གསེར་གྱི་ལྷུན་པོ། ཁྲི་སེམས་དཔའ།

WechatIMG673.jpeg

གསེར་གྱི་ལྷུན་པོ།

ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་མཆོག་གི་གྱ་སྟོན་དུ་ཕུལ་བ།

                                                                                                                   ----རྩོམ་པ་པོ། ཁྲི་སེམས་དཔའ།

ཉི་འོད་སེར་གྱི་ལེར་གངས་ལ་ཕོག

དཀར་བོང་བོང་གི་འཇིག་རྟེན་དེ།

ཁྱེད་ཀྱི་མཐའ་ཡས་པའི་བྱམས་བརྩེ་ཡིན།

སྤྱན་ཟུང་གཡོས་པ་ཙམ་གྱིས།

ངའི་ཁོག་གི་ལོ་ལ་ལོ་བརྩེགས་པའི།འཁྱག་དར་མཐུག་པོ་ཡོངས་སུ་ཞུས། 


ཁྱེད་ཉིད་སྤྲིན་དཀར་ཚོམ་བུ་གཅིག་ནང་བཞིན།

ཡངས་པའི་མཁའ་ངོགས་སུ་དྭངས་གཙང་གིས་སྐྱོད།

ཁྱེད་ཉིད་སྦྲང་ཆར་ཐིགས་པ་གཅིག་ནང་བཞིན།

རྨོངས་རློམ་གྱི་ཐང་རྒོད་དུ་ལྷོད་ཀྱིས་ཟགས། 


ཁྱེད་ཕེབས་པའི་ལམ་བུ་ཡོད་ཚད་དུ།

མེ་ཏོག་གི་ཆར་བ་མ་བབས་རུང་།

སྙིང་རྗེའི་ས་བོན།

ཕ་བོང་གི་སྙིང་དུ་ཡང་བཏབ་ཟིན་པས།

སྲ་མཁྲེགས་ཀྱི་ངོ་བོ་ལས།

མཉེས་གཤིན་གྱི་ལྗང་མྱུག་འཁྲུངས།

ཁྱེད་ཀྱི་ཤ་འདྲེས་པགས་འདྲེས་ཀྱི།

རུས་གསེང་ནས་ཐོན་པའི་འཛུམ་མདངས་དེས།

མི་སེམས་ཀྱི་ན་བུན་རྨང་ནས་བཀྲུས། 


མགོན་པོ་ཁྱེད། གནས་གང་དུ་བཞུགས་ཀྱང་།

ཕྱོགས་གང་དུ་འཁོར་ཡང་།

སྨག་རུམ་སྟུག་པོའི་ཁྲོད་དུ་ཡང་།

གསེར་གྱི་ལྷུན་པོ་ལྟ་བུའི།

ཁྱེད་ཀྱི་མདངས་འཚེར་བའི།

སྐུ་གཟུགས་བརྗིད་པོ་དེ་ལས།

འོད་ཟེར་ལམ་ལམ་སྤྲོ་ཞིང་།

ལམ་གྱི་ཕ་མཐའ་གསལ། 


མགོན་པོ་ཁྱེད་ཀྱིས།

ངག་མི་སྨྲ་བའི་བརྟུལ་ཞུགས་འཛིན་ཡང་།

ཁྱེད་ཀྱི་ཤེས་རབ་ཀྱི་ཚན་ཁ།

ཐ་སྙད་ཀྱི་འཇིངས་སུ་འདུར།

སྙན་ངག་གི་ཁམས་སུ་འཁྱིལ།

གནས་ལུགས་ཀྱི་ཁོངས་སུ་འབར།

མི་སེམས་ཀྱི་གཏིང་དུ་གསོན། 


ཀྱེ། ཁྱེད་ནི་གསེར་གྱི་ལྷུན་པོ་ཉིད་དོ།།

འོད་དུ་སྤྲུལ།

སྙིང་རྗེའི་གཟུགས་སུ་གྲུབ།

རེ་བ་དང་ཡིད་ཆེས་བསྩོལ།


རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།