མཐའ་མེད་ཚོར་བའི་ཆུ་བོས།།
སྟོང་གསུམ་ལ་མོར་བརྒལ་བ།།
ཞེ་འདྲིས་ཚིག་གི་རྒྱང་མགུར།།
རྨི་ལམ་སྟོང་གིས་བཞེངས་པ།།
ཡིད་ཀྱི་འོད་ཟེར་བསྡུས་ནས།།
སྙན་ངག་བྱམས་པ་དྲན་བྱུང་།།
སེམས་ཀྱི་བརྩེ་བ་བསྡུས་ནས།།
འདང་གི་གཤིས་ལུགས་རྙེད་པ།།
འཁོར་བའི་ཕྱི་ནང་རྟོགས་ན།།
ཆོས་ཀྱི་གནས་ལུགས་རྙེད་པ།།
རྨི་ལམ་སྒྲུང་གཏམ་མཇལ་ན།།
ཚོར་བའི་དེ་ཉིད་རྟོགས་ཡོང་།།
འཇའ་ཚོན་མི་རྟག་ཆོ་འཕྲུལ།།
མགུར་གྱི་མཛེས་པ་ཉིད་ཡིན།།
སེམས་པའི་ཕྱི་ནང་གཉིས་དེ།།
ཚོར་བའི་དེ་བཞིན་ཉིད་ཡིན།།
དབྱིངས་ཀྱི་དེ་བཞིན་ཉིད་དུ།།
སྙན་ངག་ཚིག་འོད་འཕྲོས་པ།།
རྣམ་རྟོག་མཐའ་བྲལ་ཉིད་དེ།།
རང་མོས་གླུ་ཡི་མཆོད་ཁང་།།
སེམས་པའི་དེ་བཞིན་ཉིད་དུ།།
ཚོར་བའི་རླུང་བུ་གཡུག་ནས།།
ཚིག་གི་འཇའ་ཚོན་བྲིས་འདྲ།།
ཞེན་ཆགས་སྒྲུང་གིས་དེད་པ།།
༢༠༢༢.༨.༢༠ ཉིན་བརྩམས།
དབུ་འཇིགས་མེད་ནི་མདོ་སྨད་ཡུལ་གྱི་བོང་སྟག་སྡེ་བའི་ཁོངས་མི་ཡིན། སློབ་སྦྱོང་གི་ཞར་ཞོར་དུ་སྙན་ངག་ཐན་ཐུན་རེ་བྲིས་པ་ཡིན། སྔ་ཕྱིར《ཁ་བཏགས་དཀར་པོ་དུས་དེབ། 》《གངས་དཀར་པོ་རྩོམ་རིག་སྒྱུ་རྩལ།》《ཁྲུང་ཁྲུང་དཀར་པོ་ལོ་དེབ།》 《གུར་ཀུམ་གསར་བའི་ཆུན་པོའི་དུས་དེབ།》《དཔལ་འཛོམས་ལོ་དེབ།》《ཅོ་ནེ་བའི་ལོ་དེབ།》《ཞག་སྒྲོན་དུས་དེབ།》《སྐྱ་རེངས་ལོ་དེབ》《ཚོ་ལྷོ་བོད་ཡིག་ཚགས་པར།》《ཁྲིམས་ལུགས་བོད་ཡིག་ཚགས་པར།》《ཀན་ལྷོའི་བོད་ཡིག་ཚགས་པར།》《ཁམས་པའི་བོད་ཡིག་ཚགས་པར།》《རྔ་བའི་བོད་ཡིག་ཚགས་པར།》《གཞིས་ཀ་རྩེ་ཉིན་རེའི་ཚགས་པར།》《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།》《མཚོ་སྔོན་པོ་བོད་ཡིག་དྲ་བ།》《བཙན་པོའི་མགར་གྱི་དྲ་བ།》《ཁམས་པའི་གསར་འགྱུར་དྲ་བ།》《མདོ་ལྷོ་དྲ་བ།》བོད་ཁུལ་གྱི་དུས་དེབ་དང་ལོ་དེབ་ཚགས་པར་སོགས་སྟེང་དུ་མང་དུ་སྤེལ་མྱོང་ཡོད་དོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།