མི་ལ་རས་པའི་སྔ་དུམ་དང་ཕྱི་དུམ།

WechatIMG1334.jpeg

སྔ་དུམ།"

ཡབ་ཤེས་རབ་རྒྱལ་མཚན་གྱི་དཔྲལ་བའི་མིག་ཟུང་།། 

ཡུམ་མྱང་ཚ་སྐར་རྒྱན་གྱི་དྲིན་གྱི་ལན་ཆགས།།

གཉེན་ཉེ་དུ་ཡི་གདོན་ལྟར་ཕུད་པའི།། 

ཡུལ་གུང་ཐང་གི་མ་སྨད་ལས་ངན།།  

བྲག་ས་རྡོ་བརྩིགས་པའི་རྩིག་པ་མཐོ།། 

རོ་རུས་པའི་སྟེང་གི་སྐྱི་ལྤགས་སྲབ།། 

གཉའ་ཚང་ར་གཉིས་ཀྱི་ལྷུ་མགོ་ཐེད།། 

རྒྱབ་རྣག་ཁྲག་ཆུ་སེར་ཆུ་བཞིན་བརྡོལ།།

ཤ་རིད་དེ་རུས་ཀྲང་འབར་འབུར་བྱེད།། 

མདངས་ཡལ་ཏེ་རོ་མདོག་སྔོ་སྐྱར་གྱུར།། 

རྗེ་མར་པས་རྡོ་དང་དབྱུག་པས་བསྣུན།།

ལུས་ན་ཚ་བཟོད་དམ་མ་བཟོད་ཀྱེ།། 

ཚེགས་དཀའ་ལས་མི་གཙང་ལྟར་དུ་དོར།། 

མགོས་སྡིག་སྒྲིབ་རལ་བ་འདོམ་གང་དྲུད།། 

སྲང་བཞི་མདོ་ལྔ་མདོར་ཁྱི་བཞིན་རྒྱུ།།

ལོ་ཟླ་བ་མུ་གེ་གཡོག་གིས་བསྐྱལ།། 

ལུས་སེམས་ཀྱི་སྡུག་བསྔལ་བག་རེ་ཚ།།

ན་ཚོད་ཀྱི་སྡུག་ཡུས་སུ་ལ་ཕོས།།

དོ་ཤི་དང་དོ་ཆད་ག་ཙམ་བྱས།།

ཤི་དམྱལ་བ་མཐོང་ངམ་མ་མཐོང་ཀྱེ།། 

ཆོས་ཕྱིར་དུ་ངལ་བ་ཁྱད་དུ་བསད།།

ཕྱི་དུམ།"

ཁྱོད་འཁོར་བའི་ཆོས་ལ་ཞེན་ལོག་སྟེ།། 

ལུས་སྒོམ་ཐག་སྣེ་མོར་དམ་དུ་འཇུས།། 

ཁྱོད་སྒོམ་ཞུ་མནབས་ནས་རི་ལ་བཞུགས།། 

རིར་སྒྲུབ་ཁང་མཛད་ནས་ལོ་མང་བཞུགས།། 

བྱ་རི་དྭགས་གཅན་གཟན་གྲོགས་སུ་བཀུག །

སེམས་ཏིང་འཛིན་བསྒོམས་པའི་བསྒོམས་ཀྱང་གྲོལ།། 

མགུར་ལྡ་མ་ལྡེམ་གྱིས་ཁམས་ཀྱང་གསོས།། 

ཟས་ཏིང་འཛིན་ཟས་སུ་ཡང་ཡང་གསོལ།། 

ཆོས་བདག་མེད་ལྟ་མགུར་ཐོལ་གྱིས་མགུར།།

རྟགས་རྟེན་འབྲེལ་གཉིས་ཀྱང་ངང་གིས་འགྲིག །

མི་རྟ་བསད་སྡིག་སྒྲིབ་རིམ་གྱིས་བྱང་།།

རྗེ་མི་ལའི་ཞེ་རྩ་ཆོས་ཀྱིས་དྲོས།།

ཡུམ་མྱང་ཚའི་དབུགས་རྔ་དེ་ནས་ཆོད།། 

རི་བྲག་རོང་གཉིས་སུ་འུག་པ་བཞིན།། 

རྗེ་ཡབ་ཡུམ་དྲན་ནས་ནགས་སུ་བཤུམས།། 

སྤྲིན་བང་རིམ་ཅན་ལ་འཕྲིན་ཡང་བསྐུར།། 

ཆགས་འཛིན་དང་རེ་དོགས་དབྱིངས་སུ་ཡལ།། 

གཞི་རྫོགས་པ་ཆེན་པོའི་རྣམ་འབྱོར་པ།།

རྗེ་མི་ལའི་ཞབས་རྡུལ་སྤྱི་བོས་ལེན།། 

༢༠༢༢ ༣ ༡༧  

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།