མ་འབྲོག་པ་ང་ཡི་རུ་སྡེ་ཡིན།
སྒོ་སྤྲེལ་ངེས་དོན། ༼རྟའུ་གཡུ་ཁོག༽
རི་མཐོན་པོ་སེམས་ཀྱི་བླ་རི་ཡིན།།
ཐང་ཆེན་པོ་འཚོ་བའི་གནས་མལ་ཡིན།།
ཆུ་དྭངས་མོ་གཤིས་འཇམ་སྤྱོད་པ་ཡིན།།
མ་འབྲོག་པ་ང་ཡི་རུ་སྡེ་ཡིན།།
ཁྲི་ལོར་ཤོག ང་ཡི་འབྲོག་པ།
མར་ཆུར་བ་རི་རབ་བརྩེགས་འདྲ་ཡིན།།
དཀར་འོ་མ་འཛད་མེད་ཆུ་གཏེར་ཡིན།།
རྟ་ནོར་ལུག་གཡང་གི་རུ་མ་ཡིན།།
མ་འབྲོག་ང་ཡི་རུ་སྡེ་ཡིན།།
ཁྲི་ལོར་ཤོག ང་ཡི་འབྲོག་པ།
སྦྲ་སྨུག་ཆུང་སྐྱིད་པའི་གཞིས་ཁྱིམ་ཡིན།།
སེམས་སྣང་བ་ཨ་སྔོན་རྒོད་པོ་ཡིན།།
གླུ་སྙན་མོ་དེ་རིང་ཁྱེད་ལ་ལེན།།
མ་འབྲོག་པ་ང་ཡི་རུ་སྡེ་ཡིན།།
ཁྲི་ལོར་ཤོག ང་ཡི་འབྲོག་པ།
༢༠༢༢-༣-༢༤
ལས་ཀྱི་མི།
ལས་ལམ་ཐུག་བྱུང་བའི་མི་ལ།།
ཚིག་སྙིང་གཏམ་ལན་གསུམ་བཤད་ནོ།།
དགུང་ཨ་སྔོན་གཡོ་ཟོལ་མེད་འདྲ།།
གསེར་ཉི་ཟླའི་ཐུགས་ལ་བབས་འདྲ།།
འདི་ཡང་ཡང་མཐུན་ཀི་སྨོན་ལམ།།
གཞི་འཁོར་བའི་གྲོགས་ཀྱི་ཆུང་མར།།
འགྲོགས་འདྲེས་པའི་ཞེ་རྩ་བརྟན་ནོ།།
མཐོ་བྲག་དཀར་གཡོ་ཟོལ་མེད་འདྲ།།
རྒོད་ཐང་དཀར་ཐུགས་ལ་བབས་འདྲ།།
འདི་ཡང་ཡང་བརྟན་ཀི་སྨོན་ལམ།།
རུ་སྡེ་ཆེན་གྲོང་གི་འུ་གཉིས།།
ཁྱིམ་བདེ་སྐྱིད་དཔལ་ལ་འཁོར་ནོ།།
ནང་ཕུ་ནུ་གཡོ་ཟོལ་མེད་འདྲ།།
དྲིན་ཕ་མའི་ཐུགས་ལ་བབས་འདྲ།།
འདི་ཡང་ཡང་སྐྱིད་ཀི་སྨོན་ལམ།།
༢༠༢༢ ༣ ༡༦
འཁོར་བའི་སྣང་བ།
སྐྱེས་ཤར་ལུ་རྒྱལ་ཁམས་འཁྱམས་པོ་རེད།།
བསང་རླུང་རྟའི་མཆོད་ཁ་མ་ཆད་ན།།
བུ་གན་ཀི་ཁ་རྗེ་དབང་ཐང་ཚོ།།
ཀི་ལྷང་ལྷང་འབོད་ཀི་ཡང་དར་རེད།།
མ་བུ་མོའི་སྐྱིད་སྡུག་གནས་ན་ཡོད།།
སྡེ་མར་ཁུ་འདྲ་བོ་མ་འཆུག་ན།།
མ་མཛངས་མ་འཁོར་བའི་རྟེན་ཕུར་གྱིས།།
ཁྱིམ་བདེ་སྐྱིད་གཡང་གིས་བསྲུངས་ནས་ཡོད།།
སེམས་སྣང་བ་མཐུན་པའི་འུ་གཉིས་ཀས།།
སྦྲ་སྨུག་ཆུང་གྲུ་བཞིའི་ཐབ་ཚང་ན།།
ནང་བཟའ་ཚང་སྐྱིད་པའི་དགོད་སྒྲ་ཡིས།།
གཞི་འཁོར་བའི་མེ་ཁ་གསོས་ནས་ཡོད།།
༢༠༢༢ ༣ ༡༨
ཆག་བཞག་ན།
སེམས་གངས་དཀར་དཀྱིལ་ན་མི་ཞིག་ཡོད།།
ཆག་བཞག་ན་ཉི་ཟླའི་ཡན་ཟིག་རེད།།
དྲིན་ཕ་མ་ཚེ་ཐག་རིང་རྒྱུ་གཉིས།།
སྐྱིད་གཡང་ཁྱིམ་ཚང་གི་ནོར་བུ་ཡིན།།
འདང་བརྩེ་བའི་གླུ་དབྱངས་ཁྱེད་ལ་ལེན།།
ཚིག་མགུར་མའི་དབྱངས་རྟ་ཁྱེད་ལ་འགུག།
ཞེ་སྣང་བའི་དཀྱིལ་ན་མི་ཞིག་ཡོད།།
ཆག་བཞག་ན་སྲོག་གི་ཡན་ཟིག་རེད།།
ཆུང་བྱམས་པ་བསམ་དོན་འགྲུབ་རྒྱུ་མ།།
གཞི་འཇིག་རྟེན་འཁོར་བའི་གཟུངས་འཇུག་ཡིན།།
འདང་བརྩེ་བའི་གླུ་དབྱངས་ཁྱེད་ལ་ལེན།།
ཚིག་མགུར་མའི་དབྱངས་རྟ་ཁྱེད་ལ་འགུག།
༢༠༢༢ ༤ ༡
སྲིང་ཆུང་མ།
གཤིས་སྤྱོད་པ་ཨ་འཇམ་ཚར་ལྭ་ཡིན།།
ལག་ལས་ཀ་ཨ་འཛོམས་ཆ་འཛོམས་ཡིན།།
བཞིན་ཡག་པ་བཅོ་ལྔའི་དུང་ཟླ་ཡིན།།
ངའི་སྲིང་ཆུང་ཁ་དྲོ་བཀྲ་ཤིས་ཤོག།
དྲིན་ཕ་མའི་ཕྱག་གི་གསེར་འཁར་ཡིན།།
ནང་ན་ཟླའི་ཁྲོད་ཀྱི་མེ་ཏོག་ཡིན།།
ཁྱིམ་གྲུ་བཞིའི་ནང་གི་ནོར་བུ་ཡིན།།
ངའི་སྲིང་ཆུང་ཁ་དྲོ་བཀྲ་ཤིས་ཤོག།
དབྱངས་གསལ་བྱེད་སོ་བཞིའི་བདག་མོ་ཡིན།།
མཛངས་ཤེས་རབ་སྒེག་མོའི་ཡུམ་ཆེན་ཡིན།།
ངས་དེ་རིང་ཁྱེད་ལ་གླུ་ཞིག་ལེན།།
ངའི་སྲིང་ཆུང་ཁ་དྲོ་བཀྲ་ཤིས་ཤོག།
༢༠༢༢-༤-༤
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།