གཅན་མེ་སྟག་ལགས་ཀྱི་སྙན་ངག་བདམས་བཀོད།

12571663993945_.pic.jpg

རི་རྨ་རྒྱལ་རྩེ་མོ་བཅོ་བརྒྱད།


རི་རྨ་རྒྱལ་རྩེ་མོ་བཅོ་བརྒྱད་རེད། །

ཞྭ་གང་ལ་ཕུད་ནས་གང་ལ་སྒུར། །

སྦྲ་མཐིང་སྨུག་ཕྱོགས་བཞི་སྒོ་བཞི་རེད། །

སྒོ་གང་ནས་འཛུལ་ཏེ་གང་ནས་འབུད། །

                                                   ——མགོ་ལོག་གི་དམངས་གཞས་ཤིག་ལས་བཏུས།


རི་འདི་ལ་སྒོ་ཞིག་ཡོད་ན་ཅི་མ་རུང་།

སྒོའི་ཕར་རྒྱབ་ཀྱི་ཐང་ཆེན་དུ།     རླུང་ཆེན་ཞིག་ལྡང་ན་ཅི་མ་རུང་།

རླུང་དེས།     སྨུག་རླུང་དང་སེམས་ཁྲལ་ཡོངས་སུ་ཕྱགས་ཏེ།

འཁྱར་སྤྲང་གི་གོམ་པ་ལྕི་མོ་དག་ལ།

བག་ལྷོད་ཀྱི་གྲུ་ཁ་ཡོད་པའི་ཞོགས་པ་ཞིག་བསུས་ན་ཅི་མ་རུང་།

ཞོགས་པའི་ཉི་འོད་ཀྱི་ཤོག་ལྡེབས་ངོས་སུ།

རང་དབང་གི་མཚན་བྱང་སྙན་མོ་དེ།     ཁ་དོག་ལྔ་ལྡན་གྱི་བྱེའུ་བཞིན་བབས་ན་ཅི་མ་རུང་།


རི་འདི་ལ་ཁྲག་ཅིག་ཡོད་ན་ཅི་མ་རུང་།

མེ་དང་གློག་ཞགས་ཀྱིས་ལྷན་དུ་བསྐྲུན་པའི།      འོད་ཆེམ་ཆེམ་གྱི་ཁྲག་དེས།

མཚོན་དོན་དང་ཤུགས་བསྟན་གྱི་དབེན་འཇགས་རིང་མོ་དག་སིལ་བུར་གཏོར་ཏེ།

སྨྱོ་འཚུབ་ཕ་རོལ་གྱི་དུས་ཚོད་ནག་པོ་དག་ལ།

རྐྱོང་སྐུམ་གྱི་འབབ་རྟེན་ཡོད་པའི་ཡལ་ག་སྟུག་པོ་ཞིག་བསྲིངས་ན་ཅི་མ་རུང་།

ཡལ་གའི་ཁོང་རིམ་གྱི་ཕྲ་བུག་ཉིད་ལས།

ཕ་མེས་ཀྱི་རུས་རྒྱུད་སྲ་མོ་དེ།   ཡན་ལག་བརྒྱད་ལྡན་གྱི་ཆུ་བཞིན་བཞུར་ན་ཅི་མ་རུང་།


རི་འདི་ལ་བྲག་ཆ་ཞིག་ཡོད་ན་ཅི་མ་རུང་།

བྲག་ཆའི་ནང་རིམ་དུ།   ལྕེ་རྩེས་ཟིན་ནུས་པའི་སྐད་ཆ་གསོན་པོ་ཞིག་ཡོད་ན་ཅི་མ་རུང་།

སྐད་ཆ་དེ་ལས་འཕྲོས་ཏེ།   ངུ་ངག་དང་སྨྲེ་སྔགས་ཅི་ཡང་མེད་པའི།

བླ་སྲོག་གི་ཁྱིམ་གཞིས་ཤིག་བཟོས་ཏེ།

གླག་མོ་ཤ་ཁྲག་ལ་རོལ་བ་ཇི་བཞིན།  གསོམ་ཚེར་བྲག་རྩེ་ནས་གཟེངས་པ་ཇི་བཞིན།

རང་དབང་གི་འབབ་ཆུ་དྭངས་མོ་དེ།

གྲོག་རོམ་གཡང་འགག་ནས་བརྒྱུགས་ཏེ།    འཇིག་རྟེན་དུ།

དུར་འཇུག་དང་སྙན་ངག་གི་ཡོ་ལང་ཞིག་ལྷན་དུ་བརྩམས་ན་ཅི་མ་རུང་།


རི་འདི་ལ་མིག་ཅིག་ཡོད་ན་ཅི་མ་རུང་།

རི་འདི་ལ་སྙིང་ཞིག་ཡོད་ན་ཅི་མ་རུང་།

རི་འདི་ལ།     རི་འདི་ལ།

ངའི་ཁེར་རྐྱང་གི་ཉིན་མཚན་སྐྱེལ་བའི།      སྐྱོ་གླུ་ཞིག་ཡོད་ནའང་།

ཅི་མ་རུང་།


གཅན་མེ་སྟག་གི་སྙན་དེབ《ཚེར་སིལ་སྐྱ་བོ་》ལས་བཏུས།



གནམ་མགོ་ལོག    ས་མགོ་ལོག  

                                     ——ཁ་དཔེ།


མུ་མཐའ་མེད་པས།      ངའི་ལུག་ཁྱུ་གནམ་སའི་བར་མཚམས་ན་འགུལ།

ལྷགས་རླུང་གི་ཁ་ཕྱོགས་ནི།      གངས་རི་ཡི་ཁ་ཕྱོགས་ཡིན་པས།

ཉི་མ་སེར་པོ་དང་རྫི་གླུ་དམར་པོ་གཉིས།

ནམ་ཡང་གངས་རི་ཞིག་གི་ཕར་ཚུར་ན།    ཁེར་རྐྱང་དུ་རྒྱུ།


ཐག་རིང་གི་གནས་མཇལ་བ།      སྤང་རྩའི་གསེབ་ཏུ།

གློ་བུར་འདྲོགས་པའི་བྱེའུ་ཚོགས་ཀྱིས་རྒྱང་རིང་དུ་བསྐྱུར་དུས།

ནམ་མཁའ་སྒོར་མོ་ཞིག        སྔོ་ལྷང་ངེར་མིག་མཐའ་རུ་བསྐྱལ།

ངལ་དུབ་ཇི་འདྲས་ཆེ་ཡང་།

རྨི་ལམ་ལྟ་བུའི་ཡུལ་ལྗོངས་འདི་བཞག་ནས་གང་དུ་འགྲོ།


དྭངས་གསལ་གྱི་ཁ་བའི་ངོགས་ན་ཉི་འོད་བཞིན་འབར་བ།

ཤག་ཤག་གི་འོ་མ་འཇོ་བའི་གཞས་གདངས་ཐོར་བུ།

སུ་ཞིག་གིས་ཐོས་ཤིང་།    དེའི་རྐྱེན་པས།

སུ་ཞིག་གི་དྲན་པ་ཕྱོགས་བཞི་མཚམས་བརྒྱད་ནས་འབུས་འགོ་བརྩམས།


འོ་གསེར་གྱི་ཉི་མ།    དངུལ་གྱི་ཟླ་བ།    རླུང་གི་རླུང་ཨ།

རྨ་རྒྱལ་སྦོམ་རའི་ཁ་གཏད་དུ་ཆས་པ་ནས།

ལྷགས་རླུང་གི་ཁ་ཕྱོགས་ནི་ལྷ་སྒྲུང་གི་ཁ་ཕྱོགས་ཡིན་པས།

སྐྱེ་བོ་གྲངས་མེད་ཅིག  འདི་ལྟར་འོངས་ཤིང་།   འདི་ལྟར་ལུས། 


1992 . 3མགོ་ལོག་ཏུ།

གཅན་མེ་སྟག་གི་སྙན་དེབ《ལྷོ་བཞུད་ཀྱི་ཆུ་འཛིན》ལས་བཏུས།


ཉི་ཟླ་རི་བོའི་སྙན་ཚིག


ཁྱོད་ཀྱི་མིང་ལ་ཉི་ཟླ་ཐོགས་པ་ནས་བཟུང༌། 

ངས་རྒྱུན་དུ་རྟ་ཁ་གློད་ནས་སྨོན་ལམ་བཏབ་མྱོང༌། 

དགུ་ཚིགས་ཀྱི་གཙང་བོས་བར་དུ་བཅད་པ་ནས།

ཟླ་འོད་ཀྱིས་ང་རང་ཕ་མཐར་སྐྱེལ་བའི་དུས་སུའང༌།

ཁྲུང་ཁྲུང་སྐེ་རིང་དང་མཚུངས་པའི་རི་སྒང་དེའི་ཞོལ་དུ།

སྔོ་ཡོམ་ཡོམ་གྱི་ལྡོག་འབབ་གཙང་བོ་ཡང་དྲན་པས་མནར།

—སྒམ་ལ་དཀྱེལ་ཆེ་བའི་བཙན་པོ་དང་གཡེར་བག་ལྡན་པའི་རྒྱ་བཟའ་ཡང་ས་འདི་ནས་ཕྲད་པ་སྟེས་དབང་མིན།

མེ་ལོང་བོར་ས་ནས་ཁུ་སིམ་མེར་སྨོན་ལམ་བཏབ་མྱོང་ཕྱིར། 

ངས་རྒྱུན་དུ་ཉི་ཟླ་རི་བོའི་མཚམས་སྤྲིན་དེ་བརྗེད་ག་ལ་ནུས།

གླང་རྫི་དང་ཐགས་མཁན་བུ་མོ། 

ཟླ་བའི་ཀློང་ན་དྲན་གདུང་གི་གླིང་བུ་དལ་གྱིས་འབུད།

དེ་དག་གི་དུས་ན།

ངས་ཀྱང་ཉི་ཟླའི་གོང་ཁ་རུ་རེ་སྒུག་གི་ཤུགས་གླུ་བླངས་མྱོང་ཨང༌། 

ཡིན་ནའང་ད་ལྟ་ཉི་ཟླ་གཉིས་ལྷན་འཛོམ་གྱི་སྐལ་བ་ཧ་ཅང་ཕྲ་བས། 

—ངས་སྨོན་ལམ་འདེབས་པ་ནི་རི་བོ་ཁྱོད་ཁོ་ན་མིན། 



གློག་ཆད་པ། 

རོལ་དབྱངས་ཀྱི་མགྲིན་པ་ནས། སུ་ཞིག་གིས།

སྤར་མོས་བསྡམས་པ་བཞིན། གློ་བུར་འགག་སོང་།

གློག་ཆད་པས། མུན་ནག་དང་ལྷིང་འཇགས།

སླར་ཡང་། ངའི་ཉེ་གམ་དུ་ལོག


མིག་མདུན་གྱི་མུན་ནག་ཕོན་པོ་ཨང་།

ཁྭ་ཏས་རུབ་པའི་ནགས་ཚལ་ཇི་བཞིན།

ཕྱོགས་བཞི་ནས། ལྷེབ་ལྷེབ་འགུལ་ཞིང་།

སྐྱི་གཡའ་བའི། གཤོག་ལྡེབ་གྲངས་མེད་བྱེད།


གློག་ཆད་པས། ངས་ད་གཟོད།

ཐག་རིང་གི་རླུང་སྒྲ་ཚོར་ཞིང་། འཁྱམ་ཉུལ་པ་སུ་ཡི།

གཅོམ་ཆུང་གི་འབོད་སྐད་ཐོས་བྱུང་། 

གློག་ཆད་པས། ཁོར་ཡུག་འདི་འཁྱག་སིབ་སིབ།


ཁྲོམ་སྲང་གི་གྲུ་ཟུར་ངེས་མེད་དག་ན། འཇབ་ཀྱིན་པའི།

གདུུག་རྩུབ་དང་གྲིབ་མ། གློག་ཆད་པས།

སྐད་ཅིག་ཏུ། ངའི་མདུན་རྒྱབ་ཡོངས་སུ་སུ་རུབ་འོངས།

ང་སྐྲག་པར་རྒྱུ་མཚན་ལོས་ཡོད།


གློག་ཆད་པས། དུས་ཚོད་སྔར་གནས་སུ་གནས་སུ།

འགྲོ་འོང་བྱེད་ཅིང་། དམིགས་མེད་དུ།

ཡུལ་གཞན་བསྙེགས་པའི་ལམ་འགྲུལ་པ་བཞིན།

ཁ་ཕྱོགས་ཀྱི་གདམ་ག་ཅི་ཡང་མེད།


གློག་ཆད་སོང་། མུན་ནག་ལ་སྐྲག་པའི་ང་ཡིས།

ཨམ་ཕྲག་ནང་སྤར་སྙོབ་ཐེངས་འགའ་བྱས་རྗེས།

ད་གཟོད།

འབར་ཞུན། མགྲོན་ཁང་དུ་བརྗེད་པ་དྲན།

ན་ཟླ་ཚོ། གླུ་ཞིག་ལོངས།

ང་ཚོའི་གླུ་སྐད་ནི་གངས་འདབས་ཀྱི་ཟླ་ཆུ་ནང་བཞིན།

དྭངས་གཙང་དང་མཛེས་སྡུག་གི་བཞུར་རྒྱུན་ཉག་གཅིག་སྟེ།

སིལ་སིལ་གྱི་ཟེགས་མ་འཐོར་བའི་ཡུལ་ལྗོངས་ནི།

དཔྱིད་དཔལ་གྱི་ལག་སོར་བཀོད་པའི་རྗེས་ཤུལ་རེ་རེ་ཡིན།

སེམས་པ་ཅི་ཙམ་གྱི་རེ་སྒུག་དང་གདུང་བ་བཀྲུ་བཞིན།

ང་ཚོས་འཇིག་རྟེན་འདིའི་བླ་སྲོག་དང་བརྩེ་སེམས་ཡོད་ཚད་ཀྱི་ཕྱིར་དུ།

འདབ་མ་དྲུག་ལྡན་གྱི་ཁ་བའི་གཏམ་རྒྱུད་བརྩམས་ཆོག་ལ།

སེར་ཆུང་མེད་ཏོག་གིས་བརྒྱན་པའི་སྙན་ངག་ཀྱང་ཅི་ཕྱིར་མི་འབྲི།


ན་ཟླ་ཚོ། གླུ་ཞིག་ལོངས།

ང་ཚོའི་འདྲེན་བྱེད་ནི་མུན་ནག་ཁྲོད་ཀྱི་སྐར་ཚོམ་ཡིན་ལ།

ཁྲག་དམར་བརྡོལ་བའི་སེམས་པ་ནི་ང་ཚོའི་གནས་ཚང་ཡིན།

ལྷན་འཛོམས་ཀྱི་དུས་སུ། ང་ཚོའི་གླུ་སྐད་ནི།

དཀར་གཙང་གི་མེ་དཔུང་ཞིག་སྟེ།

ལགངར་གྲངས་མེད་ཀྱིས་བཏེགས་པའི་སྐྱ་རེངས་གསར་བ་ཞིག་ཡིན།

ན་ཟླ་ཚོ། གླུ་ཞིག་ལོངས།

ཉི་འོད་དང་ཉེ་ས་ནས་ང་ཚོ་སྔར་ལས་མཛེས་ཤིང་།

རང་དབང་གི་ལམ་ཁ་ན་ང་ཚོའི་གླུ་སྐད་འཕྱོ།

གསར་གཏོད་དང་སོན་འདེབས། དྲང་བདེན་གྱི་ཆེད་དུ།

ང་ཚོས་མ་ཡུམ་ཆ་རྒྱུན་འདིའི་ཕ་མཐའ་མེད་པའི་ཁྲག་རྒྱུན་དེད་ནས་འགྲོ།

ཡིད་ཆེས་ཀྱི་ཕྱིར་དང་།

ཁ་ཆར་གྱིས་བཅོམ་མི་ཐུབ་པའི། ང་ཚོའི་བློ་སྤོབས་ཀྱི་ཕྱིར་དུ།

ན་ཟླ་ཚོ། གླུ་ཞིག་ལོངས།

ང་ཚོའི་མཛའ་བཤེས་ནི།

མཚམས་སྤྲིན་གྱི་བང་རིམ་ན་བརྗིད་པའི་གངས་རི་བཞིན།

ནམ་ཡང་རྔམ་ཟིལ་གྱིས་འཚོ་ཞིང་།

ནམ་ཡང་གཡའ་དག་པའི་ཕྱིར་དུ།

ན་ཟླ་ཚོ། གླུ་ཞིག་ལོངས།

ཡུལ་གྱར་བ། 

—རང་ལ་སྨྲས་པ།

ལོ་འདི་དག་ལ།

ཁོ་རང་། སྐྱེ་འཆི་གཉིས་ཀྱི་བར་མཚམས་ན།

འགྲུལ་བཞུད་བྱེད་ཀྱིན་ཡོད། 


རྒྱལ་ཁམས་འདིའི་མི་ཚོགས་ལང་ལོང་གི་ཁྲོད་ནས།

ཁྱེད་ཀྱིས་ཁོ་རང་མཐོང་མི་སྲིད།

དཔེར་ན།  སྙན་ངག་འདིའི་མཚོན་དོན་ཇི་བཞིན།

ལོ་ཟླའི་ཁོང་གསེང་ན་ཉུལ་བའི་ཁོས། 

ཁྱེད་ལ་གལ་ཆེ་བའི་བགྲོ་གླེང་ཅི་ཡང་གནང་མི་སྲིད།

སྙན་ངག་པ་ཚོའི་འགྲེལ་ཐབས་བྲལ་བའི་ཚོར་སྣང་དག་དང་འདྲ་བར།

ད་ལྟ། ཁོའི་འདྲེན་བྱེད་ཟུང་དུ་སྣང་བའི།

འཕུར་ལ་ཁད་ཀྱི་བྱེའུ་དེ།

ངོ་མས་མཐོང་དཀའ་སྟེ། ཁྱེད་སེམས་སུ།

བླང་དོར་གྱི་མེ་ལོང་ཇི་འདྲས་དྭངས་ནའང་། 


འཇིག་རྟེན་འདིར་འོངས་པ་ནས།

ཁོ་རང་། རྒྱང་བཞུད་ཅིག་གི་མགོ་བརྩམས་ཟིན་ཟེར།


ཡང་ན། བར་སྐོར་གྱི་ཁྲོམ་ཚོགས་དབུས་སུ། 

ཁོས་གྲོལ་ཉེ་བའི་ལྷམ་སྒྲོག་བསྐྱར་དུ་བཅིངས་མྱོང་ཡང་སྲིད་ལ།

གློག་འོད་མག་མོག་ཏུ་འཚེར་བའི་མཚན་མོ་གང་ཞིག་ལ།

ཁོའི་རྒྱབ་གཟུགས། ཕ་ཡུལ་གྱི་གྱང་ལྡེབས་ངོས་སུ་མངོན་ཡོད་ཀྱང་སྲིད།


ལོ་ངོ་བཅུ་ཕྲག་ཅིག་འདས་སོང་། 

ཁྱེད་ལ་འཕྲིན་པ་ཡིག་རྡོག་གཅིག་ཀྱང་མ་འབྱོར།

ཁོ་རང་འབྲོག་ཐང་གང་ཞིག་གི་ནམ་མཁའི་འོག་སད་དུས།

ཁྱེད་རང་གྲོང་ཁྱེར་འདིའི།

འདུ་འཚུབ་ཆེ་བའི་ཆང་ཁང་གང་ཞིག་ནས་ཡང་བསྐྱར་བཟི་མགོ་བརྩམས།


ཡིན་ནའང་། ཁྱེད་ཀྱིས་རྒྱུན་དུ།

ཁོ་རང་ང་ཚོ་དང་གྱེས་པ་ནི་འགྲུལ་བཞུད་ཅིག་གི་ཆེད་དུ་ཡིན་ཟེར། 

བདེན་སྲིད་ན།

ཁོ་སྔར་ནས་ཚངས་དབྱངས་རྒྱ་མཚོའི་དུས་རབས་སུ་སླེབས་ཟིན་ལ། 

ཁོས་ཅི་མི་སྙམ་པར།

རང་གི་ཕ་ཡུལ་དུ་འགྲུལ་བཞུད་བྱས་པ་ཙམ་རེད། 


ཞིབ་འདང་རེ་བརྒྱབ་ན།

ཁ་སང་དེ་རིང་ལས་སྒྲུབ་ཏུ་འགྲོ་བའི་ལམ་ཁར། ཁྱེད་རང་།

ཁོ་དང་འཕྲད་མྱོང་འདྲའི་སྣང་བ་ཞིག་འགོག་མིན་དུ་ཤར་མོད།

ཤག་ཤག་ཏུ་ཆར་བ་འབབ་ཚུལ་ལ་བསམ་ན། ད་ལྟ།

ཁོས། ངལ་གསོ་བྱས་ཆོག་པའི་ཁྱིམ་གཞིས་རེའང་།

རྙེད་ཡོད་སྲིད་སྙམ།


ལོ་ངོ་བཅུ་ཕྲག་ཅིག་འདས་སོང་། 

ཁྱེད་ཀྱི་སྒེའུ་ཁུང་ལ་ཁ་བ་ཡང་བསྐྱར་ཆགས་ཤིང་། 

ཁྱེད་ཀྱི་གཟིམ་མལ་ཡང་།

གྲོང་ཁྱེར་གྱི་ཐོག་ཁང་དུ་གསར་དུ་སྤོས་ཟིན།

ཡིན་ནའང་། རྒྱུས་ཡོད་མེད་ཀྱི་ཁྲོམ་ར་འདི་དག་ཉུལ་དུས།

ཁྱེད་སེམས་སྟོང་ལྷང་ངེར། གང་ཞིག་བོར་བ་དང་འདྲ་ལ།

འཇམ་ཅག་པའི་མཚན་མོ་རེ་རེར།

ཁེར་རྐྱང་གི་ཁང་མིག་འདིར་སྡོད་དུས།

བསམ་མེད་དུ། ངོ་མི་ཤེས་པའི་མི་སུ་ཞིག་གིས།

གློ་བུར་དུ་སྒོ་རྡུང་བར་ཡང་སྐྲག


བུ་ལོན།

 

ད་ལོ།   ང་ལོ་བཞི་བཅུ་ཞེ་ལྔ་རེད།

འཇིག་རྟེན་འདིར་ཡོང་སྟེ།

ངས་སྙན་ངག་སྙན་ངག་མ་འཁྱོངས་ལ།

ཆུང་མ་ཆུང་མའང་མ་ལོན།

མགོ་སྔས་ལ་བཞག་སྟེ་བསམ་བློ་རེ་བཏང་ན།

མཚམས་ལན་རེར་འཆི་བ་ཟེར་རྒྱུ་ཞིག་དྲན་འོང་སྟེ།

འཆི་བའི་རྗེས་སུ།

ང་དུར་ཁྲོད་གང་ཞིག་ཏུ་འགྲོ་དགོས་སམ་ཡང་དྲན་འོང་།


རེས་དགའ་རེས་སྡུག་གི་ལོ་ཟླའི་བར་ནས།

ན་ཚ་ཟེར་བ་ཞིག་རྒྱུན་དུ་དྲན་འོང་སྟེ།

ངའི་ཧྲལ་ཧྲིལ་གྱི་གོས་སྣེ་ནས་མཐེན་པར་བྱེད་མོད།

ངས་ཤེས་ཏེ།

ང་འ་ཆད་འུ་ཐུག་གིས་འཚོ་དོན་ནི།

ངས་ད་དུང་སུ་ཞིག་ལ་བུ་ལོན་ཆད་པ་དེ་རེད།

སྐབས་ལན་རེར་བུ་ལོན་དེའི་དབང་གིས།

ང་རང་བྱ་སྐད་དང་པོ་མ་གྲགས་གོང་ནས།

གློ་བུར་ངང་གཉིད་ལས་སད་འོང་།

གཉིད་ལས་སད་རྗེས།

ངས་ཤར་ཕྱོགས་ཀྱི་མུན་ནག་ལ་བལྟས་ཏེ།

མུན་ནག་ནི་དུས་རབས་འདིའི

ཆེས་གསལ་བའི་འོད་མདངས་དེ་རེད་སྙམ།



འཇིག་རྟེན་འདིར།

རླུང་གིས་ང་རང་ལྷན་པ་ཇི་བཞིན་ཟད་པར་བྱས།

ཆར་བས་ང་རང་འདམ་རྫབ་ཇི་བཞིན་འབགས་པར་བྱས།

དོན་དངོས་སུ།

མུན་ནག་གི་གཏིང་བཞིན་ཟབ་པའི་བུ་ལོན་དེའི་མིན་ན།

ཞོགས་པ་འདིར།

ང་རང་ཤི་རྒྱུ་ཧ་ཅང་སླ་སྟེ།

ཁ་ཕྱིར་འཁོར་བ་ཙམ་གྱིས།

སླར་ཡང་མུན་ནག་ཏུ་སླེབས་འགྲོ་བ་ཇི་བཞིན་རེད།


12591663993946_.pic.jpg


ལོ་ན་བཞི་བཅུའི་རྗེས་ནས།

 

ལོ་ན་བཞི་བཅུ་བརྒལ་རྗེས།

འུ་གཉིས་ཀའང་རྒས་མགོ་ཚུགས་པ་རེད།

ད་ལྟ།   ཁྱོད་ཀྱི་བྱིས་པ་ཚོ་ནར་སོན་ཡོད་དམ།

ཁྱོད་ཀྱང་ད་ལྟ་གོ་ཁ་ན་ཚ་བོ་གཉོར་བའི།

བྱམས་བརྩེ་ཅན་གྱི་ཨ་ཡེ་བགྲེས་མོ་ཞིག་ཏུ་གྱུར་ཡོད་སྲིད།


ལོ་ན་བཞི་བཅུའི་རྗེས་ནས།

འུ་གཉིས་སྔོན་ཆད་འགྲོགས་མྱོང་བའི་མི་དེ་དག

ཇེ་ཉུང་ནས་ཇེ་ཉུང་ཡིན་རྒྱུ་རེད།

སྔོན་ཆད་ཁྱོད་ཀྱི་སྟོད་ཐུང་ནང་རིམ་དུ་སྦས་པའི།

འབུར་ཞིང་མཁྲེགས་པའི་ལང་ཚོ་དེའང་།

ད་ལྟ་ཐུར་དུ་དཔྱངས་ཤིང་རྙིད་ཡོད་དམ།


ད་ལྟ་ངའི་སྐད་ཆའི་ཁྲོད་ཀྱི་སྤུ་གྲི་དེ་དག

རིག་པ་རྣོ་བ་དག་གིས་ཁྱེར་ཟིན།

ངའི་ལུས་སུ་འབར་བའི་མེ་ལྕེ་དེའང་།

ཤ་ཁྲག་དར་བ་དག་གིས་སྦར་ཟིན།

ད་ལྟ་ང་ལ་ལྷག་པ་ནི།

ཉི་ནུབ་ཀྱི་ས་སྲོད་ཁྲོད་བསྡད་དེ།

ཇ་ནག་རེ་འཐུང་བའམ།   སྙན་ངག་རེ་བྲིས་ཏེ།

སྔོན་ཆད་ཀྱི་ནམ་མཁའ་ཧ་ཅང་དྭངས་ཟེར་རྒྱུ་དེ་ཁོ་ན་ཡིན།


དྲང་མོར་བཤད་ན།

ལོ་ན་བཞི་བཅུ་ནི་མི་ཚེ་འདིའི་སྟོན་མཇུག་རེད།

རིའི་སྲིབ་ངོས་སུ་སླེབས་པའི་རླུང་བུ་འདི།

ངང་མོ་མཚོ་སྐོར་གྱི་ལམ་བུ་བརྒྱུད་དེ།

དྭངས་བསིལ་ཟླ་འོད་འཁྱིལ་བའི་མཚོ་ཁུགས་སུ།

ཇི་ལྟར་ཡང་སླེབས་མི་སྲིད་པ་ལྟ་བུ་རེད།


དེའི་དབང་གིས།

ཁྱོད་ཀྱིས་ང་ལ (ཁྱོད་ཀྱི་མི་ཚེ་འདིའི)

ཆེས་བརྗེད་དུ་མེད་པའི་དོན་དེ་ཅི་ཡིན)

ཞེས་འདྲི་ན།

ངས(ང་རང་ཁེར་རྐྱང་གི་ལོ་ངོ་དེ་དག

ཁྱེད་ཀྱི་འཛུམ་མདངས་ཀྱིས་སྲུང་བ་ནི།

ང་ཡི་ན་ཟུག་ཡོད་ཚད་རྨང་ནས་དྭངས་བའི་རྒྱུ་ཡིན)

ཞེས་བཤད་ངེས།



ལོ་ན་བཞི་བཅུའི་རྗེས་སུ།

འུ་གཉིས་ཀའང་རྒས་ཟིན།

ད་ལྟ།

ཡོམ་ཡོམ་འདར་འདར་གྱིས་ལམ་དུ་བསྐྱོད་སྐབས།

དཔྲལ་བ་དང་སྤྱི་གཙུག་གཡས་གཡོན་དུ་འཁྱུག་པ་ནི།

ཇི་ལྟར་བལྟས་ཀྱང་།

བསྐལ་བར་མི་ཞུ་བའི་སེམས་ཀྱི་ཁ་བ་མཐུག་པོ་དེ་དང་།

ཨ་ན་མ་ན་རེད།

12561663993945_.pic.jpg


སྒོ།

 

སྒོ་ནི་གྲུ་བཞི་ནར་མོ་ཞིག་ཡིན།

གྲུ་བཞི་ནར་མོ་ནི་ལྕགས་ཀྱིས་བཟོས་ཆོག་ལ།

ཤིང་གིས་ཀྱང་བཟོས་ཆོག

གལ་ཏེ་ཁྱོད་ཀྱིས་སྒོའི་ཕྱི་རོལ་དུ་དོན་དག་ག་རེ་བྱུང་བ་ཤེས་འདོད་ན།

དེ་ན་སྒོའི་ལོགས་སུ་སྒེའུ་ཁུང་ཞིག་ཀྱང་བཟོས་ཆོག


སྒོ་ནི་གྲུ་བཞི་ནར་མོ་ཞིག་ཡིན།

གྲུ་བཞི་ནར་མོ་ནི་གསེར་གྱིས་བརྡུངས་ཆོག་ལ།

དངུལ་གྱིས་ཀྱང་བརྡུངས་ཆོག

གལ་ཏེ་དུས་འགྱུར་གྱི་རླུང་འཚུབ་དྲག་ཏུ་ལྡངས་བྱུང་ན།

ཁྱོད་ཀྱིས་གཏན་ཤིང་གིས་དམ་པོར་གཏན་ཆོག


ཁྱིམ་ཚང་རེ་རེ་ལ་སྒོ་རེ་རེ་ཡོད།

ཆེ་ཆུང་དང་ཡངས་དོག་མི་འདྲ་ནའང་།

དེ་ནི་འགྲོན་པོ་བསུ་སྐྱེལ་ལ་མེད་དུ་མི་རུང་བ་ཞིག་ཡིན།

ཁྱིམ་ཚང་ལ་ལས་སྒོའི་ཡ་ཐེམ་སྟེང་དྲིལ་ཆུང་རེ་བཏགས་ཏེ།

ཐག་རིང་གི་མགྲོན་པོ་སུ་ཡིས་སྒོ་དྲིལ་རྡུང་བར་སྒུགས།

ཁྱིམ་ཚང་ལ་ལས་སྒོའི་མར་ཐེམ་ཇེ་མཐོ་རུ་བཏང་སྟེ།

མཚན་གུང་གི་རྐུན་པོ་སུ་ཞིག་རྡོག་འགྲེད་ཤོར་བར་ལྐོག་ཉན་བྱེད།



སྒོ་ནི་གྲུ་བཞི་ནར་མོ་ཞིག་ཡིན།

གྲུ་བཞི་ནར་མོ་ནི་ཤིང་གིས་བཟོས་པ་ཡིན།

ཕྱི་མི་ནང་དུ་བསུ་བའི་སྐབས་སུ།

དེའི་མིང་ལ་སྒོ་ཟེར་ཏེ།

ཕྱི་མི་ནང་དུ་བསུ་མི་འདོད་པའི་སྐབས་སུ།

དེའི་མིང་ལ་མཁར་ཟེར།



སྟོན་ལྗོངས།



ཡུལ་ལྗོངས་ཕྱེད་ཀ་ཞིག་སྒེའུ་ཁུང་བརྒྱུད་ནས།

ང་ཡི་མེ་ཏོག་གི་བུམ་པའི་སྟེང་དུ་བབས།

དེ་དང་འགྲོགས་ནས་འོང་བ་ནི།

ཕྱི་དྲོ་འདིའི་ཉི་ཐིགས་ཁ་ཤས་རེད།

མགོ་བོ་ཀྲོག་ཀྲོག  ཀྲོག་ཀྲོག་བྱེད།


ཁུ་སིམ་མེར་བསྡད་དེ།

ཉི་ཐིགས་ལ་བལྟ་དུས།

རྡུལ་ཕྲན་སེར་པོ་ཞིག་མེ་ཏོག་གི་རྩེ་ནས་འཕྱུར་ཏེ།

ངའི་སྐྲ་ལོའི་སྟེང ་   གྱོན་གོས་སྟེང་།

སྙན་ངག་གི་དེབ་ཆུང་སྟེང་།

ག་ས་གང་དུ་བབས


མེ་ཏོག་ཆུན་པོ་ཞིག་ལག་ཏུ་ཐོགས་པའི

བུ་མོ་དེ།

ཉི་ནུབ་ཀྱི་སྤེན་མའི་གསེབ་ནས་འོང་།

 

དཔེར་ན།


གལ་ཏེ་ཁྱོད་ང་ལ་དགའ་ན།

དེ་ཡི་ཞོར་དུ་སྙན་ངག་ལའང་དགའ་རོགས།

དཔེར་ན།  ཁྱོད་སྡོང་བོ་ལ་འགའ་ན།

དེ་ཡི་སིལ་ཏོག་ལའང་དགའ་དགོས་པ་ཇི་བཞིན།


གལ་ཏེ་ཁྱོད་སྙན་ངག་ལ་དགའ་ན།

དེ་ཡི་ཞོལ་དུ་ང་ལའང་དགའ་རོགས

དཔེར་ན།  ཁྱོད་ཉ་མོ་ལ་དགའ་ན།

དེ་གནས་སའི་གཙང་བོ་ལའང་དགའ་དགོས་པ་ཇི་བཞིན།


གལ་ཏེ་ཁྱོད་ང་ལ་དགའ་ཞིང་སྙན་ངག་ལའང་དགའ་ན།

དེ་ན་ཁྱོད་མཛེས་སྡུག་གི་མི་ཡུལ་ལའང་དགའ་རོགས།

དཔེར་ན།  ཁྱོད་སྤྲིན་ལ་དགའ་ཞིང་ཆར་བ་ལའང་དགའ་ན།

དེ་ཉིད་རྒྱུ་སའི་ནམ་མཁའ་ལའང་དགའ་དགོས་པ་ཇི་བཞིན།


གྱེས་ཆང་།

 

ཆང་དཀར་ཡོལ་གང་བོ་འདི་འཐུང་རྗེས།

རི་རྩེ་རི་ཤོད་ཀྱི་རྩྭ་ལོ་དེ་དག་ཀྱང་སེར་པོར་འགྱུར་རན།

སེར་པོར་གྱུར་ཚར་ན།

ད་གཟོད་སེམས་པ་འདི་བདེ་རུ་འགྱུར་ངེས།


ཆང་དཀར་ཡོལ་གང་བོ་འདི་འཐུང་རྗེས།

ངས་ལག་པ་མ་བསྲིངས་པར་ཡང་ཉི་འོད་ལ་རེག་ཐུབ།

ཉི་འོད་ལ་རེག་ཚར་ན།

ད་གཟོད་སེམས་པ་འདི་ལྷོད་དུ་འབབ་ངེས།


ནམ་ཟླ་སྟོན་ལ་སླེབས་ཟིན་ན།

དབྱར་སྡོང་གི་ལོ་མ་ཚོའང་རེ་རེ་བཞིན་ལྷུང་འོས།

དེ་དག་འགྲེ་ལྡོག་རྒྱག་བཞིན་དུ་ལྷུང་བའམ།

དཔྱངས་ཐག་གློད་པ་བཞིན་ལྷུང་བ་གང་ཡིན་ཡང་།

ལྷུང་ཚར་ན།

ད་གཟོད་སེམས་པ་འདིས་འཁང་ཡུས་བྱེད་མི་སྲིད།


དེ་རིང་།

གྲོགས་པོའི་གྱེས་ཆང་ཕོར་གང་འཐུང་རག་བར་ལ།

ལམ་འགྲམ་གྱི་རྩྭ་ལོའི་ཁ་དོག་འགྱུར་ཞིང་།

ཉི་འོད་ཀྱི་དྲོད་གྲང་རིམ་པར་བརྗེས་ཏེ།

སྟོང་ཤིག་ཤིག་གི་ཡལ་ག་ཁ་ཤས་ཀྱིས།

ཟིན་ཐབས་མེད་པའི་རྒྱང་བཞུད་ཀྱི་རླུང་བུར།

ལག་གཡུག་གནང་བཞིན་པ་མཐོང་དུས།

ངས་ཀྱང་ཟོལ་འཛུམ་ཞིག་དང་བཅས།

འདེགས་ཐེངས་གཅིག་གིས།

སྐྱོ་ལ་ཁ་བའི་ཆང་རག་དཀར་ཡོལ་གང་།

གཙང་བཞེས་གནང་ཡོད།

12611663993948_.pic.jpg

དུང་རི་ལྷ་མོ།


གོ་ཐོས་སུ།    ཁྱོད།

ལོ་འགའི་སྔོན་དུ་གནས་ལ་བུད་སོང་ཟེར།

གནས་ནས་ཁྱོ་གའི་མནར་སྡུག་མ་བཟོད་པར།

སྐྱེས་མ་ཐག་པའི་བུ་མོ།

རང་གི་ཨ་མའི་གམ་དུ་སྐྱེལ་རྗེས།

ས་མཐའ་ཞིག་ཏུ་གཅིག་པུར་ལྡོམ་སོང་ཟེར།


དེའི་རྗེས་ཀྱི་ལོ་འགའི་ནང་ལ།

ཁྱོད་ལྷ་སའི་ཁྲོམ་གྱི(ཉི་མའི་གླིང་ཀ)ཟེར་བའི།

གཞང་ཁང་ཞིག་ན་ཡོད་རབས་ཟེར།

ཕྱོགས་ཕྱོགས་ཀྱི་མཇལ་བ་ཡིན་ན།

ཡུལ་སྐོར་བ་ཡིན་ན།

སུ་ཡིས་བོས་ན་ཁྱོད་དེ་དང་འགྲོགས་རབས་ཟེར།


དུང་རི་ལྷ་མོ   དེ་རིང་།

ངས་ཆུང་འདྲེས་ཀྱི་ཁྱོད་ལྷག་ཏུ་དྲན་གི།

ངས་ཁྱོད་ཀྱི་དཀར་ཞིང་ཚོ་བའི།

ངོ་གདོང་སྒོར་སྒོར་དེ།

མིག་འབྲས་ནག་པོ་དེ།

སྡེ་འདབ་ཀྱི་གྲམ་ཆུའི་འགྲམ་ནས།

སྐྲ་ལོ་བཀྲུ་བཞིན།

ལྷག་ལྷག་དགོད་པ་དེ་དྲན་གི།


ད་དུང་   བྱིས་པའི་དུས་སུ།

ངེད་གཉིས་ཞིང་འགྲམ་གྱི་རྩྭ་ལྡུམ་གསེབ་ཏུ་ཉལ་ཏེ།

ངས་ཁྱོད་ཀྱི་བྲང་ལ་རེག་ཙམ་དང་།

ཁྱོད་ཀྱིས་ངའི་འདོམས་ལ་རེག་ཙམ་བྱས་ཏེ།

ཁྱོད་ཀྱིས་ཅི་ཞིག་ཤེས་མདོག་དང་།

ང་ཡིས་ཅི་ཞིག་མྱང་མདོག་གིས།

ཕན་ཚུན་གྱི་གདོང་བ་དམར་པོར་ཆགས་པ་དེ་ཡང་།

ཞེ་ཐག་གིས་

དྲན་གི


ཞོགས་པ།

             


ཞོགས་པར་ངས་རྒྱུན་འདོན་གྱི་དཔེ་དེབ་དེ་ཁ་ཕྱེས།

ཞོགས་པར་ངས་རྒྱུན་འདོན་གྱི་དཔེ་དེབ་དེ་ཁ་ཟུམ།

ཞོགས་པར་ངས་ཇ་བག་ཐུམ་ཞིག་དུམ་བུར་བཅག

ཞོགས་པར་ངས་རྒྱུ་སྤུས་ཞན་པའི་ཇ་ནག་དེ་སྦངས།

ཞོགས་པར་ངས་དོར་ཐུང་ཚི་ལེན་ལྷན་དུ་གྱོན།

ཞོགས་པར་ང་འཁྲུས་ཁང་དུ་ཕྱིན་ཏེ།

ཐོག་མར་གདོང་ལ་འདག་རྫས་མང་པོ་ཞིག་བྱུགས།

དེ་ནས་ཆུ་གཙང་གིས་བཀྲུས།

སྐྲ་ཤད  སོ་བཀྲུས ངོ་སྣུམ་བྱུགས།

མེ་ལོང་དུ་བལྟས་ཏེ་འཛུམ་ཙམ་བྱས།


ཞོགས་པ་འདིར།

དོན་དག་གསར་བ་གང་ཡང་མི་འདུག


ཁ་སང་གི་ཞོགས་པ་དང་འདྲ་བར།

ཞོགས་པ་འདིར།

དོན་དག་གསར་བ་གང་ཡང་མི་འདུག

12551663993944_.pic.jpg

འདི་ལྟར་ཤི་སོང་ན།               


ང་འདི་ལྟར་ཤི་སོང་ན།

གསལ་བྱེད་སུམ་ཅུ་བོ་ཇི་ལྟར་བྱ།

བཀྲུས་བཀྲུས་ནས་ཁ་དོགས་ཀྱང་ཡལ་བའི།

བརྡ་སྤྲོད་ཀྱི་ལྭ་བ་འདི་དག་ཇི་ལྟར་བྱ།


སྤོས་ཀྱིས་གདུག་ཀྱང་ཆང་གིས་མཆོད་པའི།

མཆོད་སྒྲོམ་གྱི་དབྱངས་ཡིག་བཞི་བོ་ཇི་ལྟར་བྱ།


འདང་བརྩེ་ཡི་དབང་གིས།

ངའི་ཆེད་དུ་རང་སྲོག་བློས་བཏང་བའི།

སྙན་ངག་གི་དཔེ་དང་གཟུགས་རྒྱན།

རབ་བཏགས་དང་བསྡུས་བརྗོད་འདི་དག

ཇི་ལྟར་བྱ།


ང་འདི་ལྟར་ཤི་སོང་ན།

ངའི་ལུས་ལ་མེ་ཏོག་དང་དྲི་ངད་གཏོར་བའི།

མངོན་བརྗོད་དང་བརྡ་དག་ཚོགས་ཀྱིས།

ཅི་ཞིག་བྱ།


ང་འདི་ལྟར་ཤི་སོང་ན།

ངའི་མིག་དང་སེམས་ལ་འབྱར་བའི།

བོད་ཀྱི་ཡི་གེ་འདི་དག

དྭ་ཕྲུག་ཏུ་འགྱུར་ངེས།


ཡུན་རིང་གི་ལོ་ཟླའི་ནང་།

ང་དང་གྲུབ་མ་ལྟར་འགྲོགས་པའི།

ཚེག་དང་ཤད་འདི་དག

སྐྱོ་གདུང་གིས་ཤི་ངེས།


ད་ཅི་བྱེད་དམ།

ང་ནི་ཤི་རན་སོང་།

མྱུར་བ་མྱུར་བར་མ་ཤི་ན།

ངས་བྲིས་ཤིང་འབྲི་འགྱུར་གྱི།

སྙན་ངག་འདི་དག་ཀྱང་།

དུས་རབས་ཀྱིས་བསྣུབས་ཤིང་།

མི་རྟག་པས་ཟོས་ཏེ།

མི་རབས་ཕྱི་མར་སླེབས་དུས།

ལྷག་བསམ་འདིའི་རུས་པ་སྤར་མོ་གང་ཡང་།

ལྷག་རྒྱུ་མ་རེད།


འཆི་བར་འཇིགས་པ་མི་སྐྱེས་གི


འཆི་བ་ཇེ་ཉེ་ནས་ཇེ་ཉེ་ཡིན་པ་ངས་ཤེས་ཡོད།
ཡིན་ནའང ང་སྐྱོ་ཁོམ་མི་འདུག
ས་སྒང་འདིའི་གྲུ་ལོགས་ཤིག་ན།
ངས་རང་ཉིད་ཀྱི་ཉི་འོད་སྲུང་བཞིན་ཡོད།
རི་རྩེ་རུ་ཁ་བ་སྲབ་བུ་ཞིག་ལས་མེད་ནའང་།
ངས་དེ་ནི་ཕ་ལམ་ལྟ་བུའི་མཛེས་སྡུག་ཅིག་ཏུ།
བསྒོམས་ཡོད།
སོང་ས་བསྡད་ས་ན།
འགུལ་ཙམ་འགུལ་ཙམ་གྱིས།
ངའི་རྒྱབ་ཏུ་འབྲངས་འོང་བ་ནི་འཚོ་བའི་ཁྲོད་ཀྱི་ཁེར་རྐྱང་རེད།

འགྲོ་བཞིན་པ་དག་ཁེར་རྐྱང་གིས་འགྲོ་བཞིན་འདུག
འོང་བཞིན་པ་དག་ཀྱང་ཁེར་རྐྱང་གིས་འོང་བཞིན་འདུག
འགྲོ་འོང་གཉིས་ཀྱི་བར་མཚམས་འདི་ནས།
ངས་ངལ་གསོ་ཡིད་ཚིམ་པ་ཞིག་བྱེད་འོས་མོད།
སོང་ཟིན་པ་ཚོས་ང་ལ་ལམ་ཐག་ཧ་ཅང་ཉེ་ཟེར།
འོང་བཞིན་པ་ཚོས་ང་ལ་ལམ་ཐག་ཧ་ཅང་རིང་ཟེར།

ཅུང་ཙམ་བཞུགས་རོགས།


ད་དུང་ཅུང་ཙམ་བཞུགས་རོགས་ཞེས།

ངས་བུམ་པའི་ནང་གི་མེ་ཏོག་ལ་བཤད།

མེ་ཏོག་གིས་སྐེད་པ་བསྒུར་ཏེ།

མགོ་བོ་དང་ཁ་རུ་སྨད་སོང་།


ཅུང་ཙམ་བཞུགས་རོགས་ཟེར་དུས།

ཕྱེ་མ་ལེབ་རྒྱང་དུ་འཕུར་སོང་།

ཅུང་ཙམ་བཞུགས་རོགས་ཟེར་དུས།

ལོ་མའི་ངོ་གདོང་དམར་པོར་ཆགས་སོང་།


ཅུང་ཙམ་བཞུགས་རོགས་ཞེས།

ངས་རང་གི་ལུས་པོར་བཤད།

ལུས་པོ་ཁྱི་བཞིན་ཙོག་པུར་སྡོད་ཅིང་།

ཡུད་ཙམ་ནས་ན་ཟུག་གིས་འདར་ཡོམ་བྱེད་ཀྱིན་འདུག


ཅུང་ཙམ་བཞུགས་རོགས།  ང་ཡི་ས་གཞི །  

རི་གྲོག་དང་སྤང་ཐང་།

མ་ཎི་བརྐོས་པའི་རྡོ་བ་དང་བྲག་གཡང་།

སྨྲ་བ་བཅད་པའི་གངས་རི།

— འདི་ཡོད་ཚད་ཁུ་སིམ་མེར་བསྡད་དེ

ང་ལ་བལྟས་འདུག


ཅུང་ཙམ་བཞུགས་རོགས་གནོངས་དང་  ང་ཡི་བརྩེ་དུང་།

ང་ཡི་མཉེས་གཤིན་དང་བཀུར་སྟི།

ཁྱེད་ཅག་མེད་ཚེ།

ང་གཅིག་པུ་གསོན་པ་ལ་སྙིང་པོ་མི་འདུག


དེ་རིང་ནས་བཟུང་།


དེ་རིང་ནས་བཟུང་ ང་ལ་རང་དབང་ཐོབ་སོང་།

ལི་སྐྱའི་མདོག་གི་བྱེའུ་ཞིག

ལོ་མ་མེད་པའི་ཡལ་གའི་སྟེང་ན་གཉིད་ལྕོག་རྒྱག་གིན་འདུག

ལོ་མ་ཞིག་ལྗང་གུའི་ཁྲོད་ན་འགུལ་བ་བཞིན།


སྦྲ་གུར་སྟོང་པ་དེའི་ཕ་རོལ་ནི་སྤང་ཐང་རེད།

བེའུ་སྐེ་དྲིལ་གྱི་སིང་སྒྲ་རེ་རེ།

གཟའ་སྤེན་པ་འདིའི་སྔ་དྲོར་མཆེད་འོང་།

ཡོད་ཚད་དེ་འདྲའི་བབ་ཆགས་པ་ལ།


ཆེ་རྒྱུ་མེད་པའི་ཆུ་བོ་ཞིག་གི་ཉེ་ལོགས་ན།

ང་རང་ཉིད་ཀྱི་བྱང་ཐང་དུ་འཚོ་བཞིན་ཡོད།

ངའི་ལོ་ངོ་སུམ་ཅུའི་ཡར་སྔོན་གྱི་མིང་ཡིག་དེ།

གནས་འདིའི་རྡོ་བའི་ངོས་སུ་གསལ་ལ་མི་གསལ་དུ་མཐོང་།


དེ་རིང་  ཁ་ཐུམ་ཕུད་དེ་མཁའ་དབུགས་ཆུ་འཐུང་འཐུང་བྱེད།

ལྷིང་འཇགས་དེ།  མེ་ཡི་མེ་ཏོག་གི་ཁོག་ན་ཡོམ་ཡོམ་འགུལ།

ང་རང་རླུང་ཁ་རུ་འགྲེང་བའི་སྐད་ཅིག་མར།

ངའི་རུས་པ་མུན་ནག་ཁྲོད་སྔོ་ཡུག་ཡུག་འཚེར།


གནད་དོན།


གནད་དོན་གཙོ་བོ་ནི།

འཇིག་རྟེན་འདི་ཧྲིལ་པོ།

སྙན་ངག་གི་བརྗོད་བྱར་བསྡུ་བ་དེ་མ་རེད།


སྙན་ངག་ནི།

ཉི་འོད་དང་།  རླུང་དང་།

རྩི་ཤིང་གིས་གསོ་དགོས་པ་དེ་རེད།


དེ་ནི་འཆི་བ་དང་ཉི་མ།  གདོད་གཤིས།

མཛའ་མོའི་གཅེར་གཟུགས་ལ་སོགས་ཀྱིས་བཏེགས་པའི།

ཆེས་མཛེས་པའི་སྐད་ཆ་དེ་མ་རེད།


གནད་དོན་གྱི་གནད་དོན་ནི།

ཇི་ལྟར་སྒྲུབ་ཚེ་སྙན་ངག་བྱ་བ་དེ།

དབུལ་ཕོངས་པ་དག་གི་སྡོད་གནས་སུ་འགྱུར་བ་དང་།

ཁེར་རྐྱང་བ་དག་གི་དགོས་མཁོ་རུ་འགྱུར་བ་དེ་རེད།


རྒྱུ་མཚན་ནི་  མི་དེ་དག

སྙན་ངག་ཁྲོད་ཕན་ཚུན་སྤུན་གྲོགས་སུ་འགྱུར་བའི།

ཐ་སྙད་རྣམས་ལས།

ཁེར་རྐྱང་ཡིན་པས་སོ།།

12621663993948_.pic.jpg

ཁ་བ།


མདང་དགོང་།  ཁྱོད་ཁ་རོག་གེར་རྒྱུགས་འོངས་ཏེ།

ང་སྡོད་སའི་གྲོང་རྡལ་འདི་དཀར་པོར་བསྒྱུར་སོང་།

ཕོ་རོག་གམ་ཁྭ་ཏ་གང་ཡིན་མི་ཤེས་པ་གཉིས་ཁང་ཀླད་དུ་བབས་ཏེ།

“ཨ་ཁ་ཁ  ཨ་ཁ་ཁ”ཟེར་བཞིན་འདུག


དཀར་ནག་གཉིས་ཀྱི་བར་མཚམས་ནས་བལྟས་ན།

སྐྱ་རེངས་རྒད་པོ་དེ་རི་རྩེ་ནས་བབས་ཏེ།

རི་ལུང་ཀུན་ལ་དབེན་འཇགས་སྐྱེལ་བཞིན་མཆིས།

དུ་ཁུང་རེ་གཉིས་ལས་དུ་བ་ཡ་ཡོར་ཞིག་གྱེན་དུ་འཐེན་བཞིན་འདུག


སྒོ་ཕྱེས་པ་ཙམ་ལ།  བསེར་བུ་ཞིག་ནང་དུ་འཛུལ་འོངས་ཏེ།

ངའི་མདང་དགོང་གི་རྨི་ལམ་ཁྱེར་ནས་ཕྱི་རོལ་དུ་བརྒྱུགས་སོང་།

བསམ་ཚོད་ཀྱིས“དེ་རིང་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་རེད”སྙམ།

“མཁའ་དབུགས་ཀྱང་དེ་དང་འདྲ”སྙམ།

ངས་ལྭ་རིང་གི་གོང་བ་ཡར་བསླངས་ཏེ།

ང་རྒྱལ་གྱི་གོམ་པ་སྤོ་བཞིན།

བཀོད་ཐང་གཡོན་ཕྱོགས་ཀྱི་ཟ་ཁང་དེར།

ནངས་ཇ་འཐུང་བར་ཆས།


ཕམ་ཁ།


ཆོག་གི  ད་ལྟ་ངས་ཕམ་ཁ་ཡོད་ཚད་དང་ལེན་བྱས་ཆོག

གནམ་གྱི་རྒྱལ་མོའི་བཀའ་ལུང་དང་ཁ་ཆེམས་ཇི་བཞིན།

ངའི་མིག་ལ་ཆགས་པའི་ལིང་ཏོག་འདིས།

མེ་ལོང་དཀྱིལ་གྱི་གཟུགས་བརྙན་དེ་དག་མཐོང་གིན་མི་འདུག

ངའི་རྣ་བར་འབྱར་བའི་རྡུལ་དྲེག་འདིས།

སྒྲ་ཡི་ངོས་སུ་བབས་པའི་རོལ་དབྱངས་དེ་དག་ཐོས་ཀྱིན་མི་འདུག


མུན་ནག་གིས་མ་བཅིངས་པའི

ལུགས་རྙིང་གི་མཚན་མོ་ཕྱེད་ཀ

ད་ལྟ་འདི་ཡོད་ཚད་ངས་དང་ལེན་བྱས་ཆོག


ལྕེ་ཐོག་ལ་བབས་པའི་དྲག་ཆར།

སྙིང་ཁ་རུ་སྦྲུམ་པའི་སྤུ་གྲི།

དཔེ་ལྟར་ན།  རྩྭ་ཕྱགས་ཐེད་པོ  སྒོང་ཤུན་རུལ་བ།

དམ་བུའི་ཆག་གྲུམ་དང་སླ་ངའི་ཞབས་མཐིལ་ཇི་བཞིན།

འདི་ཡོད་ཚད་ངས་དང་ལེན་བྱས་ཆོག


སློབ་གསོས་མ་ཐུལ་བའི་བུ་མོ།

དུད་དྲེག་དང་བཅས་པའི་སྐད་ཆ།

འོ་དོད།  འོ་དོད།  འོ་དོད།

སྐྲ་ལོ་འཛིངས་ཤིང་ངོ་གདོང་གཉེར།

བྲང་ཁ་སྟོན་ཞིང་འཕོངས་རྐུབ་གཡུག

ལན་ཆགས།  ལན་ཆགས།  ལན་ཆགས།


ད་ལྟ།  ངས་ཕམ་ཁ་ཡོད་ཚད་དང་ལེན་བྱས་ཆོག


ནམ་ལངས་ཟིན།


ཁ་བ་བབས་ནས་ཞུ་སོང་།

ཁང་བའི་བྱ་འདབས་སུ་དཔྱངས་པའི་འཁྱག་རོམ་དག

དྭངས་ཤིག་ཤིག  ཆུ་ཡི་ཐིགས་པ་རུ་གྱུར་སོང་།

སྒེའུ་ཁུང་ཁ་རུ་བཞག་པའི་ཨ་གར་མེ་ཏོག་གིས།

མགོ་བོ་ཕྱིར་བསྲིངས་ཏེ་ཉི་འོད་ལ་རོལ་བར་བྱེད།


སློབ་མ་ཚོ་གཉིས་གཉིས་གསུམ་གསུམ་གྱིས།

དཔེ་ཆ་བཟུང་སྟེ།   སློབ་གྲྭའི་ར་བསྐོར་དུ་འགྲོ་བ་མཐོང་།

ལྷིང་འཇགས་དང་ཞི་བདེ་ཡི་མཁའ་དབུགས་འདིས།

བབ་ཆགས་དང་སོས་བསོད་ཀྱི་འཚོ་སྟངས་འདིར།

ངས་སེམས་གཏིང་གི་ཁ་བཏགས་ཤིག་འབུལ་འདོད།


སྐབས་འདིར་ཉི་འོད་མི་དྲོ་ནའང་སེམས་པ་ཧ་ཅང་སྐྱིད།

ལྗང་ལྡེམ་ལྡེམ་གྱི་རྩྭ་ལོ་དེ་དག་ཀྱང་ད་ལྟ་གཉིད་ལས་སད་འོས།

སྣུམ་ཚིར་ཚིར་གྱི་མགོ་བོ་ཡར་དགྱེ་སྟེ།

ང་ཡི་སྐྱོ་ཉམས་དོད་པའི་འཛུམ་མདངས་འདིར།

ཐེངས་གཅིག་བལྟ་འོས།


མི་གཅིག་གི་གཡོག་པོ་བྱེད་རྒྱུ།


མི་ཚེ་འདིར  ང་མི་གཅིག་གི་གཡོག་པོ་བྱེད་འདོད།

ཞོགས་པ་རེ་རེ་བཞིན།

ངས་ཁོ་མོ་གཉིད་ལས་བསླངས་ཏེ།

ཆུ་དྲོན་མོ་དང་རས་འཇམ་པོ་ལག་ཏུ་སྤྲོད་ངེས།


དེ་ནས་ངས་འབྲི་མོའི་འོ་མ་བསྐོལ་ཞིང་།

མར་དང་རྩམ་པ་མདུན་དུ་བསྐྱལ་རྗེས།

ངས་ཁོ་མོའི་པགས་ཚར་དང་ལྷམ་དང་།

ཚར་ཞྭ་དང་ཙན་དན་ཕྲེང་བ་ཕྱག་ཏུ་སྤྲོད་ངེས།


ང་མི་གཅིག་གི་གཡོག་པོ་བྱས་རྗེས།

ངས་ཁོ་མོའི་ཁང་པ་བསྲུང་དགོས།  སྒོ་ར་བསྲུང་དགོས།

ཁོ་མོས་རི་མགོ་ནས་བཏོགས་འོངས་པའི།

རྩྭ་དང་མེ་ཏོག་དེ་དག་ཀྱང་བསྲུང་དགོས།


ངས་ཞོགས་པ་ནས་བརྩམས་ཏེ།

ཁྲོ་ཡི་སླ་ང་གཅིག་དང་།  གཡང་ཊིའི་ཐུར་མ་ཆ་གཅིག

ཤིང་གི་ཕོར་བ་གཅིག་བཅས་བསྲུངས་ཏེ།

ཁོ་མོ་ནམ་ཡོང་ལ་རེ་བས་བསྒུག་ངེས།

མུན་རུབ་འོང་དུས།

ངས་ཁོ་མོར་འཇམ་མཉེན་གྱི་མལ་སྟན་བཏིངས་ཏེ།

སྔས་འབོལ་འཇོག་པ་དང་མལ་ཐུལ་བཀབ་སྟེ།

ཁོ་མོར་རྨི་ལམ་སྐྱིད་པོ་ཡོང་བའི་སྨོན་ལམ་འདེབས་ངེས།


མི་ཚེ་འདིར།  ང་གང་བྱུང་དུ་མི་འགྲོ།

ངས་ཁོ་མོ་གཅིག་པུ་བསྲུངས་ཏེ།

མཐའ་མཇུག་གི་མིག་ཟུང་བཙུམས་དུས་ཀྱང་།

ངས་ཁོ་མོའི་སྐེ་རགས་ཀྱི་སྣེ་ནས་འཇུས་ཏེ།

ལྷ་ཀླུ་མི་གསུམ་གྱི་གནས་གང་རུང་དུ་འགྲོ་རྒྱུ།


བདེ་མོ།

ཨ་རོགས  གོས་སྒམ་དེའི་ཁ་ཕྱེས་དང་།

ན་ནིང་ཉོས་པའི་ལྷ་སའི་སྣམ་བུ་དེའི་འོག་ན།

ཟླ་བ་ཆུང་ཆུང་ཞིག་ཡོད།

དེ་ནི་ལེ་དབར་ལྔ་སྟོང་གི་ཕ་རོལ་གྱི།

རི་བོ་ཧི་མ་ལ་ཡ་ནས་ཁྱེར་འོངས།


གྲོང་ཟད་དེ་འཇག་སྐྱ་ལས་མེད་པའི།

སྡེ་བ་འདི།  མིང་མཛོད་དུ་ཡོད་པའི་གུ་གེ་རྒྱལ་ཁམས་དེ་མ་རེད།

གུ་གེ་ནས་མཐོང་བའི་ཟླ་བ་དེ།  མཚམས་རེར་བར་སྣང་ཁམས་སུ་ཡོད་ལ།

 སྐབས་རེར་ཆུ་ཕྲན་ཀློང་ན་ཡོད།  ལན་རེར་སྤྲིན་པའི་རྒྱབ་ཏུ་ཡིབ་ཅིང་།

ཐུན་རེར་སྒེའུ་ཁུང་ཁ་རུ་འཆར་བཞིན་ཡོད།

བར་ཐག་གོམ་པ་བཅུ་ཙམ་ལས་མེད་པ་འདྲ་ལ།

ལག་པ་རྐྱོང་ཙམ་གྱིས་ཀྱང་འཛིན་ལོས་ཐུབ་འདོད་པའི་ཟླ་བ་དེ།

གུ་གེ་སྡེ་བ་རུ་ཧ་ཅང་ལྷིང་འཇགས་ཡིན།


འོད་སྣང་ཡང་མོ་ཞིག་སྡེ་འདབས་ཀྱི་ལམ་ཕྲན་སྟེང་དུ་བཏིང་།

ངའི་རྐང་པ་ཟླ་འོད་ཀྱི་སྟེང་དུ་བཞག་ནས།

ཟླ་བ་ཁྱོད་རང་མཚན་མོ་འདི་རུ་བསྐྱུར་དགོས་བྱུང་།

དགོངས་པ་མ་ཚོམས་རོགས།  ཟླ་བ།  ཟླ་བ།

ངས་ཁྱོད་ལ“བདེ་མོ”ཟེར་འདོད་མོད།

སླར་མཇལ་གྱི་ཉིན་མོ་ནམ་ཡིན་ཤེས་ཐབས་བྲལ།


འགྲོ་ཁར  ངས་ན་ནིང་ཉོས་པའི་ལྷ་སའི་སྣམ་བུ་དེ

ཁྱེད་ཀྱི་དྲན་རྟེན་དུ་ཉར་རོགས།

12601663993947_.pic.jpg

ལྷ་ཁང་རྙིང་པ་ཞིག


འདི་ནི་རབ་ཏུ་ཤིན་ཏུ་འཁྱག་པའི་ཕྱི་དྲོ་ཞིག་རེད།

ང་ལྷ་ཁང་འདི་རུ་འོངས།

ཕྱི་བལྟས་རྔམ་བརྗིད་ལྡན་པའི

ལྷ་ཁང་འདི་ནས།

ང་ཁ་ཏོན་ཁྲོད་ཀྱི་སྒྲོལ་མ་དང་མཇལ་བྱུང་།

སྒྲོལ་མ་ལྗང་གུ  སྒྲོལ་མ་དཀར་མོ།


སྐུ་སྐེད་རབ་ཏུ་ཕྲ  སྐུ་འཕོངས་རབ་ཏུ་རྒྱས།

ལྷ་ཁང་འདི་ཡི་སྒྲོལ་མ་སྔོན་མོ།

གླང་མགོ་ཅན་གྱི་ལྷ་ཞིག་གིས་བསྐོར་འདུག

རྟ་མགོ་ཅན་གྱི་འདྲེ་ཞིག་གིས་བསྐོར་འདུག

ལུག་མགོ་ཅན་གྱི་གདོན་ཞིག་གིས་བསྐོར་འདུག


མཆོད་སྟེགས་རྒྱབ་རོལ་གྱི་རྩིག་ལྡེབས་སུ།

ཐང་ཀ་རྙིང་རུལ་ཅིག་འདུག

ཙོང་ཁ་པ་ལོས་ཡིན་འདོད་པ་ཞིག་འདུག

དེའི་ཟུར་ན་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས།

དགའ་མགུར་སྤྱོད་པའི་འབག་སྐུ་ཆུང་བ་ཞིག་འདུག

དགའ་མགུར་སྤྱོད་པའི་ཉམས་ཚུགས་དེ།

དགོད་བྲོ་བོ་ཞིག  ན་ཟུག་གིས་ཁེངས་པ་ཞིག་རེད་སྙམ།


ལྷ་ཁང་གི་སྒོ་འགྲམ་ན།

བྱམས་སྐུ་ཆེན་མོ་ཞིག

མཐོ་ཚད་ལ་སྨི་དྲུག་ཅེས་བྲིས་འདུག

རྒྱའི་ལྷ་ཁང་གི་སྒོ་སྲུང་རྒྱལ་ཆེན་ཞིག་དང་འདྲ་བོ་འདུག


འདི་ནི་བསེར་བུ་གྲི་ལྟར་རྣོ་བའི་ཕྱི་དྲོ་ཞིག་རེད།

ང་གཅིག་པུ་ལྷ་ཁང་དུ་འོངས།

ངས་ལྷ་སྐུ་མང་པོ་ཞིག་མཇལ།

ལྷ་སྐུ་མང་པོ་ཞིག་གིས་ཀྱང་།

ཕྱི་དྲོ་འདིར་ང་མཐོང་སོང་།


ཕར་མཇལ་ཚུར་མཐོང་གང་ཡིན་ཡང་།

འགྱུར་ལྡོག་གང་ཡང་ཡོད་པ་མ་རེད།

ཕར་མཇལ་བ་དེས།

ངའི་གྲང་ངར་སེལ་མི་ཐུབ་ལ།

ཚུར་མཐོང་བ་དེས།

ཁོ་ཚོའི་ཁེར་རྐྱང་ཡང་བཟློག་མི་ནུས་སྙམ།


མུན་པ།


མུན་པ་ནི་མཚན་མོའི་ཕྱི་ལྤགས་ཤིག་རེད།

མཚན་མོ་ཁོ་ན་ནི་མུན་པ་གྱོན་མཁན་ལས་ཆེས་ལྷིང་འཇགས་དེ་རེད།

ནམ་མཁའ་དང་།

ས་གཞི་དང་།

རི་རབ་དང་།

གཙང་པོ་དང་།

རྒྱང་རིང་དང་།

མཐོང་མི་བཟོད་པ་དང་།

སྡུག་བསྔལ་དང་།

མར་མེ་ལ་སོགས་ནི།

མུན་པའི་ནང་རིམ་གྱི་ཆེས་འཁྲུག་ཆ་དོད་པོ་དེ་རེད།


མུན་པ་ནི་གློ་བུར་གས་པའི་དབུགས་ལྒང་ཞིག་དང་འདྲ་སྟེ།

མཁའ་དབུགས་ཇི་བཞིན་མུ་དང་མཐའ་མེད་པའི་ངང་བཀྱེ་འོང་།

མུན་པའི་ནང་རིམ་སྟོང་བ་དང་།

ཕྱི་རིམ་ཡང་ཞིང་གཡོ་བའི་དབང་གིས།

མྱ་ངན་དང་།

འཇིགས་སྐྲག་དང་།

ལྐོག་གསོད་དང་།

གཡོ་སྒྱུ་དང་།

བསམ་ཡུལ་ལས་འདས་པ་དང

རྣམ་རྟོག་དང་།

སྟོང་བསམ་ལ་སོག

སྒྲ་དང་གཡོ་བ་མེད་པར་བབས་འོང་།


གླུ་སྐད།


གླུ་དབྱངས་ལེན་མཁན་དེ་སུ་རེད།  ཁ་ཁུ་སིམ་པའི་ཉིན་གུང་འདིར།

སུ་ཡིས་བོད་སྐད་དག་མོ་ཞིག་གིས། སྣ་སྒྲ་ཅུང་ཟད་དང་བཅས་ཏེ།

ཡིད་སེམས་སྨྱོ་བར་བྱེད་པའི་གླུ་དབྱངས་ལེན་བཞིན་འདུག


མི་དེ་གྲོང་རྡལ་འདབས་རོལ་ན་ཡོད་དམ།

རྒུ་ཆུ་ཁའི་   ཁ་བ་མ་དག་པའི་སྤང་ཁུད་ཅིག་ན་ཡོད་དམ།

ཁོའི་ཉེ་ལོགས་ན་  རྩྭ་སྐྱ་ཧྲུག་ཧྲུག་ལྡོད་པའི་ནོར་ཁྱུ་ཞིག་ཡོད་དམ།


ངས་འདི་ལྟར་བྲེལ་བ་འཚབ་འཚུབ་ཀྱིས་ཁོ་རང་འཚོལ་བཞིན་ཡོད།

ཉིན་མོ་ཁ་དཀར་ངོ་དཀར་ཞིག་ལ།  དོགས་ཚོམ་གང་ཡང་མེད་པར།

གླུ་དབྱངས་ལེན་དོན་ཅི་ཡིན་ནམ།


ཡིན་ནའང་སྐབས་འདིར།  ང་རང་དབེན་སིམ་པར་བསྡད་ནས།

གླུ་དབྱངས་ཤིག་གི་འཕར་འཇགས   །

ཟླ་གསུམ་པའི་རླུང་བུ་རིའི་སྲིབ་ངོས་སུ་ལྡང་བ་བཞིན།

ཁ་བ་འཚུབ་ལང་ལོང་གི་དབྱངས་ཤིག


མིག་ཆུ་མེད་པར  ངུ་སྐད་མེད་པར།

སྨེང་བ་དང་བཅས།

ངའི་སེམས་ངོགས་སུ་མཆེད་དོན་ཅི་ཡིན།


གླུ་སྐད་དེས་ཕྱོགས་བཞི་ཡི་འོད་སྣང་ཡོད་ཚད།

བགྲེས་རྒུད་ཀྱི་གྲིབ་གཟུགས་ཤིག་ཏུ་སྒྱུར་བཞིན་འདུག

གླུ་སྐད་དེས་མཐའ་མེད་པའི་གདུང་བ་ཞིག

རུས་པའི་ནང་རིམ་དུ་སྐྱེལ་བཞིན་འདུག


              ཞུ་བ།


དེ་རིང་ནས་བཟུང་། ངའི་སྒོ་དང་སྒེའུ་ཁུང་ཡོངས་སུ་གཡོགས་པར་མཛོད།

དེ་རིང་ནས་བཟུང་། ངས་མཐོ་སྒང་འདིའི་ལྷིང་འཇགས་ཅུང་ཟད་རོལ་ཐུབ་པར་ཤོག

གལ་སྲིད་མེ་ཏོག་ཅིག་བཞད་ན། དེ་ཡང་རྩྭ་གསེབ་ནས་དལ་བུར་འགུལ་དུ་ཆུགས།

དུས་སྐབས་འདིར་འདབ་ཆགས་ཀྱི་འུར་སྒྲ་ཡང་མི་དགོས།

གལ་ཏེ་ཡོད་ན། དེ་དག་ཐམས་ཅད་ང་ཡི་ཉེས་སྐྱོན་དུ་བརྩིས་ཆོག


ད་དུང་དུས་ཚོད་ག་ཙམ་ལ།

ངའི་མཐོ་སྒང་འདི་ཞི་བདེ་རུ་གནས་ཐུབ་བམ།

ད་དུང་དུས་ཚོད་ག་ཙམ་ལ་འཕུར་ཟིན་པའི་བྱ་རྒྱལ་དེ་དག་ཕྱིར་ལོག་ཐུབ་བམ།

དེ་བས། ད་ལྟ་ངས་སྐད་གསངས་མཐོན་པོས། ངུ་ངག་དང་བཅས།

བླ་མ་ཡ། ང་ལ་འཇིག་རྟེན་ཕྱི་རོལ་གྱི་རླུང་སྒྲ་དེ་ཐོས་སུ་མ་འཇུག་ཅེས་ཞུ་འདོད།


ད་དུང་ཡང་། བླ་མ་ཡཱ།

ཁྱེད་ཀྱི་གཟན་ཤམ་དམར་པོའི་འོག་གི།

མ་དག་སེམས་ཅན་འདི་ཚོ་འདོར་མི་རུང་ཞེས་ངུ་ངག་གིས་ཞུ་འདོད།


     ཞེས་པ་འདི་ཁྱབ་བདག་རྫོགས་ཆེན་བླ་མ་སྐྱབས་རྗེ་པད་མ་སྐལ་བཟང་མཚན་ཅན་གྱི་གྱ་སྟོན་ལ་གུས་པ་གཅན་མེ་སྟག་ཏུ་འབོད་པ་ནས་ནད་ཁང་དུ་བྲིས་པ་དགེ་གྱུར་ཅིག



ཨ་མར་བྲིས་པ།


ནམ་ཞིག་ཁྱོད་རང་རྒ་པར་གྱུར་ཏེ།

དབུ་སྐྲ་དཀར་པོར་སོང་ལ།

གཉིད་ཀྱི་རིག་པས་ཡང་ཡང་གཙེས་དུས།

ཁྱོད་རང་ཁང་པའི་རབ་གསལ་དུ་བསྡད་ནས།

ང་ཡི་སྙན་ངག་འདི་དྲན་པར་བྱའོ།


འདིའི་དབྱངས་འགྲོས་དལ་ཞིང་ཡང་པོར་རྒྱུ་བ།

ངའི་ཚེ་ཕྱེད་ཀྱི་རྨི་ལམ་ཁྲོད་དུ།

ཁྱོད་ཉིད་གཞོན་དུས་ཀྱི་མིག་ཟུང་ཡོད་པས་ཡིན་ལ།

འདིའི་ཚིག་རིས་གབ་ཅིང་བསྡུས་པར་གྱུར་བ།

ཁྱོད་ཀྱི་ལང་ཚོའི་རྐེད་སྐབས་དང་མག་མོག་གི་རྒྱབ་གཟུགས།

ང་ཡི་རྣམ་ཤེས་ཟབ་ས་ན་ཡོད་པས་ཡིན།


རེད་དེ།  ང་ཁྱེད་ལ་དགའ་མྱོང་།

དེ་ནི་ང་ཡི་གཞོན་དུས་ཀྱི་རྨི་ལམ་ཁོ་ནས་མིན་ལ།

ཁྱོད་ལ་གཞན་སེམས་དཀྲུགས་པའི།

ཟུར་མིག་ལྡན་པས་ཀྱང་མིན།

ཁྱོད་ལ་གནས་མཇལ་གྱི་དག་སེམས་ལྟ་བུའི།

ཁྱོད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་ལྟ་བུའི།

གཞན་སེམས་ལྡན་པས་ཡིན།


རེད་དེ།  ང་ཁྱོད་ཀྱི་མཛེས་སྡུག་ལ་དགའ་མྱོང་།

ཁྱོད་ཀྱི་འཛུམ་མདངས་ཁྲོད་ཀྱི་བསླུ་བྲིད་རེ་རེ་ལའང་དགའ་མྱོང་།

ཡིན་ནའང་ཁྱོད་ཀྱི་གཞོན་པའི་ང་རྒྱལ་དང་འཁྱག་གྲང་དེས།

རྒྱུན་པར་ང་རང་ཁྱིམ་ནས་ཁྱིམ་མེད་པར་རྒྱང་དུ་དེད་སོང་།


ད་ལྟ  ང་རང་ཁྱོད་ཀྱི་ཤར་ཤུར་ཆགས་པའི་རྒས་གཉེར་ལ་དགའ་སོང་།

ཁྱོད་ཀྱི་ལུས་པོ་སྒུར་ཞིང་གོབ་པར་གྱུར་ལ།

རྐང་པ་གྱོལ་ཞིང་ཚེ་ཡི་གཟི་མདངས་ཤོར་བ་དེས།

ཁྱོད་རང་ནམ་རྒྱུན་ཚ་དྲོད་བརྟས་པའི་ཐབ་འགྲམ་དུ་གཅིག་པུར་སྡོད་དུས་ཀྱང་།

གདངས་ཧ་ཅང་དམའ་བའི་སྐད་ཀྱིས།

གཞོན་དུས་ཀྱི་ང་རང་གླེང་བཞིན་ཡོད་ཟེར།

ཡི་མུག་པའི་སྐད་ཀྱིས་ཤོར་ཟིན་པའི་བརྩེ་དུང་གླེང་བཞིན་ཡོད་ཟེར།


ཡིན་ནའང་  ང་སྔར་བཞིན་ཁྱོད་ལ་དགའ།

ང་ཁྱོད་ཀྱི་བབ་ཆགས་དང་དྲང་གཤིས་དེ་ལ་དགའ།

ཁྱོད་ཁང་པའི་རབ་གསལ་དུ་བསྡད་ནས།

གཉིད་ལྕོག་རྒྱག་དུས་ཀྱང་།

ང་ཡི་སྙན་ངག་འདི་ཉིད་དྲན་པར་བྱའོ། ། 

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།