རི་གངས་དཀར་གྱི་དབུ་འཕང་མཐོན་པོ།།
ཆབ་ཆུ་བོ་ཡི་བཞུར་སྒྲ་ལྷུང་ལྷུང་།།
བྱ་བྱེའུ་ཡི་གསུང་སྙན་གྲག་ལེ།།
ཤྭ་རི་དྭགས་ཀྱི་རྩེད་འཇོ་ངོམ་ས།།
གནས་དབེན་པ་དེར་བླ་མ་བཞུགས་ཡོད།
ཕྱི་འཁོར་བ་ལ་ཞེན་ཆགས་མེད་པའི།།
ནང་ཏིང་འཛིན་གྱི་རྒྱལ་ས་བརྟན་པོ།
གོས་ངུར་སྨིག་གི་རྒྱལ་མཚན་གསོལ་བ།།
འདབ་དྲུག་ལྡན་གྱི་སྤྱིལ་ཆུང་ནང་དུ།།
ཆོས་འོད་གསལ་གྱི་ཉི་མ་སེར་པོ།།
དབུ་སྐྲ་ལོ་ལ་དཀར་མདོག་དོད་ཀྱང་།།
ཞལ་བཅོ་ལྔ་ཡི་ཟླ་གསར་ཚེས་འདྲ།།
སྤྱན་ཐོ་རེངས་ཀྱི་སྐར་ཆེན་ཤར་འདྲ།།
ལོ་བརྒྱད་ཅུ་ཡི་གནས་བརྟན་བགྲེས་པོ།།
བློ་ཤེས་རབ་ལ་ཉི་ཟླ་ཁ་སྦྱོར།།
སྐུ་ཚུལ་ཁྲིམས་ཀྱི་དྲི་བཟང་འཐུལ་ལེ།།
གསུང་དམ་ཆོས་ཀྱི་ཆོས་སྒྲ་སྙན་མོ།།
ཐུགས་རང་བྱུང་གི་ནམ་མཁའ་འོད་གསལ།།
ལུང་སྡེ་སྣོད་ཀྱི་ཡོན་ཏན་རྒྱ་མཚོ།།
ལམ་བསླབ་གསུམ་གྱི་རིན་ཆེན་ནོར་བུ།།
འཁོར་མང་པོ་ཡི་བརྗིད་ཉམས་མེད་ལ།།
ལས་དགའ་སྡུག་གི་རྫུ་བག་མི་གནང་།།
གདན་ཁྲི་ཐོག་གི་འགྱིང་ཉམས་མེད་ཅིང་།།
ཕྱི་ཆོས་བརྒྱད་ལ་གྱེས་ཕྱག་ཕུལ་བའི།།
རྗེ་སངས་རྒྱས་ཀྱི་བླ་མ་མཇལ་སོང་།།
ཡུལ་རྫ་རྒྱུད་ཀྱི་པདྨ་དཀར་པོ།།
གནས་རུ་དམ་གྱི་གངས་སེང་དཀར་མོ།།
བོད་ཆོལ་གསུམ་གྱི་བསྟན་པའི་སྲོག་ཤིང་།།
ཆོས་རྫོགས་ཆེན་གྱི་དགའ་རབ་དཔའ་བོ།།
མཚན་དོན་ལྡན་གྱི་བླ་མ་དམ་པ།།
དྲིན་འཁོར་མེད་ཀྱི་མཚོ་སྐྱེས་རྡོ་རྗེ།།
ལྷ་ཨོ་རྒྱན་གྱི་རྣམ་རོལ་ཆེན་མོ།།
སྐྱབས་ཀུན་འདུས་ཀྱི་ཁྱབ་བདག་བླ་མ།།
ཡུལ་གང་སྣང་གི་རྟེན་འབྲེལ་ཡག་བྱུང་།།
ལས་རྣམ་དཀར་གྱི་མཇལ་བ་བཟང་ངོ་།།
མགོན་འཇིགས་བྲལ་གྱི་བླ་མའི་རྒྱལ་ཚབ།།
རྗེ་ཡོངས་འཛིན་གྱི་བྱིན་རླབས་ཞུགས་ས།།
སྡེ་འབྲོག་རུ་ཡི་སྐྱབས་ཀྱི་དྭངས་མ།།
མཚན་ཐོས་ཙམ་གྱིས་དད་པ་སྐྱེ་བའི།།
ཕ་བླ་མ་ཡི་སྐུ་ཚེ་བརྟན་ཤོག །
ཟླ ༩ ཚེས ༢༢ ཉིན་བླ་མ་རིན་པོ་ཆེ་མཇལ་བའི་དུས་ཚེས་ཁྱད་པར་ཅན་ལ་བྲིས་པ་དགེའོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།