང་རུ་སྡེ་སོགས་ཀྱི་དབྱེ་མཚམས་ཀྱང་ཆབ་སྲིད་སོགས་ཀྱི་དབང་གིས་དུས་རིམ་རེ་རེར་འགྱུར་བ་སྣ་མང་བྱུང་ཡོད་ནའང་། སྟོད་ལུང་ཞེས་པའང་བཙན་པོའི་དུས་ཀྱི་ལྟོས་བཅས་ཀྱི་ས་མིང་ཞིག་སྟེ། སྔར་དབུ་རུ་ནས་ལྟོས་བཅས་སུ་སྟོད་རྒྱུད་དུ་ཡོད་པས་སྟོད་ལུང་དུ་གྲགས་པར་སྣང་། སྟོད་ལུང་ནི་ལོ་རྒྱུས་རིང་བའི་ས་གནས་ཤིན་ཏུ་གལ་ཆེན་ཞིག་སྟེ། ཉེ་ལམ་སྟོད་ལུང་ཕྱོགས་ནས་མི་ལོ་འབུམ་ཕྲག་གཉིས༢༠༠༠༠༠ཡས་མས་མི་འཚོ་སྡོད་བྱས་པའི་རྗེས་ཤུལ་ལག་རིས་དང་རྐང་རྗེས་སོགས་གནའ་ཤུལ་རིག་པ་པས་རྙེད་ཡོད་ལ། སྤྱི་ལོ༢༠༠༣ མམ་༢༠༠༤ ཙམ་ལ་སྟོད་ལུང་དགའ་གྲོང(མགར)གྲོང་ཚོ་ནས་ལོ་ངོ༣༧༠༠ ཡས་མས་ཀྱི་ལྕགས་རིགས་སྦྱངས་འདུལ་བྱས་པའི་ལྕགས་རིགས་བཞུ་སྦྱངས་ཀྱི་ལྷག་འཕྲོ་དང་ལྕགས་རིགས་ཡོ་བྱད་མང་དུ་རྙེད་ཡོད། སྟོད་ལུང་ནི་ལོ་རྒྱུས་ཁྲོད་དུ་ཆབ་སྲིད་དང་ཆོས་ལུགས། རིག་གནས་ཀྱི་འདུ་འགོད་ལྟེ་གནས་ཤིག་ཏུ་གྱུར་ཏེ། མཛད་རྗེས་ཆེ་བའི་མི་སྣ་མགར་སྟོང་བཙན་དང་མོང་བཟའ་ཁྲི་ལྕམ། འབྲོམ་སྟོན་པ་སོགས་མང་དུ་བྱུང་བས་ཀྱང་། སྟོད་ལུང་ཞེས་པ་ནི་ལོ་རྒྱུས་སུ་ས་གནས་གལ་ཆེན་ཞིག་ཏུ་གྱུར་བར། སྔར་བཙན་པོའི་དུས་སུའང་། ཏུན་ཧོང་ཡིག་རྙིང་གི་རྒྱལ་ཕྲན་སིལ་མའི་སྐོར་ལས།(PT1060) ཡུལ་སྟོད་རོ་ལུང་གསུམ། ། སྟོད་ལྷ་འི་ཟེཟེ་རྗེ་སྟོད་རྗེ་འབྲོང་ལོམ།། རྟ་སྣར་འབྲང་དང་བརྒྱ་སྟོང་རེ་ཐམ་འབའ། ཞེས་པའི་རྒྱལ་ཕྲན་སིལ་མའི་དུས་ཀྱི་སྟོད་རོ་ལུང་གསུམ་ནི་ད་ལྟའི་སྟོད་ལུང་གི་ཕྱོགས་སུ་ངོས་འཛིན་པར་བྱེད་པས། དེ་ལྟར་སྟོད་ལུང་ནི་གནའ་དུས་རྒྱལ་ཕྲན་ཞིག་ཏུ་བརྩི་སྲོལ་ཡོད་པར་མ་ཟད། ལྡེའུ་ཆོས་འབྱུང་ལས། དབུ་རུའི་ཡུལ་དཔོན་ཚན་བཅུ་དྲུག་ལ། སྟོད་ལུང་ལ་ཡུལ་དཔོན་གཅིག ཅེས་གསུངས་པས། ཕྱིས་སུ་བཙན་པོའི་དུས་སུའང་རུ་སྡེའི་དཔོན་ཚན་བགོ་དུས་ཀྱང་སྟོད་ལུང་ནི་དབུ་རུར་གཏོགས་པའི་དཔོན་ཚན་བཅུ་དྲུག་གི་ནང་གསེས་ཀྱི་གཅིག་ཏུ་བགྲང་བས་ཀྱང་། སྟོད་ལུང་ནི་རང་ག་བའི་ཡུལ་ལུང་ཞིག་མིན་པ་ཤེས་ཐུབ། དེ་བཞིན་དུ་མངའ་བདག་ཁྲི་རལ་གྱི་དུས་སུ་བཙུགས་པའི་རྡོ་རིང་ལས། ༅།། ཞང་ཚེས་པོང་སྟག་བཟང་ཉ་སྟོས་སྟོད་ཀྱི་ལྕང་བུར་། གཙུག་ལག་ཁང་བརྩྀགས་པའི་ལོ་རྒྱུས། རྡོ་རིངས་ལ་བྲྀ་བར། ཞེས་བཙན་པོའི་དུས་སུ་སྟོད་ལུང་གི་ལྕང་བུར་གཙུག་ལག་ཁང་བརྩིགས་པའི་ལོ་རྒྱུས་དཔང་རྟགས་ད་ལྟའང་མ་ཉམས་པར(རྡོ་རིང་ལ་ཆག་གྲུམ་ཤོར་ཡོད)ཡོད་པ་བཞིན། ལྡེའུ་ཆོས་འབྱུང་ལས། ཚེ་སྤོང་སྟག་བཟས་སྟོད་ལུང་ལྷན་གྱི་ལྷ་ཁང་དང་སྣ་རྩེ་གཉིས་བཞེངས། ཞེས་གསུངས་པར་གཞིགས་ན། ད་ལྟའི་སྟོད་ལུང་མཚུར་ཕུའི་རྡོ་རིང་འདི་ཉིད་ཕྱིས་སུ་མཚུར་ཕུ་གདན་སར་དབོར་བ་ལས། སྔར་བཙན་པོའི་དུས་སུ་སྟོད་ཀྱི་ལྕང་བུར་བརྩིགས་པའིི་གཙུག་ལག་ཁང་སྟེ། དེ་ནི་ཕལ་ཆེར་སྟོད་ལུང་ལྷན་གྱི་ལྷ་ཁང་ཡིན་ཡང་སྲིད་པས། གང་ལྟར་སྟོད་ལུང་ནི་སྔར་ཆབ་སྲིད་ཙམ་དུ་མ་ཟད་ཆོས་ཀྱི་འདུ་འགོད་ཆེས་ཆེར་འཁྲིགས་པའི་ཡུལ་ལུང་ཞིག་ཡིན་ངེས་ཏེ། ཡང་ལྡེའུ་ཆོས་འབྱུང་ལས། ཅོག་རོ་སྐྱེས་བཟང་རྒྱལ་འགོང་གིས་རྨེ་བྱས་པའི་སྡིག་སྦྱོང་དུ། མཁར་སྟོད་གནམ་རུའི་ལྷ་ཁང་བཞེངས། ཁྱུང་པོ་སྤུ་སྟངས་རིང་པོས་ཧོར་གྱི་དམག་དཔོན་བྱས་པའི་སྡིག་སྦྱོང་དུ། སྟོད་ལུང་ལུམ་པའི་ལྷ་ཁང་བཞེངས། རྒྱ་རོ་ལུང་གཟིགས་ཀྱིས་དམག་དཔོན་བྱས་པའི་སྡིག་སྦྱོང་དུ། སྟོད་ལུང་མོང་ཏྲའི་ལྷ་ཁང་བཞེངས། ཞེས་བཙན་པོའི་དུས་སུ་སྟོད་ལུང་ལྷ་ཁང་དུ་མ་བཞེངས་པའི་གནས་ཚུལ་ལས་ཀྱང་དཔག་ཐུབ། དེ་མིན་བཙན་པོའི་དུས་ཀྱི་ཡིག་ཚང་དུ་སྟོད་ལུང་ཞེས་པ་ཡང་ཡང་གསལ་ཏེ། ཏུན་ཧོང་ཡིག་རྙིང་ལས། མོང་པུ་སྲལ་འཛོང་དུའ་བསྡུསྟེ། ཞེས་དང་། ཡང་། མོང་ཀར་ནས་ཆབ་སྲྀད་ལ་་། ཞེས་པ། སྟོད་ཀྱི་མོང་ན་བཞུགས་ཤིང་། ཞེས་དང་། སྟོད་གྱྀ་མོང་དུ་བློན་པོ་སྣང་བཞེར་་། ཞེས་སོགས་ཀྱང་མོང་ནི་སྟོད་ལུང་གི་ལེ་ལག་རེ་རེ་ཡིན་པར་མ་ཟད། དབའ་བཞེད་དུ། སྟོད་ལུང་སྤ་རལ་ན་མར་བྱོན་་། ཞེས་པ་སོགས་ཀྱང་དེ་མཚུངས་སུ་སྟོད་ལུང་ལ་གོ་ཆོག གང་ལྟར་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་སྟོད་ལུང་གི་ས་ཁོངས་ཀྱང་རྐྱོང་སྐུམ་དུ་མ་བྱུང་། དུས་རབས་བཅུ་གསུམ་པའི་དུས་ནས་རིམ་གྱིས་ཁྲི་སྐོར་བྱུང་སྐབས་ཚལ་བ་ཁྲི་དཔོན་གྱི་ཁོངས་སུ་གཏོགས་པར་བཤད་ལ། དེ་རྗེས་ཕག་གྲུ་དང་གཙང་བ། དགའ་ལྡན་ཕོ་བྲང་སོགས་ཀྱི་སྐབས་སུ་སྟོད་ལུང་གི་ཕྱོགས་ཀྱི་མཐའ་མཚམས་འགྱུར་བ་མི་ཉུང་བ་རེ་ཐེབས། གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས།(དེབ་གསུམ་པ) སྟོད་ལུང་བདེ་ཆེན་རྫོང་། ཞེས་པར། ད་ལྟའི་སྟོད་ལུང་བདེ་ཆེན་རྫོང་གི་ཁྱབ་ཁོངས་སུ་དེ་སྔའི་བོད་ས་གནས་སྲིད་གཞུང(བོད་གཞུང)གི་སྟོད་ལུང་ཚལ་བདེ་གཞིས་སྡོད་དང་། གདོང་དཀར་རྫོང་སྡོད། སྣེ་གཞིས་སྡོད་བཅས་རྫོང་གཞིས་གསུམ་འདུས། ཞེས་སྔར་གྱིས་རྫོང་གཞིས་གསུམ་གྱི་ས་ཁོངས་སུ་ད་ལྟའི་སྟོད་ལུང་དུ་འབོད་ཅིང་། དེ་ལྟ་ན་གནམ་ཙེང་ལྡེང་ནི་སྟོད་ལུང་ཕུ་ན་ཡོད་པར་གྲགས་པས། ད་ལྟའི་ས་གནས་ཀྱི་དབང་དུ་བྱེད་ཚེ། སྟོད་ལུང་གི་ཤར་ལྷུན་གྲུབ་རྫོང་ཟེར་བ་དང་། ལྷོ་ཆུ་ཤུར་དང་སྙེ་མོ་རྫོང་། ནུབ་རྣམ་གླིང་རྫོང་། བྱང་འདམ་གཞུང་དུ་ཁེལ་བས། ལྷ་སའི་ནུབ་ངོས་སུ་འདབས་འབྲེལ་དུ་ཡོད། དེས་ན་སྔར་གྱི་སྟོད་ལུང་ཕུ་ནི་གནམ་གཞུང་ངམ་ཡངས་པ་ཅན་དུ་ཁེལ་བས། ས་གནས་དེ་ནི་ད་ལྟའི་འདམ་གཞུང་རྫོང་ཟེར་བའི་ལྷོ་རྒྱུད་ཀྱི་ཁོངས་སུ་གཏོགས་པའོ།།
བཞི་བ། ཙེང་ལྡེང་བྲ་གུ་ཞེས་པའི་མིང་བརྡ་དང་ཙེང་ལྡེང་གི་གནས་ཡུལ་ངོས་འཛིན་པ།
ཏུན་ཧོང་ཡིག་རྙིང་ལས། ཙེང་ལྡེང་ནྀ་བྲ་གུ་དང། ཡར་ལྷ་ནྀ་ཤམ་པོ་གཉིས། གང་ཆེ་ནྀ་གང་ཆུང་བ་།། འགྲེང་བརྒྱའ་ནྀ་ཀུན་ཀྱང་འཚལ།། ཞེས་ཙེང་ལྡེང་ནྀ་བྲ་གུ་ཞེས་པ་གསལ་བས། སྐབས་འདིར་ནི་སྒྲ་བརྣན་པ་ཙམ་ལས་དོན་དུ་ཙེང་ལྡེང་བྲ་གུ་ཞེས་སུ་གོ་ཆོག་པའང་གོང་བཞིན་ནོ།། དེས་ན་ཙེང་ལྡེང་བྲ་གུ་ཞེས་མིང་བརྡ་ཆ་ཚང་ཞིག་ཕྱིས་ཀྱི་ཡིག་ཚང་དུའང་མི་གསལ་ཡང་། གོང་དུ་བརྗོད་པ་བཞིན་ཙེང་ལྡེང་ཞེས་པ་ཨར་བྱང་ཆུབ་ཡེ་ཤེས་ཀྱི་གཙུག་ལག་ཁང་དང་འབྲེལ་ཏེ་རྒྱུ་ཆ་གང་འཚམ་ཞིག་བྱུང་མོད། དེ་ཡང་མིང་བརྡའི་དག་ཆ་ཁྱད་པར་ཅུང་ཟད་བྱུང་ཡོད་དེ། ཡར་ལུང་ཇོ་བོའི་ཆོས་འབྱུང་ལས། གནམ་ཙེང་ལྡེང་། ཞེས་པས་ཆོས་འབྱུང་འདི་ནི་བཙན་པོའི་དུས་ཀྱི་ཡིག་ཚང་དང་མཐུན་ཆ་ཆེས་མང་ཚུལ་བཤད་ཟིན། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ཀྱང་། གནམ་ཙེང་ལྡེང་། ཞེས་གནམ་སྦྱར་བ་ཙམ་ལས་ཙེང་ལྡེང་ནི་ཡིག་རྙིང་འབྲི་ཚུལ་ཡིག་རྙིང་དང་ཡར་ལུང་ཇོ་བོའི་ཆོས་འབྱུང་སོགས་གཅིག་མཚུངས་སུ་ཡོད། དཔའ་བོ་གཙུག་ལག་ཕྲེང་བས་ཁོང་གི་ཆོས་འབྱུང་དུ་ཡར་ལུང་ཇོ་བོའི་རྒྱལ་རབས་ཞེས་ཡང་ཡང་བཀོད་པས། ཐ་སྙད་འདིའི་ཁུངས་ཀྱང་ཡར་ལུང་ཇོ་བོའི་ཆོས་འབྱུང་ལ་གཏུགས་ཏེ་ཐ་སྙད་གཅིག་མཐུན་བྱུང་བའི་གནད་ཀའང་དེ་ལ་ཐུག་པར་སེམས། དེབ་སྔོན་དུ། གནམ་རྩེ་ལྡང་ཞེས་སུ་བྲིས་འདུག་པས། ཙེང་ལྡེང་ནས་རྩེ་ལྡང་དུ་འགྱུར་བས་སྐབས་དེར་ཙེང་ལྡེང་གི་ས་གནས་ཀྱི་མིང་བརྡ་དེ་སྐད་བརྡའི་འགྱུར་རིམ་ཁྲོད་དུ་སྔར་གྱི་གདངས་ཅུང་ཟད་ཉམས་པ་ཡིན་ནམ་སྙམ་ཡང་། རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས་ལས། གནམ་རྩེད་ལྡེང་ཞེས་པས། དེབ་དམར་ལས། གནམ་རྩེད་ལྡེང་ཞེས་གོང་མཚུངས་སུ་བཀོད་པས། ཙེང་ལ་རྩེད་དུ་བྲིས་པ་ནི་ཕལ་ཆེར་སྔར་གྱི་དབུ་ཅན་ཕར་ཚུར་བཤུ་སྐབས་སུ་ར་མགོ་བྱུང་ཞིང་། རྗེས་འཇུག་ང་དང་ད་ནོར་ཡོད་ཀྱང་སྲིད། དེ་ལ་དཔྱད་གཞི་ཡོད་དེ། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས། གནམ་ཙེང་ལྟེང་དུ་འདུལ་བའི་བསླབ་བྱ། ཞེས་དང་། གནམ་ཙེང་ལྟེང་མར་ཡོངས་སུ་གྲགས། ཞེས་པ་ལས་ལྡེང་ལ་ལྟེང་དུ་བྲིས་པ་ནི་མིང་གཞི་ད་དང་ཏ་བརྗེས་པ་ཙམ་ལས་སྤྱིའི་ཆ་ནས་འདྲ་བས། སྔར་གྱི་ཡིག་ཚང་གི་ཁུངས་མ་འདྲ་བའམ། ཡང་ན། མཁས་པ་དག་གིས་བློ་བཅོས་ཅུང་ཟད་འདྲེས་ཡོད་ངེས། བྲག་གཡབ་བློ་བཟང་བསྟན་པས(༡༦༨༢ནས ༡༧༣༩)མཛད་པའི་རྒྱལ་ཚབ་རྗེའི་རྣམ་ཐར་ཡོན་ཏན་ཆུ་གཏེར་ལས། སྟོད་ལུང་ཕུ་གནམ་རྩེ་སྟེང་དུ། ཞེས་དང་། ཡང་། བསླབ་བྱ་གནམ་རྩེ་ལྡེང་མར་གྲགས། ཞེས་ཐིག་ཕྲེང་ལྔ་དྲུག་ཙམ་གྱི་གོང་འོག་ཏུའང་རྩེ་སྟེང་དང་རྩེ་ལྡེང་ཞེས་འབྲི་ཚུལ་གཉིས་བྱུང་འདུག རྩེ་སྟེང་ཞེས་པ་ནི། གནས་རྙིང་ཀུན་དགའ་དགེ་ལེགས་རིན་ཆེན་རྒྱལ་མཚན(༡༤༤༦ནས༡༤༩༧ འཁྲུངས་འདས་ནི་གནས་རྙིང་གྱེན་ཐོ་ལ་ཁུངས་བྱས།)གྱིས་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། གནམ་རྩེ་སྟེང་ཞེས་དང་འདྲ་བར་མཆིས་ཀྱང་། དེ་དང་འབྲེལ་བ་ཡོད་མེད་བཤད་དཀའ་སྟེ། གནས་རྙིང་པས་ཀྱང་མཚམས་རེར་རྩེ་ལྡེང་ཞེས་ཀྱང་བྲིས་ཡོད་པས། དེ་ལྟ་ན་མཁས་པ་རེ་རེའི་འབྲི་སྲོལ་ཙམ་ལས་ཙེེང་ལྡེང་ས་གནས་ཀྱི་མིང་གི་སྒྲ་གདངས་ཉམས་པ་ཞིག་མིན་པར་སྣང་། ཕྱིས་སུ། སུམ་པའི་ཆོས་འབྱུང་ལས། གནམ་རྩེ་ལྡིང་། ཞེས་སུ་བྲིས་པར་གཞིགས་ན་སྔར་དང་མི་འདྲ་བའི་འབྲི་སྲོལ་འབྲི་སྲོལ་བྱུང་བར་མ་ཟད། གཙང་སྟོད་རྒྱལ་པོའི་རྣམ་ཐར་དང་རྒྱལ་རབས་བཞུགས་སོ། ཞེས་པ་ལས། གནས་རྩེ་ལྟེ། ཞེས་སུ་བྲིས་པས་ཀྱང་སྔར་ལས་མིང་བརྡ་དེར་འགྱུར་བ་ཅུང་ཆེ་ཙམ་བྱུང་བས། སྔར་གྱི་ཙེང་ལྡེང་ཞེས་པའི་མིང་བརྡ་དང་བར་ཐག་ཁད་དུ་ཕྱེ་བས་ད་གཟོད་ཙེང་ལྡེང་ཞེས་པ་ལོ་རྒྱུས་ཁྲོད་དུ་ཙེང་ལྡེང་ཞེས་པ་རབ་རིབ་ཙམ་དུ་གྱུར་བའི་རྒྱུ་རྐྱེན་གཅིག་ཏུ་ངོས་གཟུང་ཆོག་སྙམ། གང་ལྟར་འབྲི་ཚུང་སྣ་མང་བྱུང་ནའང་། དོན་གྱི་འབབ་ས་ནི་བཙན་པོའི་དུས་ཀྱི་རྩ་བའི་མིང་བརྡ་སྟེ། ཙེང་ལྡེང་ཞེས་པ་ལས་བྱུང་བ་ནི་ཡིག་ཚང་དག་གི་སྐབས་བབ་ཀྱི་བརྗོད་གཞི་སོགས་ལ་ཞིབ་ཏུ་བརྟག་ན་ཤེས་སླ་བ་ཞིག་གོ།
དེས་ན་ཕྱིས་ཀྱི་ཡིག་ཚང་དག་ཏུ་གནམ་ཙེང་ལྡེང་ངམ་གནམ་རྩེད་ལྡེང་ཞེས་སོགས་གནམ་ཞེས་པ་སྦྱར་དོན་ཅི་ཡིན་ཞེ་ན། ད་ལྟའི་ཡངས་པ་ཅན་གྱི་གཞུང་ཁོག་དེ་དག་ལ་སྔར་གནམ་མམ་གནམ་གཞུང་ཞེས་སུ་འབོད་སྲོལ་བྱུང་བར་སྣང་སྟེ། བཀའ་ཐང་སྡེ་ལྔ་ལས། དེ་ནས་གནམ་དུ་བྱོན་པས་ཆུ་ཚན་གཟིགས། ། ཞེས་གསུངས་ཤིང་། སྐབས་འདིའི་གནམ་དང་ཆུ་ཚན་གཉིས་ཉེ་བར་གཞིགས་ན། སྟོད་ལུང་གི་ཆུ་ཚན་དེ་ཡིན་ནམ་སྙམ་སྟེ། ལམ་རིམ་བླ་བརྒྱུད་ལས་རྗེ་རིན་པོ་ཆེའི་རྣམ་ཐར་དུ། སྟོད་ལུང་གི་ཆུ་ཚན་ལ་འབྱོན་བཞེད་པ་ལྟར་བྱས། ཞེས་དང་། ཡང་། སྟོད་ལུང་གི་ཆབ་ཚན་ཁར་བྱོན། ཞེས་སྟོད་ལུང་གི་ཆུ་ཚན་ནི་གྲགས་ཆེ་བར་མ་ཟད། སློབ་དཔོན་ཀྱང་ཆུ་ཚན་དུ་ཕེབས་པའི་ལོ་རྒྱུས་གཞན་དུའང་གསལ་བས། དེ་ལྟ་ན་གནམ་གཞུང་གི་ཆ་ཤས་ཤིག་སྟོད་ལུང་ཕུ་ལ་ཁེལ་བའང་ས་བབ་སོགས་ལ་གཞིགས་ན་གུང་འགྲིག་པར་སྙམ། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་མཐོང་བ་དོན་ལྡན་ལས། སྐྱིད་ཤོད་ལ་འབབ་པ་ནི་འབྲིང་། ཐ་མ་ཡང་། གནམ་ལ་བྱས་ནས་སྟོད་ལུང་ནས་སྐྱིད་ཤོད། ཅེས་པ་ལས་གནམ་བྱས་ནས་སྟོད་ལུང་ཞེས་གསུངས་ཡོད་པས། དོན་དུ་སྟོད་ལུང་ཕུ་ནི་གནམ་གཞུང་དུ་ཁེལ་ཡོད་པས། གནམ་དང་སྟོད་ལུང་སྦྲེལ་ཏེ་གསུངས་ཡོད། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་འཁྲུངས་ཡུལ་ཡང་གནམ་ཡིན་ཏེ། ཡར་ལུང་ཇོ་བོའི་ཆོས་འབྱུང་ལས། འཁྲུངས་ཡུལ་གནམ་གྱི་བྱེ་མ་ལུང་པ། གདུང་རུས་འབྲོམ། ཞེས་གནམ་གྱི་བྱེ་མ་ལུང་ཡིན་ཞིང་། ཚལ་བའི་དེབ་དམར་དུའང་དེ་བས་ཅུང་གསལ་ཁ་བྱུང་བ་ནི། སྟོད་ལུང་པ་གནམས་ཀྱི་བྱེ་མ་ལུང་པ། རྟེན་དགེ་བསྙེན་ཏེ། ཞེས་སྟོད་ལུང་པ་གནམས་ཞེས་པས། གནམས་ཀྱི་བྱེ་མ་ལུང་དང་གོང་གི་གནམ་བྱེ་མ་ལུང་དང་གནམ་ལ་ས་ཡང་འཇུག་ཡོད་མེད་ཙམ་ལས་ཁྱད་པར་མེད་པས། དེ་ལྟར་ན་གནམ་བྱེ་མ་ལུང་དང་སྟོད་ལུང་གནམ་གཅིག་ཏུ་སྦྲེལ་ཏེ་གསུངས་ཡོད། ཕྱིས་སུའང་འབྲོམ་སྟོན་པའི་འཁྲུངས་ཡུལ་ནི་སྟོད་ལུང་དུ་ངོས་འཛིན་པའང་ཁུངས་ཀྱང་དེ་དག་ལ་ཐུག་པར་སྣང་། ཡང་། ལེགས་པར་བཤད་པ་བཀའ་གདམས་རིན་པོ་ཆེའི་གསུང་གི་གཅེས་བཏུས་ནོར་བུའི་བང་མཛོད། ཅེས་པ་ལས། བྱང་པ་བཅུ་གཉིས་འབྲོམ་སེང་གེ་ས་ནས་མར་ལ་ནམ་ལ་ཕྱིན་ཙ་ན། ཞེས་ནམ་ཞེས་པ་ཡང་གནམ་གྱི་འབྲི་ཚུལ་ཅུང་འགྱུར་བར་གོ་རུང་སྙམ། དེས་ན་སྟོད་ལུང་གི་ཡུལ་ཕྱོགས་ཀུན་ལ་གནམ་ཞེས་པའི་མིང་བརྡ་འདི་ཉིད་སྦྱར་སྲོལ་མེད་པར་འདོད་དེ། གཙོ་བོ་སྟོད་ལུང་ཕུ་སྟེ་ད་ལྟ་ཡངས་པ་ཅན་དུ་འབོད་པའི་སྟོད་སྨད་གཞུང་ཁོག་ཀུན་ལ་གནམ་དུ་སྦྱར་རུང་བར་ངེས། སྐབས་རེར་གནམ་མཚོ་ཕྱུག་མོ་ཡང་ཐེ་བར་སྣང་ཡང་དཔྱད་འོས་ཏེ། བསྒྲགས་པ་གླིང་གྲགས་ལས། གནམ་གྱི་རི་མདའ། གནམ་མཚོ་དོ་རིང་། སྟོད་ལུང་རལ་གསུམ། ཞེས་པ་དང་། གནས་རྙིང་གྱེན་ཐོ་ལས། གནམ་དོ་ལ་ཡང་བྱོན། ཞེས་དང་། གནམ་དེ། ཞེས་སོགས་གསལ་བ་ལྟ་བུའོ།། གང་ལྟར་གནམ་གཞུང་ནི་ཡངས་ཤིང་རྒྱ་ཆེ་བས་སྟོད་རྒྱུད་ཀྱང་གཙང་སྨད་བར་དུ་ཐུག་པར་འདོད་དེ། དམ་ཅན་བསྟན་སྲུང་གི་རྣམ་ཐར་ལས། དེ་ནས་བྱང་གནམ་ལ་བྱོན་པས། གནམ་སྨན་དཀར་མོས་ཐོག་ཕབ། ཅེས་གསུངས་པ་ནི་གནམ་གཞུང་གི་སྟོད་རྒྱུད་དུ་གོ་དགོས་ཏེ། གངས་དཀར་ཤ་མེད་དམ་ཇོ་མོ་གངས་དཀར་ཏེ་ད་ལྟའི་གཙང་སྨད་རྣམ་གླིང་གི་ཕྱོགས་སུ་གཏོགས་པས་ཀྱང་ཤེས་ཐུབ། དེ་བཞིན་དུ་གནམ་འབྲུག་དགོན་དང་གནམ་འབར་དགོན། གནམ་ལྷ་བརྒྱད་ཀྱི་གངས་རི་སོགས་ཀྱང་ཕྱོགས་འདིར་གཏོགས་པའོ།། མདོར་ན་གནམ་ཙེང་ལྡེང་ཞེས་ཕྱིས་ཀྱི་ཡིག་ཚང་བྱུང་བའང་། སྟོད་ལུང་ཕུ་ནི་གནམ་དང་འདབས་འབྲེལ་དུ་ཡོད་པ་གསལ་བོར་མཆིས། འདི་ལ་ཁ་ཅུང་གསལ་བའི་ཁུངས་ཤིག་ཀྱང་ཡོད་དེ། ཞྭ་དམར་སྐུ་ཕྲེང་བཞི་བས(༡༤༥༣ནས ༡༥༢༤)མཛད་པའི། དཔལ་བདེ་ཆེན་ཡངས་པ་ཅན་གྱི་གནས་ལ་བསྟོད་པ་བཞུགས་སོ།། ཞེས་པ་ལས། བོད་ཡུལ་གངས་ཅན་ལྗོངས་སུ་གྲགས་པ་ལས།། ཁྱད་པར་དབུས་གཙང་རུ་བཞིའི་དབུས་རུ་ཡི།། སའི་ཐིག་ལེ་སྟོད་ལུང་ཞེས་བྱའི་ཕུ།། ཡུལ་ཕྱོགས་ནམ་མཁའི་ཁྱོན་ལྟར་ཡངས་པས་ན།། གནམ་གཞུང་ཞེས་བྱར་ཡོངས་སུ་གྲགས་པ་བྱུང་།། ཞེས་པ་ལས་སྟོད་ལུང་ནི་དབུ་རུར་གཏོགས་པ་དང་། སྟོད་ལུང་ཕུ་ནི་གནམ་གཞུང་ལ་འབྲེལ་བ། གནམ་ཞེས་པའང་ནམ་མཁའ་རྒྱ་ཁྱོན་ཇི་བཞིན་ཡངས་པའི་ཆ་ནས་བཏགས་པ་སོགས་ཀྱི་གནས་ཚུལ་མང་བོ་ཞིག་དཀྱུས་གཅིག་ཏུ་རྙེད་ཐུབ་པའོ།། དེ་ལྟ་ན་གནམ་ཙེང་ལྡེང་ཞེས་པ་སོགས་ལ་གནམ་སྦྱར་བ་ཡང་གནས་ཀྱི་འབྲེལ་བའི་ཆ་ནས་ཐོགས་པའང་ར་འཕྲོད་ཅིང་། དུང་དཀར་ཚིག་མཛོད་ལས། དེ་སྔོན་ལྷ་སའི་ཉེ་འདབས་ཀྱི་སྟོད་ལུང་ཕུར་ཡོད་དོ།། ཞེས་ཨར་གྱི་དགོན་པ་སྟེ་གནམ་ཙེང་ལྡེང་ཡོད་སའི་གནས་དེ་གསལ་བོར་གསུངས་པས། སྟོད་ལུང་དང་གནམ་གཞུང་གི་འབྲེལ་མཚམས་སུ་ཙེང་ལྡེང་ཡོད་པའང་གཏན་འཁེལ་ཆོག་པ་ཞིག་གོ།
དེས་ན་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ཙེང་ལྡེང་བྲ་གུ་དང་གནམ་ཙེང་ལྡེང་གི་བར་གྱི་འབྲེལ་བ་ཇི་འདྲ་ཡིན་ནམ་ཞེ་ན། གནམ་ཙེང་ལྡེང་ནི་རིམ་གྱིས་གནས་མིང་དགོན་མིང་དུ་ཐོགས་པ་ཞིག་སྟེ། སྟོད་ལུང་ཕུའི་གནམ་གཞུང་གི་ཆ་ཤས་ཏེ་ད་ལྟའི་ཡངས་པ་ཅན་དུ་ཡོད་དེ། ཞྭ་དམར་བཞི་པའི་ཡངས་པ་ཅན་གྱི་གནས་སྟོད་ལས། ཀླུ་མེས་བུ་བཞིའི་ནང་ནས་འཕྲིན་ལས་ཅན།། རྡོག་བཙུན་བྱང་ཆུབ་འབྱུང་གནས་ཞེས་པ་དེས།། ཀུན་དགའ་ར་བའི་ཡན་ལག་ལ་དམིགས་ཏེ།། རྩེང་ལྡེང་དགོན་གནས་དང་པོར་བཏབ་ཅེས་གྲགས།། དེ་རྗེས་ད་ལྟ་རྩེང་ལྡེང་གནས་གཞི་འདི།། ཤེས་རབ་ཕ་རོལ་ཕྱིན་གཞུང་སྲོལ་འབྱེད་མཆོག། མཁས་པ་བྱང་ཆུབ་ཡེ་ཤེས་ཞལ་སྔ་ནས།། ཉེ་བར་བསྟེན་ཞིང་གཞུང་ལུགས་མང་པོ་གསུངས།། ཞེས་པ་ལས་ཅུང་མི་འདྲ་བ་ཞིག་ནི། ཙེང་ལྡེང་དགོན་ནི་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་ཐོག་མར་བཏབ་པ་ཞིག་མ་ཡིན་པར། ཁོང་གི་ཡར་སྔོན་དུ་རྡོག(ཁ་ཤས་ཀྱིས་རྔོག་ཀྱང་བཀོད་པས་དཔྱད)བྱང་ཆུབ་འབྱུང་གནས་ཀྱིས་ཐོག་མར་ཆགས་བཏབ་ཅིང་། ཨར་གྱིས་རིམ་པར་བསྐྱེད་ཅིང་ཤེར་ཕྱིན་གྱི་འཆད་ཉན་ལེགས་པར་ཚུགས་པའི་ཟུར་ཞིག་ཀྱང་གསུངས་པས། ཞྭ་དམར་སྐུ་ཕྲེང་བཞི་བ་ནི་ཡངས་པ་ཅན་དགོན་བཀྲ་ཤིས་ཐེག་མཆོག་གླིང(༡༥༠༣ལོ)འདེབས་མཁན་ཡིན་པས་དཔྱད་གཞི་འགངས་ཆེ་བར་སྙམ། གང་ལྟར་ཙེང་ལྡེང་གཙུག་ལག་ཁང་དང་འབྲེལ་ཏེ་བསམ་ན། ཙེང་ལྡེང་ནི་ཡངས་པ་ཅན་གྱི་ཉེ་འཁོར་དུ་ཡོད་པ་ཤིན་ཏུ་གསལ། ཡང་། གྲོང་ཁྱེར་ལོ་རྒྱུས་རིག་གནས།(དེབ་བདུན་པ) འདམ་གཞུང་རྫོང་། ཞེས་པ་ལས། ཡངས་པ་ཅན་དགོན་པའི་ཤར་ངོས་སྡིང་ཁ་ཞིག་ཏུ་ཁང་པའི་རྩིག་ཤུལ་མང་པོ་དང་། རྡོ་རིལ་གྱིས་བརྩིགས་པའི་མཆོད་རྟེན་ཞིག་ཡོད་པ་དེ་ནི་གནམ་རྩེ་ལྡེང་དུ་གྲགས་པ་ཨར་ཆེན་པོ་བྱང་ཆུབ་ཡེ་ཤེས་ཀྱི་གཙུག་ལག་ཁང་། ཞེས་སུ་བཀོད་པ་གཞིགས་ན། ཡངས་པ་ཅན་དགོན་དང་མི་རིང་བའི་ཤར་དུ་ཡོད་པ་ཤེས་པས། ཙེང་ལྡེང་བྲ་གུ་ཞེས་པའི་རི་བོའང་ཕྱོགས་འདིར་ཡོད་ངེས་ཀྱང་། ཡངས་པ་ཅན་གྱི་དགོན་བཏབ་པ་དང་གཙང་པ་སྡེ་སྲིད་ཀྱི་མངའ་ཐང་དར་བ་སོགས་ལས་རིམ་གྱིས་སྔར་གྱི་ཙེང་ལྡེང་ཞེས་པ་བག་ལ་ཞ་བར་གྱུར་ཏེ། ཡངས་པ་ཅན་ཞེས་པའི་དགོན་མིང་ཡང་རིམ་གྱིས་གནས་མིང་ཐོགས་ཤིང་འཇགས་ཏེ། སྔར་གྱི་ཙེང་ལྡེང་ཞེས་པའང་ལོ་རྒྱུས་ངོས་སུ་རབ་རིབ་ཏུ་གྱུར་བས། ད་ལྟ་དགོན་ཤུལ་ཙམ་ལས་རྙེད་དུ་མེད་པའི་ཚད་དུ་གྱུར་བའོ།། གང་ལྟར་དེང་དུས་ཀྱི་ས་ཁྲ་སོགས་ལས་ཡངས་པ་ཅན་དགོན་གྱི་ཉེ་འཁོར་དུ་རི་བརྒྱུད་མཐོན་པོ་ཤིན་ཏུ་མང་ལ། ལྷག་པར་དུ་བྲག་རིའི་དབུ་རྩེ་གངས་ཀྱིས་བཏུམ་པ་རྔམ་བརྗིད་ལྡན་པར་ཕྲེང་དུ་བསྟར་ཡོད་པས། འུ་ཅག་ལ་རང་དབང་མེད་པར་ཙེང་ལྡེང་བྲ་གུའང་འདིར་ཡོད་པ་ཐེ་ཚོམ་མི་འདུག་སྙམ་པའི་གདེང་ཚོད་ཅིག་འབྱུང་། ལྷག་པར་དུ་ཙེང་ལྡེང་བྲ་གུ་ཞེས་པའི་བྲ་གུ་ནི་བྲག་ཏུ་གོ་འོས་པར་མ་ཟད། བྲག་ཆུང་ཆུང་ངམ་བྲག་ཐོ་ཙམ་ལའང་བྲ་གུ་བརྡ་སྦྱར་ཆོག་སྟེ། དེ་ནི་སྟག་ཆུང་ཆུང་ལ་སྟ་གུ་དང་། ཁྱི་ཆུང་ཆུང་ལ་ཁྱི་གུ། སོ་ཕག་ཆུང་ཆུང་ལ་ཕ་གུ་ཞེས་སུ་སྔར་ནས་སྲོལ་བྱུང་བ་བཞིན། བྲག་ཆུང་ཆུང་ལ་བྲ་གུ་ཞེས་སུ་བྱུང་བ་ཡིན་མོད། དོན་དངོས་སུ་ཙེང་ལྡེང་བྲ་གུ་ནི་བྲག་རི་ཆུང་ཆུང་ཞིག་ཡིན་ནམ་ཞེ་ན། དེ་ཡང་ངེས་པ་མེད་དེ། འདུས་སྲོང་གི་མགུར་དུ་བཙན་པོའི་གདུང་རྒྱུད་ལ་བསྟོད་ཅིང་མགར་གྱི་ཁྱིམ་རྒྱུད་ལ་སྨད་པ་བྱས་ཡོད་པས། མགུར་གླུ་འདི་ཡང་འགལ་ཟླ་དང་ཟུར་ཟ་ལས་བྱུང་བ་ཞིག་སྟེ། བྱ་པུ་ལུང་ཆུང་ཞེས་པ་དང་། བྲ་གུལྟ་བུ་སོགས་ཟུར་ཟའི་རྣམ་པ་མང་དུ་བཀོད་ཡོད་པས། བཙན་པོའི་ཕྱོགས་ཀྱི་ཡར་ལྷ་ཤམ་པོ་ནི་མཐོ་ཞིང་བརྗིད་པ་དང་ཙེང་ལྡེང་རི་བོ་ནི་བྲག་སྐྱ་ཐོ་ཆུང་ཆུང་ཙམ་གྱི་སྣང་བརྙན་བསྐྲུན་ཡོད་པས། འདུས་སྲོང་གི་ནང་སེམས་ཀྱི་ཆགས་སྡང་ཤུགས་དྲག་པ་དེ་ཉིད་མགུར་དུ་བླངས་པས་ཡིན་ངེས། མཚུངས་བསྡུར་གྱི་དཔེ་དེ་དག་གི་ཁྲོད་དུའང་མགར་གྱི་ཕྱོགས་ནི་ཤིན་ཏུ་ཉམས་དམའ་བར་བྱས་པ་དེ་བཞིན་ནོ།། དེ་ལྟ་ན་དོན་དུ་ཙེང་ལྡེང་གི་རི་བོ་ནི་ཙེང་ལྡེང་གཙུག་ལག་ཁང་གི་ཉེ་འཁོར་གྱི་བྲག་རི་གངས་ཀྱིས་བཏུམ་ལ། མཐོ་ཞིང་རྔམ་བརྗིད་ལྡན་པའི་མགར་གྱི་བླ་རི་ཞིག་ཡིན་པ་བསྙོན་དུ་མེད་པའོ།།
དེས་ན་མགུར་ཚིག་ཁྲོད་ཀྱི་ཙེང་ལྡེང་བྲ་གུ་ནི་སྟོད་ལུང་ཕུའི་གནམ་ཙེང་ལྡེང་གཙུག་ལག་ཁང་གི་ཉེ་འཁོར་གྱི་རི་བོ་རྔམ་བརྗིད་ལྡན་པ་དག་གི་ཁྲོད་དུ་ཡོད་པ་ཐེ་ཚོམ་མེད་དེ། བཙན་པོའི་བློན་ཆེན་མགར་གྱི་ཁྱིམ་རྒྱུད་སྟོད་ལུང་དུ་བྱུང་བ་དང་། འདུས་སྲོང་གི་མགུར་ཚིག་ཁྲོད་ཀྱི་དཔེ་ཡང་སྟོད་ལུང་གི་ཉེ་འཁོར་གྱི་རི་ཆུ་དག་དྲངས་པ། ད་ལྟའི་མཁས་པ་ཚོས་ཀྱང་སྟོད་ལུང་ཕུའི་ཡངས་པ་ཅན་དུ་ཡོད་པར་ངོས་བཟུང་བ་སོགས་གཅིག་བསྡུས་ན། མདོར་ན། བཙན་པོའི་དུས་ཀྱི་ཙེང་ལྡེང་བྲ་གུ་ཞེས་པའང་སྔར་གྱི་སྟོད་ལུང་ཕུའམ་ད་ལྟའི་ཡངས་པ་ཅན་གནམ་ཙེང་ལྡེང་གི་ཉེ་འཁྲིས་ཀྱི་རི་རྒྱུད་དུ་ཡོད་པར་གཏན་འཁེལ་ཆོག་པར་སྙམ་པའོ།།
༢༠༢༡ ལོའི་ཟླ༡༠ ཚེས༡༨ ལ་ནེའུ་ཡོག་གྲོང་ཁྱེར་དུ་བྲིས།
དཔྱད་གཞིའི་རྒྱུ་ཆ།
༡ ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པ། ༡༩༩༢ལོའི་ཟླ༢པར་པར་གཞི༢པ་བསྒྲིགས།
༢ ཡར་ལུང་ཇོ་བོའི་ཆོས་འབྱུང་། ཤཱཀྱ་རིན་ཆེན་སྡེས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ༤་པར་པར་གཞི༢ བསྒྲིགས།
༣ དེབ་ཐེར་སྔོན་པོ།(སྟོད་ཆ་སྨད་ཆ) འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ༡༩༨༥ལོར་པར་གཞི་དང་པོ་དཔར།
༤ བཀའ་ཐང་སྡེ་ལྔ། གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན་པ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ༡༢པར་པེ་ཅིན་དུ་པར་ཐེངས༤ པ་བརྒྱབ་པ།
༥ བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས། གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། ༡༩༩༥ལོའི་ཟླ༨ པར་ཐེངས་དང་པོར་པར་བཏབ།
༦ བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ། གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ༦ པར་པེ་ཅིན་དུ་པར་གཞི་དང་པོ་བརྒྱབ།
༧ ལེགས་པར་བཤད་པ་བཀའ་གདམས་རིན་པོ་ཆེའི་གསུང་གི་གཅེས་བཏུས་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ།། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ལོའི་ཟླ༦པར་པར་གཞི་དང་པོ་དཔར།
༨ ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་བཞུགས།། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ༢༠༠༦ ལོར་ཐེ་ཝན་དུ་དཔར་དུ་བཏབ།
༩ ལྡེའུ་ཆོས་འབྱུང་། མཁས་པ་ལྡེའུས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ༡༢ པར་དཔར་ཐེངས་གཉིས་པ་བཏབ།
༡༠ ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ་གསུམ་པར་པེ་ཅིན་དུ་པར་ཐེངས་གཉིས་པ་བརྒྱབ།
༡༡ བོད་བཙན་པོའི་དུས་ཀྱི་རྩོམ་ཡིག ཆབ་འགག་རྟ་མགྲིན་གྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༩པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
༡༢ སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས། པ་ཚབ་པ་སངས་དབང་འདུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ༤ པར་པར་ཐེངས༢ བཏབ།
༡༣ རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། རྩོམ་པ་པོ། ཏྰ་སི་བྱང་ཆུབ་རྒྱལ་མཚན་སོགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན། ༡༩༨༦ལོའི་ཟླ༥ པར་པར་གཞི་ཐེངས༡ བརྒྱབ།
༡༤ དམ་ཅན་བསྟན་སྲུང་གི་རྣམ་ཐར། སླེ་ལུང་བཞད་པའི་རྡོ་རྗེས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ༦ པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
༡༥ གཙང་པ་རྒྱལ་པོའི་རྣམ་ཐར་དང་རྒྱལ་རབས་བཞུགས་སོ།། རྩོམ་པ་པོ། དགེ་སྦྱོང་རྒན་པོ་སངས་རྒྱས་རྡོ་རྗེ་སོགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ༡༢ པར་པར་གཞི་ཐེངས༡ བཏབ།
༡༦ བོད་ཀྱི་རྩོམ་རིག་ལོ་རྒྱུས། ལྷག་པ་ཆོས་འཕེལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ༡༢ པར་པེ་ཅིན་དུ་པར་ཐེངས་བཞི་པ་བརྒྱབ།
༡༧ ཆོས་འབྱུང་དང་རྒྱལ་རབས་སྐོར། Yeshe De Publication, U.S.A.2015
༡༨ ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ། བཀྲ་བྷས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ༡༢ པར་དཔར་ཐེངས་དང་པོ་དཔར།
༡༩ བོད་བཙན་པོའི་རྒྱལ་རབས། སྒྲིག་རྩོམ་པ། འབྲི་གུང་སྐྱབས་མགོན་ཆེ་ཚང་། ༢༠༡༠ སྲོང་བཙན་དཔེ་མཛོད་ཁང་།
༢༠ སུམྦྷ་ཆོས་འབྱུང་། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༨ལོ།
༢༡ རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས་བཞུགས་སོ།། དགའ་ལྡན་དགོན། ༢༠༡༩
༢༢ རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེའི་རྣམ་ཐར་ཕྱོགས་བསྒྲིགས་བཞུགས་སོ།། དགའ་ལྡན་དགོན། ༢༠༡༩
༢༣ གནས་རྙིང་གྱེན་ཐོ། རྩོམ་པ་པོ། བདེ་ལེགས་ག་པ་དཔོན་པོ་ནམ་མཁའ་སོགས། བོད་ལྗོངས་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ༦པར་པར་ཐེངས༡ བཏབ།
༢༤ སྤུ་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་སློབ་གསར་སྟོང་གི་འཇུག་སྒོ། གོང་བ་ཀླུ་འབུམ་རྒྱལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ༨ པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།