རབ་རིབ་མག་མོག་གི་སྒྲུང་།

12621663993948_.pic.jpg

ད་ནི་སྟོན་ཟླ་བརྒྱད་པ་དལ་གྱིས་བསླེབས་སོང་།      འབྱུང་བའི་མནར་གཅོད་མ་ཐེག་པའི་རྩྭ་ལྗང་ཚོགས་ཀྱང་རླུང་བུས་གང་སར་སྤུར་གྱིན་འདུག        ཡོད་ཚད་མགོ་རྩོམ་པ་དང་འདྲ་ཞིང་ཡོད་ཚད་མཇུག་བསྡུས་པ་དང་འདྲ་བའི་དུས་ཚིགས་འདི་གར། ང་ཡི་ཁེར་རྐྱང་གི་དུས་ཚོད་ལས་ཁྱོད་རང་དྲན་ཞིང་ཉི་ནུབ་ཀྱི་ཞལ་མདངས་ལ་བལྟས།     ཁྱོད་ནི་ཕ་ཡུལ་གྱི་གནམ་སའི་མཚམས་སུ་སྐྱིད་སྡུག་གི་རི་མོ་འབྲི་མཁན་ཡིན་ཞིང་།     སྨུག་ལང་ལོང་དང་ཁངས་ཆར་འདྲེས་མའི་ཀློང་ནས་ཞབས་རྗེས་སྤོར་མཁན་དེའང་ཡིན་པས།    ཁྱོད་ཀྱི་སྐྲ་ལོའི་ཉག་མ་རེ་རེ་ནི་ལོ་ཟླས་ཁྱུར་མིད་བཏང་ནས་རྩྭ་ལོ་ནང་བཞིན་གང་སར་ཁུར་གྱིན་ཡོད་ཨང་། 

           དུས་ཚོད་ཀྱི་གདགས་སྲིབ་ལས་ངས་ཁྱོད་ཀྱི་ཞལ་རས་དང་གཟུགས་བརྙན་བསམ་ཞིང་།     གཏིང་མཐའ་མི་མངོན་པའི་འཇིག་རྟེན་འདི་གར་ང་རང་ཤིན་ཏུ་འཁོས་ཞན་ཉམ་ཆུང་གིས་གཅིག་པུར་བསྡད།     ཁྱོད་རང་ཕ་ཡུལ་གྱི་བྲག་གཟར་དང་རྫུབ་སྟུག་པའི་ནགས་ཚལ་ཁྲོད་དུ་རྟག་པར་འགྲོ་བཞིན་ཡོོད་པས།       སྟོན་ལོ་ཞིག་ཟ་རུ་ཟགས་ནས་དབྱར་ཟླ་ཧྲིལ་པོ་ལ་གྱེས་བྲལ་གཏོང་བ་བཞིན།     ང་ལའང་སྟོན་ཁ་ལྟ་བུའི་ཉམས་སྣང་ཞིག་གིས་ཁྱོད་རང་རྒྱང་ནས་རྒྱང་དུ་བཞུད་འགྲོ་བར་ཞེད་ཅིང་འདུག   ཉེ་རིང་དང་ཆགས་སྡང་གིས་འཚིག་བཞིན་པའི་འཇིག་རྟེན་གྱི་མི་གཞན་དག་ལ་མཚོན་ན།        དེ་ནི་དུས་ཚིགས་ཤིག་ཏུ་ལྷུང་བའི་རྩ་ཆག་ཅིག་དགུན་རླུང་ལྡང་སྟེ་དུས་ཚིགས་གཞན་ཞིག་ལ་ཁུར་བ་དང་འདྲ་ཡང་།     ང་ལ་མཚོན་ན།     ནང་སེམས་སུ་ཡུན་རིང་བཞེངས་པའི་ཕོ་བྲང་དེ་ཉིད་གློ་རྡེག་ལ་འགས་གཏོར་བྱུང་བའི་གོ་རིམ་ཞིག་ཡིན་ཨང་།

           དུས་བཞི་འགྱུར་ལྡོག་དང་བསྡོངས་ནས་ཁྱོད་རང་ང་དང་གཏན་དུ་གྱེས་འགྲོ་བའི་ཉིན་ཞག་དེ་གར།   རང་གི་ནང་སེམས་ཀྱི་མེ་ལོང་ལ་གས་སྲུབས་དོད་ཅིང་ས་རྡུལ་དག་རེ་རེ་བཞིན་སྲུབས་ཀར་འཚང་ཡོང་ལ།        གནམ་ས་གཉིས་ཀྱང་ཤིན་ཏུ་འཐིབས་ནས་སྤྲིན་ནག་འཁྲིགས་ཤིང་རླུང་དམར་ཡང་ཡང་ལྡང་ཡོང་།      ཤིན་ཏུ་འཁྱགས་པའི་ཆར་ནག་དག་ཀྱང་ཚམ་ཚོམ་མེད་པར་རྩྭ་ལོ་དང་བྲག་ཐེམ་ངོས་སུ་ཡང་ཡང་བརྡེགས་ནས་ནང་སེམས་བརླན་པར་བྱེད་འགྲོ།         བར་སྐབས་དེ་ལ་ངས་རང་གི་ཉེས་དམིགས་དང་དགའ་སྡུག་མཐའ་དག་ཤོང་བའི་སྙན་ཚིག་དེ་དག་དྲན་ཏེ།     ཁྱོད་དང་འབྲེལ་བའི་བྱ་དངོས་དག་ལ་ཕྱི་དྲན་དང་མྱ་ངན་མཚོན་བྱེད་དུ་མཐའ་མཇུག་གི་གནས་མལ་ཞེས་པའི་སྙན་ངག་ཅིག་བྲི་འདོད་ཀྱང་།     ཁེར་རྐྱང་དུ་ལུས་པའི་ནང་སེམས་སུ་ཁ་བ་དང་མུན་ནག་འཚུབ་དྲགས་པས་སྨྱུ་གུའང་མི་མཐོང་བར་འགྱུར་ངེས།      སྐབས་དེར་ང་ནི་མཇུག་མཐར་ཅི་ཡང་མི་འཁྱོལ་བའི་བྱིས་པ་ཞིག་དང་འདྲ་ཞེས་རང་གིས་རང་ལ་ཞེ་སྡང་གི་མེ་ལྕེ་ཞིག་ཀྱང་སྦར་ངེས་ཨང་།

           ལོ་སྔོན་མའི་སྟོན་ཟླ་བརྒྱད་པ་ནི།       ང་རང་ཕ་ཡུལ་གྱི་ནགས་ཚལ་འགྲིམས་ཤིང་གཙང་པོའི་བཞུར་རྒྱུན་ལ་ཉན་པའི་དུས་ཚོད་རིང་ཤོས་ཤིག་ཡིན་ཞིང་།    རི་ཟོམ་དང་རི་འདབས་གང་ཞིག་ལས་འདུར་རྒྱུག་བྱེད་པའི་རི་དྭགས་ཀྱང་མཐོང་གྲངས་མང་ཤོས་ཡིན།   དེ་ལས་ཀྱང་ང་རང་རྒྱབ་ངོས་ཀྱི་ལབ་རྩེར་འཛེགས་ནས་བྱ་ཁྱུ་འཕུར་སྐྱོད་དང་གྲིབ་མས་གྲིབ་མ་བདའ་བའི་ངང་ཚུལ་ལ་རྒྱུན་པར་ལྟ་བཞིན་ཡོད།        ཉིན་ཞིག་གི་ཕྱི་དྲོར་ང་རང་ཆུ་ཕྲན་ཆུང་ཆུང་ཞིག་གི་འགྲམ་དུ་གཅིག་པུར་བསྡད་ནས་སྙན་ངག་གཅིག་བློས་བསླངས་བྱེད་པའི་བར་སྐབས་དེར།     ཁྱོད་ཀྱིས་འུར་ཆ་དམར་པོ་ཞིག་སྐེད་པར་དཀྲིས་ཏེ་ང་ལ་ཁྱིམ་ཏུ་སྔ་ཙམ་ལོག་ཅེས་པའི་བརྡ་ཞིག་བསྟན་ནས་གྱོལ་སྟབས་ཀྱིས་ང་དང་ཐག་ཇེ་རིང་དུ་སོང་།         ངས་སྨྲ་བ་བཅད་དེ་ཁྱོད་ཀྱི་རྒྱབ་གཟུགས་ལ་མིག་སྐྱེལ་གཏོང་བའི་བདེ་སྐྱིད་བཙལ་ནས་ཡུན་རིང་ཞིག་ལ་བསྡད།    གློ་བུར་དུ་གྲང་ཅང་ཅང་གི་རླུང་བུ་ལྡང་ཞིང་ཁངས་རིལ་རེ་ཟུང་ཡང་བསྟུད་མར་འཐོར་སོང་། 

           ཕྱི་དྲོ་དེ་ལ།      ཁྱོད་ཀྱི་རྐང་འགྲོས་དང་རྒྱབ་གཟུགས་ལ་ཡུན་རིང་བལྟས་རྗེས་རབ་རབ་མག་མོག་ཅིག་ལས་མི་སྣང་བར་གྱུར།   ངས་ནི་སྔར་བཞིན་བསམ་གཞིགས་ཀྱི་སྒོ་འཕར་ཕྱེས་ནས་མི་གཅིག་གི་བདེ་སྐྱིད་ནི་མི་གཞན་ཞིག་གི་དཀའ་སྡུག་ལས་འབྱུང་བཞིན་འདུག་བསམ་ལ།   ངས་རང་གི་མི་ཚེའི་ནང་དུ་མྱོང་བའི་བྱམས་བརྩེ་དང་བདེ་སྐྱིད་ཀྱང་རབ་རིབ་མག་མོག་གི་རྒྱབ་གཟུགས་དེ་ལས་འབྱུང་བཞིན་པའང་ཚོར།     སྐབས་དེ་དག་ཏུ།    ངའི་ནང་སེམས་ལ་དགུན་ཁ་ཚེས་ཤིང་ཁ་བའི་འདབ་མ་དག་ཀྱང་ལྷུག་པོར་བབས་སོང་།     ངས་ཅི་མི་སྙོམས་པའི་རྣམ་འགྱུར་ཞིག་བཟུང་ནས་རྒྱབ་གཟུགས་ཞེས་པའི་སྙན་ངག་ཅིག་གིས་སྐྱོ་གདུང་གི་སྨུག་པ་དེ་དག་བསལ་དྲན་ཡང་།     མཚམས་སྤྲིན་གྱི་མཛེས་སྡུག་དང་སང་ཞོགས་ཀྱི་འཆར་ཀ་ལྟ་བུའི་སྙན་ཚིག་གཅིག་

ཀྱང་ཡིད་ལ་འཁོར་མ་བྱུང་།   དེ་ནི་ས་རུབ་དྲགས་པས་མིན་ཞིང་རླུང་ལྡང་དྲགས་པས་ཀྱང་རེད་མི་འདུག་ཨང་།   དེ་ནས་བཟུང་རབ་རིབ་མག་མོག་གི་རྒྱབ་གཟུགས་དེ་ནི་ངའི་མི་ཚེའི་ནང་གི་དགའ་སྐྱོ་གཉིས་མཚོན་གྱི་སྒྲུང་ཞིག་ཏུ་གྱུར་ཅིང་།  ལོ་འདིའི་སྟོན་ཟླ་བརྒྱད་པར་སྨུག་ལང་ལོང་གི་གྲོང་ཚོ་དེ་གར་འགྲོ་ནས་རབ་རིབ་མག་མོག་གི་སྒྲུང་དེ་ཐེངས་གཅིག་བཀླག་པར་འདོད།

                          ༢༠༢༠/༩/༢༩/ཉིན་གྲུབ། 

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།