༄༅། །དཔེ་ཝར་མཆོག་སྤྲུལ་འཆི་མེད་རྡོ་རྗེའི་མཛད་རྣམ་གྱི་ཟུར་ཞིག

14091669539713_.pic.jpg

༧དཔེ་ཝར་མཆོག་སྤྲུལ་འཆི་མེད་རྡོ་རྗེ་ལགས།

དོ་ནུབ་ཁྲེང་ཏུའུ་ཡི་གནམ་གཤིས་གློར་བུར་དུ་འགྱུར་ནས་ཕྱི་རོལ་ཏུ་དྲག་ཆར་ཧྲག་ཧྲག་ཏུ་འབབ་བཞིན་རླུང་བུ་འུར་འུར་དུ་ལྡང་བས་སྒེའུ་ཁུང་ཟུར་གྱི་སྡོང་ལོ་རྣམས་ཀྱང་སིག་སིག་ཏུ་འདར་བཞིན་སྐབས་འགར་ལོ་མ་སེར་པོ་རྣམས་ཁ་བ་འབབ་པ་བཞིན་གང་སར་སྤུར་བཞིན་འདུག

གློ་བུར་དུ་སློབ་གྲོགས་གུར་དགའ་ལགས་ཀྱིས་འཕྲིན་ཕྲན་དུ་དཔེ་ཝར་རིན་པོ་ཆེ་འདས་སོང་བའི་གནས་ཚུལ་ཞིག་བཏང་སོང་། ངས་ཅུང་ཡིད་མ་ཆེས་པར་གྲོགས་པོ་གཞན་དག་གི་འཕྲིན་ཕྲན་དུ་བལྟས་པས་མང་པོ་ཞིག་གིས་དཔེ་ཝར་རིན་པོ་ཆེའི་འདྲ་པར་དང་བརྙན་དག་ལ་རྗེས་དྲན་གྱི་ཚིག་རྐང་འགའ་སྦྱར་ནས་བརྒྱུད་བསྐུར་མང་པོ་བྱེད་བཞིན་འདུག །ངས་དེ་མ་ཐག་ཉིན་ཤས་སྔོན་དུ་དྲ་ཐོག་ནས་ངོ་ཤེས་པའི་དྲ་མིང་ལ་དཔེ་ཝར་ཆོས་ལྡན་ཞེས་པའི་གྲྭ་པ་ཞིག་ལ་སྐད་ཆ་དྲིས་པས་ཁོང་གིས་ཀྱང་ཉིན་གསུམ་སྔོན་ནས་དཔེ་ཝར་རིན་པོ་ཆེ་རྒྱ་ཡུལ་དུ་འདས་ཤིང་དོ་ནུབ་(༢༠༢༢ལོའི་རྒྱ་ཟླ་༡༠པའི་ཚེས་༥ཉིན།)སྐུ་གདུང་ཡར་དགོན་ནང་དུ་བསུ་རྒྱུ་ཡིན་ཞིང་སང་ཉིན་ཚེས་༦གི་ཉིན་གུང་ཙམ་དུ་དཔེ་ཝར་དགོན་དུ་བསླེབ་རྒྱུ་རེད་པས་ཁོ་ཚོས་ད་ལྟ་སྐུ་གདུང་བསུ་བའི་གྲ་སྒྲིག་བྱེད་བཞིན་ཡོད་ཟེར་བ་ཐོས་པས་གཞི་ནས་ཁོང་འདས་སོང་བར་གཏན་འཁེལ་བྱུང་བས་བརྗོད་མི་ཤེས་པའི་བློ་ཕམ་ཆེན་པོ་ཞིག་སྐྱེས་སོང་།

ང་རང་གི་ངོས་ནས་བཤད་ན་ཁོང་ནི་ཧ་ཅང་བཀའ་དྲིན་དམིགས་བསལ་དུ་ཆེ་ཞིང་། ཁོང་གིས་ང་རང་བོད་ཡིག་སློབ་གྲྭ་རུ་བཏང་ནས་མི་ཚེའི་ལམ་སྟོན་གནང་བ་དང་། ཐེངས་ཤིག་ང་རང་ནད་ཚབས་ཆེན་ཞིག་ཕོག་ནས་ཤི་གྲབས་བྱེད་སྐབས་སྨན་པ་བཏང་ནས་ཚེ་སྲོག་ཡང་སྐྱབས་མྱངས། དོ་ནུབ་གློ་བུར་དུ་ཁོང་འདས་སོང་བ་ཐོས་དུས་མཐོ་ཟིལ་ཁྲོམ་རི་བོ་ཐང་དུ་ཉིལ་ཞིང་། དམའ་ཟིལ་ཆུ་སྔོན་མོའི་བཞུ་རྒྱུན་ཆད་པ་ལྟ་བུའི་སྔར་སྐྱེ་མ་མྱོང་བའི་ཚོར་བ་དྲག་པོ་ཞིག་སྐྱེས་པ་དང་ཆབས་ཅིག་ང་རང་གིས་ཁོང་ངོ་ཤེས་ནས་བཟུང་གི་མི་ལོ་བཞི་བཅུ་ལྷག་གི་གནས་ཚུལ་ཐར་ཐོར་མང་པོ་ཞིག་ལ་ཕྱིར་དྲན་བྱས་ཏེ་གཉིད་ཀྱང་མ་ཁུག །

14101669539718_.pic.jpg

 ང་རང་ཆུང་དུས་ཀྱི་མཚན་མོ་ཞིག་ལ་ཁོང་ཐེངས་དང་པོ་མཇལ།


ངའི་ཁྱིམ་བརྒྱུད་དང་དཔེ་ཝར་རིན་པོ་ཆེ་འབྲེལ་འདྲིས་ཧ་ཅང་ཟབ་པས་ང་རང་གིས་ཆུང་དུས་ནས་དཔེ་ཝར་རིན་པོ་ཆེ། དཔེ་སྤྲུལ་སྐུ། སྤྲུལ་སྐུ་འཆི་མེད་སོགས་ཀྱི་མཚན་ནི་རྣ་འཇགས་སུ་གྱུར་ཟིན། ང་རང་ཕལ་ཆེར་ལོ་ལྔ་ཙམ་ཡིན་པའི་ཉིན་ཞིག་ཏུ་ངའི་ཞང་པོ་ཨ་ཉ་ཡིས་སྡེ་དགེ་རྫོང་མཁར་དུ་ཁྲིད་སོང་། དེ་ནི་ང་རང་ཐེངས་དང་པོར་ཆེས་ས་ཐག་རིང་སར་བསྐྱོད་པ་དང་། ཐེངས་དང་པོར་ལག་སྐྱོར་ཐའོ་ལ་ནང་བསྡད་པ། ཐེངས་དང་པོར་དཔེ་ཝར་རིན་པོ་ཆེ་མཇལ་བ་ཡིན་པས་ནམ་ཡང་བརྗེད་རྒྱུ་མི་འདུག །

མཚན་མོར་སླེབས་དུས་ཞང་པོས་ང་རང་ལུང་པའི་སྦུག་ཞིག་ཏུ་ཁྲིད་ནས་དཔེ་ཝར་རིན་པོ་ཆེ་མཇལ་སོང་། སྐབས་དེར་ད་དུང་ཆོས་སྒོ་ཕྱེས་མེད་པས་དཔེ་ཝར་རིན་པོ་ཆེ་སྡེ་དགེའི་དངུལ་ཕུ་ནང་དུ་སྐུ་མཚམས་སུ་བཞུགས་ཡོད། ངའི་ཨ་མྱེ་དང་ཞང་པོ་སོགས་ཀྱིས་རྒྱུན་དུ་ཁོང་ལ་རྩམ་པ་དང་མར་སོགས་ལྐོག་ཏུ་སྐྱེལ་སར་འགྲོ་བཞིན་ཡོད། དེ་སྐབས་ཁོང་གིས་ཕྱི་མི་དང་འབྲེལ་བ་བཅད་ཅིང་། ནང་མིས་ཀྱང་མཚན་མོར་བཅད་རྒྱ་གྲོལ་རྗེས་མ་གཏོགས་མཇལ་མི་ཐུབ། དེ་ནུབ་ཁང་པའི་ནང་དུ་མཆོད་མེ་རྐང་གཅིག་གི་གསལ་ཁ་ལས་མེད་པས་ཁོང་གི་ཞལ་ངོའང་གསལ་པོ་མཐོང་མི་ཐུབ། ཁོང་ལ་ཅི་ཞིག་ཞུས་པ་དང་ཁོང་གིས་ཅི་ཞིག་གསུངས་པ་ད་ལྟ་ཡེ་ནས་བརྗེད་ཟིན། བརྗེད་མེད་པའི་དོན་གཅིག་པུ་ནི་ཁོང་རྩར་ནས་ཟྭ་མའི་ཐུག་པ་ཞིམ་པོ་ཞིག་འཐུང་ཚུལ་ད་ལྟའང་དྲན་བཞིན་འདུག །

རྗེས་སུ་ཁོང་གི་ལོ་རྒྱུས་སུ་བལྟས་པས་དུས་འགྱུར་སྐབས་སུ་སྡེ་དགེའི་ལྷུན་གྲུབ་སྟེང་དུ་ལོ་ཉི་ཤུ་ཙམ་ལ་བཅད་རྒྱའི་ཚུལ་དུ་བཞུགས་ནས་སྒྲོལ་དཀར་ཚེ་སྒྲུབ། མགོན་དཀར་ཕྱག་དྲུག །ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ། རྣམ་འཇོམས། བཀའ་འདུས་ཆོས་ཀྱི་རྒྱ་མཚོ། ཆོས་ཀྱི་བློ་གྲོས་ཀྱི་དགོངས་གཏེར་སེང་གདོང་མ། མཁའ་འགྲོ་གསང་འདུས། ནཱ་རོ་མཁའ་སྤྱོད། ཡང་ཕུར་སྦྲགས་མའི་ཟབ་ཏིག །འཆི་མེད་འཕགས་མའི་སྙིང་ཐིག་སོགས་ཀྱི་བསྙེན་སྒྲུབ་མཛད་ཚུལ་སོགས་བཀོད་འདུག་པས་སྐབས་དེ་དུས་ཡིན་པ་ཤེས་སོང་། སྐབས་དེར་ཁོང་ཕལ་ཆེར་དགུང་ལོ་སུམ་ཅུ་གཡས་གཡོན་ཡིན་པ་འདྲ།

14111669539724_.pic.jpg

// ང་རང་སི་ཁྲོན་བོད་ཡིག་སློབ་གྲྭ་རུ་ངོ་སྤྲོད་གནང་སྟེ་མངགས་སོང་།

དུས་རབས་སྔོན་པའི་ལོ་རབས་བརྒྱད་ཅུ་པའི་དུས་འགོ་ནི་རིག་གསར་མཇུག་རྫོགས་ནས་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་ཉི་འོད་སླར་ཡང་འཕྲོས་མ་ཐག་ཡིན་པས་༡༩༨༡ལོའི་རྒྱ་ཟླ་༡༠པའི་ཚེས་༥ཉིན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དེ་སྡེ་དགེའི་རྫོགས་ཆེན་དུ་སློབ་འགོ་བཙུགས། དཔེ་ཝར་རིན་པོ་ཆེ་ནི་ས་གནས་དེ་གར་མཁས་དབང་རེ་འགའ་ལུས་པའི་ཚབ་མཚོན་མི་སྣའི་གྲས་ཤིག་ཡིན་པས་གཟན་དཀར་རིན་པོ་ཆེས་ཆེད་དུ་ཁོང་དགེ་རྒན་དུ་གདན་འདྲེན་ཞུས་ཡོད། སྐབས་དེར་བོད་ཡིག་སློབ་གྲྭ་དབུ་འཛུགས་དུས་ཀྱི་འདྲ་པར་ནང་དཔེ་ཝར་རིན་པོ་ཆེས་དགེ་རྒན་རྣམས་ལ་དཔེ་ཆ་གནང་བཞིན་པའི་སྣང་བརྙན་དེ་ནི་ཕལ་ཆེར་ཁོང་གི་འདྲ་པར་སྔར་ཤོས་ཡིན་པ་འདྲ། སྐབས་དེར་ཟླ་བ་གཉིས་ཙམ་རིང་དུ་བོད་ཡིག་སློབ་གྲྭར་སློབ་ཁྲིད་གནང་། ༡༩༨༢ལོར་འགྲོ་དོན་གཞན་པའི་དབང་གིས་མུ་མཐུད་བོད་ཡིག་སློབ་གྲྭ་རུ་ཕེབས་མི་འདུག

14121669539729_.pic.jpg

ངས་རང་གི་ཕ་ཡུལ་ནས་སློབ་ཆུང་གི་ལོ་རིམ་བཞི་པ་འདོན་བཞིན་ཡོད་སྐབས་དཔེ་ཝར་རིན་པོ་ཆེས་ངའི་ཞང་པོ་བརྒྱུད་ནས་ཨ་མྱེ་ལ་ཆ་ཞིག་འབྱོར། ནང་དོན་ནི་རྫོགས་ཆེན་དུ་བོད་ཀྱི་རིག་གནས་མྱུར་སྐྱོབ་བྱེད་སའི་སློབ་གྲྭ་གལ་ཆེན་ཞིག་བཙུགས་འདུག་པས་ཁྱོད་ཀྱི་ཚ་བོ་དེའི་ནང་མངགས་ན་ཁོང་གིས་ངོ་སྤྲོད་བྱ་ཆོག་གསུངས། ངའི་ཁྱིམ་མི་རྣམས་ལ་མཚོན་ན་བླ་མས་ཅི་གསུང་བཀའ་ཡིན་པས་དེ་ལུགས་འཐད་ཚུལ་ཞུས། ༡༩༨༢ལོའི་རྒྱ་ཟླ་གསུམ་པ་ཙམ་ལ་སློབ་གཙོ་བསོད་ནམས་དར་རྒྱས་ལ་ངོ་སྤྲོད་ཀྱི་ཕྱག་བྲིས་ཤིག་གནང་ཏེ་ང་རང་བོད་ཡིག་སློབ་གྲྭ་རུ་བཏང་སོང་། ད་དུང་དཔལ་སྤུངས་ཀྱི་གླང་ནག་སྤྲུལ་སྐུ་ཀུན་དགའ་འཇམ་དབྱངས་དང་། ཁོང་གི་གྲོགས་པོ་ནོར་བུ་བཟང་པོའི་བུ་མོ་བདེ་ཆེན་སྒྲོལ་དཀར་ཡང་ཁོང་གིས་བོད་ཡིག་སློབ་གྲྭ་རུ་ངོ་སྤྲོད་གནང་བ་ཡིན་པ་རྗེས་ནས་ཤེས་སོང་།

14131669539735_.pic.jpg

སྐབས་དེར་བོད་ཡིག་སློབ་གྲྭ་བཙུགས་མ་ཐག་ཡིན་པས་སྤྱི་ཚོགས་ཐོག་གོ་ཐོས་མེད་པས་སློབ་མ་མང་ཤོས་དགེ་རྒན་ཚོས་ངོ་སྤྲོད་བྱས་པ་ཡིན། སྐབས་དེར་ང་ཚོའི་སློབ་གྲོགས་མང་ཤོས་ནི་རྫ་ཆུ་ཁ་དང་། གསེར་ཐར། མི་ཉག །བྲག་འགོ །དཀར་མཛེས། སྡེ་དགེ་བཅས་ལས་རྫོང་ཁག་གཞན་དག་གི་མི་ཕལ་ཆེར་ཡོང་མེད། དེའི་རྒྱུ་མཚན་ནི་དགེ་རྒན་རྣམས་ནི་ས་གནས་དེ་དག་ནས་ཡིན་པས་ཕལ་ཆེར་དགེ་རྒན་ཚོས་ཁྲིད་ཡོང་ནས་ཐོག་མར་ཟུར་ཞུགས་དང་རྗེས་སུ་དངོས་སུ་སློབ་རྒྱུགས་ནང་ཞུགས་ནས་རྒྱུགས་འཕྲོད་མཁན་ཤ་སྟག་ཡིན། གལ་ཏེ་དེ་དུས་ང་རང་ཡང་དཔེ་ཝར་རིན་པ་ཆེས་ངོ་སྤྲོད་གནང་མེད་ན་དེ་འདྲའི་སློབ་གྲྭ་ཞིག་ཡོད་པ་དང་། དེའི་ནང་སློབ་སྦྱོང་དུ་འགྲོ་རྒྱུའི་བསམ་ཚུལ་ཙམ་ཡང་འཁོར་མི་སྲིད་སྙམ།

14141669539741_.pic.jpg


// ང་རང་འཆི་ལ་ཉེ་སྐབས་སྨན་པ་མངགས་ནས་ཚེ་སྲོག་སྐྱབས།


༡༩༨༤ལོའི་དགུན་གྱི་དགོངས་མཚམས་རྫོགས་ནས་སློབ་གྲྭ་འཚོགས་ལ་ཉེ། ང་རང་ཕྱིར་སློབ་གྲྭར་ཞུགས་པའི་གྲ་སྒྲིག་བྱས་ཏེ་འཁོར་ལོ་མདོའི་འབྲུ་ཁང་སྒོ་ཁ་རུ་རླངས་འཁོར་སྒུག་སར་སོང་། ཉིན་གུང་ཙམ་ནས་ང་རང་མཁྲིས་པ་ཅུང་ན་ཞིང་ཕྱི་དྲོར་ན་ཟུག་ཇེ་ཆེར་འགྲོ་བཞིན་འདུག །དེ་ཉིན་རླངས་འཁོར་ཡང་རྙེད་མ་སོང་། དེ་ནུབ་མར་ཁྱིམ་དུ་ཡོང་བས་ན་ཚ་ཇེ་ཆེར་དུ་སོང་ནས་རྔུལ་ཆུ་ཁྲམ་ཁྲམ་བཞུར་ཞིང་འགྲེ་ལོག་རྒྱག་དགོས་པ་གྱུར། མཚན་གང་པོར་ན་ཟུག་ཇེ་ཆེ་རུ་གྱུར་ནས་ཕྱི་ཉིན་ཉལ་སར་ནས་ལངས་མི་ཐུབ་པ་གྱུར་འདུག །སྐབས་དེར་སྨན་པ་ཡང་དཀོན་པས་ཉིན་གཉིས་པ་བརྒལ་སོང་། ན་ཟུག་ཇེ་ཆེ་ནས་ཇེ་ཆེར་སོང་བས་རྒན་པོ་ཚོས་ད་མུ་མཐུད་ནས་འདི་འདྲ་བསྡད་ན་གསོན་པའི་རེ་བ་མི་འདུག་ཟེར། ཨ་མྱེས་ཞང་པོ་ཨ་ཉ་དཔེ་ཝར་རིན་པོ་ཆེ་ལ་སྐྱབས་འཇུག་ཞུ་སར་མངགས་སོང་། དཔེ་ཝར་རིན་པོ་ཆེས་གནས་ཚུལ་དེ་གསན་རྗེས་དེ་མ་ཐག་ལག་སྐྱོར་ཐའོ་ལ་ཞིག་གླས་ནས་དཔེ་ཝར་ལྷ་རྗེ་ཕུན་ཚོགས་རབ་བརྟན་ངའི་ཁྱིམ་དུ་མངགས་བྱུང་། ཕུན་ཚོགས་རབ་བརྟན་གྱིས་ནད་ཚབས་ཆེ་བས་མྱུར་བར་རྫོང་ཐོག་གི་རྒྱ་སྨན་ལ་མ་བསྟེན་ན་དོ་དགོང་ལས་མི་འགོ་བར་ཤི་ངེས་རེད་ཟེར་བཞིན་ང་ལ་སྨན་ཞིག་བླུད་ཀྱང་དེ་མ་ཐག་མར་སྐྱུག་ནས་ཁོག་པའི་ནང་སྡོད་ཐབས་མི་འདུག  །

དེ་ནས་འུར་འུར་ཟིང་ཟིང་ཞིག་དང་ལྷན་དུ་ལེ་བར་གསུམ་ཙམ་དུ་མིས་ཁུར་རྗེས་གཞི་ནས་ཐའོ་ལ་ཡོད་སའི་ལམ་ཁར་ཐོན་སོང་། ཐའོ་ལ་ནང་བསྡད་རྗེས་ངས་ཀྱང་ཅི་ཞིག་བྱུང་ཡོད་པ་དྲན་རྒྱུ་མི་འདུག །གཉིད་སད་དུས་སྨན་ཁང་དུ་སླེབས་འདུག །དེ་རྗེས་མཁྲིས་པར་བཤགས་བཅོས་བྱས་པས་འཆི་བདག་གཤིན་རྗེའི་ཁ་ནས་ཐེངས་ཤིག་ཐར་སོང་། དེ་ནི་སྡེ་དགེ་རྫོང་གི་ལོ་རྒྱུས་ཐོག་ཐེངས་དང་པོ་མཁྲིས་ཚད་བཤགས་བཅོས་ཡིན་པ་རྗེས་སུ་གཞི་ནས་ཤེས་བྱུང་། གལ་ཏེ་དེ་དུས་དཔེ་ཝར་རིན་པོ་ཆེས་སྨན་པ་དང་ཐའོ་ལ་མ་མངགས་ན་དེ་རིང་ང་རང་གིས་ཁོང་གི་མཐོང་ཐོས་ཐར་ཐོར་རེ་འབྲི་བའི་གོ་སྐབས་ཤིག་ག་ལ་ལུས་ཡོད།


// ངའི་ཁྱིམ་དུ་བྱོན་ནས་བུ་མོ་ལ་མིང་བཏགས།


༡༩༩༡ལོའི་ཟླ་བ་༨པའི་ཚེས་༢༨ཉིན་ངའི་བུ་མོ་དར་མདོ་རུ་སྐྱེས། དེ་ནི་ངའི་ཁྱིམ་ཚང་གིས་དོན་ཆེན་ཞིག་ཏུ་བརྩིས་ནས་ཁོང་ལ་མིང་ཞིག་བསྩལ་བར་ཞུས། ཉིན་བཅུ་ལྷག་གི་རྗེས་ཀྱི་ཉིན་ཞིག་དཔེ་ཝར་རིན་པོ་ཆེ་ངའི་ཁྱིམ་དུ་ཕེབས་སོང་། སྐབས་དེར་ང་རང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་དུ་ཡོད་པས་ཁང་མིག་གཉིས་ཅན་གྱི་ཁང་པ་རྙིང་པ་ཞིག་ལས་མེད་ཅིང་། ཁང་པ་ནང་མ་ནི་ཉལ་ཁང་དང་། ཕྱི་མ་དེ་ནི་ཇ་ཁང་དང་འགྲུལ་པ་སྣེ་ལེན་བྱེད་སའང་ཡིན། གསང་སྤྱོད་ཁང་དང་། རང་འབབ་ཆུ་ནི་ཐག་རིང་ལ་མ་གཏོགས་མེད།

དཔེ་ཝར་རིན་པོ་ཆེ་དང་འབྲེལ་འདྲིས་ཅུང་ཡོད་ཀྱང་ཁོང་གིས་དུས་རྒྱུན་ཞལ་གསུང་ཉུང་ལ་ཞལ་མཚར་ཙམ་ཡང་མི་གསུང་པས་ང་ཚོ་ལོ་ཆུང་ཚང་མ་ཁོང་ལ་ཧ་ཅང་སྐྲག་བཞིན་ཡོད། གློ་བུར་དུ་རིན་པོ་ཆེ་ཁྱིམ་དུ་ཕེབས་པས་གྲ་སྒྲིག་ཙམ་ཡང་མེད་ཅིང་། ད་དུང་འདུག་རོགས་ཀྱང་བུ་མོ་བཙས་ཏེ་ཟླ་ཁ་མ་ལངས་པས་ནང་དུ་ཉལ་ཡོད་པས་དེ་བས་སྟབས་མི་བདེ་བའི་སྣང་བ་ཞིག་འཆར་སོང་། འོན་ཏེ། ཁོང་གིས་འཛེམ་དོགས་གང་ཡང་མེད་པ་ཐད་ཀར་ཁང་པ་ནང་མའི་ནང་དུ་ཕེབས་སོང་། ངས་མྱུར་བར་བཞུགས་སྟེགས་ཤིག་ནང་དུ་ཁྱེར་ནས་བཞུགས་སུ་བཅུག །ཁོང་གིས་བྱིས་པའི་ངོ་ལ་གཟིགས་བཞིན་འདོན་པ་རེ་གསུང་ཞོར་དུས་རྒྱུན་ཁོང་གི་ལུས་དང་འབྲལ་མེད་དུ་བསྣམས་པའི་དངུལ་གྱི་གའུ་དེ་བུ་མོའི་མགོ་ཐོག་བཞག་བཞིན་བུ་མོའི་མིང་ལ་སྒྲོལ་མ་ཚེ་འཚོ་བཏགས་ན་ཅི་འདྲ་འདུག་གསུང་དུས་ངའི་འདུག་རོགས་ཀྱིས་སྒྲོལ་མ་ཚེ་འཚོ་ཟེར་མཁན་མང་པོ་འདུག་ཞུས་ཏེ་མོའི་བསམ་ཐོག་ཏུ་ཅུང་མ་བབ་པའི་རྣམ་འགྱུར་ཞིག་བཏོན་པས་ང་ཅུང་སྐྲག་སྟེ་འཚབ་འཚུབ་ངང་ནས་མོ་ལ་མོས་མཐུན་དགོས་པའི་བརྡ་བཏོན་བཞིན་པའི་སྐབས། ཁོང་གིས་འོ་ན་སྒྲོལ་མ་ཆོས་འཚོ་ཐོག་གསུངས་སོང་། ངའི་འདུག་རོགས་ཀྱིས་མིང་དེ་ཧ་ཅང་ཡག་སྣང་འཆར་བཞིན་མེད་པ་འདྲ་ཡང་ངས་མྱུར་བར་ལགས་སོ་ཞུས་ནས་ཤོག་བུ་དང་སྨྱུག་གུ་ཁོང་གི་ཕྱག་ཏུ་ཕུལ་བས་ཁོང་གིས་འབྲི་དེབ་ཐོག་སྒྲོལ་མ་ཆོས་འཚོ་ཞེས་བྲིས་གནང་མཛད་སོང་།

དེ་རྗེས་ཀྱི་༡༩༨༩ལོར་ཙམ་ལ་གསར་འགྱུར་ཁང་གིས་ཁང་པ་གསར་པ་ལས་ཏེ་ང་རང་ལ་ཐོག་བརྩེགས་དྲུག་པའི་ཐོག་ཏུ་ཁང་མིག་ལྔ་ཙམ་ཡོད་པའི་ཁང་པ་ཞིག་ཐོབ་སོང་། ཡང་ཐེངས་ཤིག་རིན་པོ་ཆེ་དར་མདོར་ཕེབས་པར་འཁེལ་བས་ང་རང་གིས་ཁང་པ་གསར་པ་ལ་རབ་གནས་མཛད་རོགས་ཞུས་ཏེ་ཁོང་གདན་འདྲེན་ཞུས། ད་སྐབས་དེ་དག་ཕྱི་བསམ་གཏོང་དུས་ལོ་ཉུང་སྐབས་ཅི་འདྲའི་བསམ་ཤེས་མེད་པ་ཞིག་རེད་ཨང་། དེ་དུས་བླ་མ་ཤ་རྒྱག་བཞིན་པའི་སྒང་དང་། ཞབས་ཧ་ཅང་མི་བདེ་བས་ཐོག་བརྩེགས་དྲུག་པའི་ཐོག་ཡར་འཛེག་མར་བབ་བྱ་དགོས་ན་ངལ་གསོ་ཐེངས་གསུམ་བཞི་ཙམ་གནང་དགོས། སྐབས་དེར་བླ་མ་ལ་ཅི་འདྲ་འོ་བརྒྱལ་ཆེན་པོ་བྱས་ཡོད་ན་བསམ་བཞིན་ད་ལྟ་འགྱོད་པའང་སྐྱེ་བཞིན་འདུག །ཁོང་ལ་ཕར་སྒོར་མོ་ཕུལ་ན་ལེན་བཞིན་མེད། ད་དུང་ཚུར་ཁང་སྟོན་ཚུལ་དུ་ང་ལ་ཤོག་སྒོར་རེ་ལོ་ཅན་མང་པོ་ཞིག་གནང་བྱུང་བས་ངས་ད་ལྟ་ལའང་ཉར་ཚགས་བྱས་ཡོད།

དེ་དུས་ཁོང་ནམ་རྒྱུན་ཁྲེང་ཏུའུ་ཕེབས་གྲངས་མང་ཞིང་སྐབས་འགའ་ཕྱི་རྒྱལ་ལའང་ཕེབས་བཞིན་ཡོད། ཁོང་ནི་སྲོལ་རྒྱུན་གྱི་རིག་གནས་དང་། དཔེ་རྙིང་། རིག་དངོས་སོགས་ལ་ཧ་ཅང་དགའ་ཞེན་ཆེ་བའི་བླ་མ་ཞིག་ཡིན་ལ་དེང་རབས་ཚན་རིག་དང་། གསར་དར་རིག་གནས། འཚོ་བ་གསར་པའང་དགའ་བས་བསུ་ཞིང་བློ་སྒོ་མི་དོག་པའི་བླ་མ་ཞིག་ཡིན། ཚིག་ཇ་དང་རྒྱ་ཇ། ཀྲུང་ལུགས་ཟས་དང་ནུབ་ཕྱོགས་ཟས་རིགས་སོགས་དང་ལེན་གནང་སྔ་ཤོས་ཀྱི་བླ་མ་ཞིག་ཀྱང་ཡིན། ལྷག་པར་དུ་དེང་རབས་ཀྱི་སྤྱོད་ཆས་དག་ལ་དགའ་ཞེན་ཆེན་པོ་གནང་ཞིང་། ཐེངས་ཤིག་ཐའེ་ཝན་ནས་ཕྱིར་ཕེབས་སྐབས་གསང་གྲངས་ཅན་གྱི་སྒམ་དང་། བརྙན་གཏོང་འཕྲུལ་འཁོར། པར་ཆས་སོགས་ཉོས་འདུག །ང་དང་རྒྱ་འགོ་དམ་ཆོས་ལ་པར་ཆས་ངོམ་ངོམ་གནང་བཞིན་ང་ཚོ་ལ་འདྲ་པར་ཁ་ཤས་ཀྱང་བརྒྱབ་སོང་།

14151669539746_.pic.jpg


// ཞའོ་བླ་མའི་མདུན་ནས་ཁོང་ལ་ཕྱག་མོ་ཞུས།


མི་སེར་ཚོས་ཁོང་ནི་ཐམས་ཅད་མཁྱེན་པ་ཞིག་ཏུ་བརྩིས་ནས་ནམ་རྒྱུན་ཁོང་ལ་ཕྱག་མོ་གཟིགས་རོགས་དང་སྐྱེ་བརྟག་གནང་རོགས་སོགས་ཞུ་བཞིན་ཡོད། འོན་ཀྱང་ངས་ཁོང་གིས་ཕྱག་མོ་གཟིགས་པ་ནི་ཡེ་ནས་མཐོང་མ་མྱོང་བར་མ་ཟད་ཁོང་ལ་དོན་དག་ཡོད་དུས་བླ་མ་གཞན་དག་མདུན་དུ་ཕྱག་མོ་ཞུ་བཞིན་ཡོད། ཁོང་ཁྲེང་ཏུའུ་བཞུགས་དུས་དོན་དག་གལ་ཆེན་ཡོད་ན་དར་མདོའི་རྫི་རི་ཕུག་གི་ཞའོ་བླ་མ་རྩར་ནས་ཕྱག་མོ་ཞུ་སྲོལ་ཡོད།

ཐེངས་ཤིག་ང་ཚོ་ལས་ཁུངས་ཀྱི་ཧྥང་ཏུའུ་ཧྲན་ཟེར་བའི་གཞུང་ལས་ཁང་གི་ཀྲུའུ་རེན་དེས་“དཀོན་མཆོག་རྡོ་རྗེ། ཁ་པར་ཉན་ས་ཤོག”ཟེར་ནས་སྐད་ཆེན་པོས་འབོད་བཞིན་འདུག །དེ་དུས་ལག་ཁྱེར་ཁ་པར་མེད་པས་གསར་འགྱུར་ཁང་གི་སྐས་འོག་ཏུ་ལག་སྒུལ་ཁ་པར་ཞིག་ཡོད། ཐོག་བརྩེགས་གཅིག་གི་ཐོག་ལ་ཁ་པར་དེ་མ་གཏོགས་མེད་པས་ཁ་པར་ཐོན་དུས་སྐད་ཆེན་པོས་ཁ་པར་རྒྱག་སའི་མི་དེ་འབོད་དགོས།

ངས་ཁ་པར་ཉན་པས། “རྒྱ་ར་མ་ཨེ་ཡིན”གསུང་མ་ཐག་དཔེ་ཝར་རིན་པོ་ཆེ་ཡིན་པ་ཤེས་སོང་། ཁོང་གིས་ང་ལ་རྒྱ་ར་མ་མ་གཏོགས་མིང་ངོ་མ་འབོད་ཀྱིན་མེད། ངས་འོ་ཡ། འོ་ཡ་དང་། ལགས་སོ། །ལགས་སོ་མང་པོ་ཞིག་ཞུས། དོན་ངོ་མ་ཞའོ་བླ་མ་སར་སོང་ནས་ཁོང་ལ་ཕྱག་མོ་ཞིག་གཟིགས་རོགས་ཞུས་ཤོག་ཅེས་པའི་དོན་ཡིན། དོན་དག་ཞིབ་ཆ་དྲན་གིན་མི་འདུག །ཞའོ་བླ་མ་ནི་རྫི་རི་ཕུག་སུ་བཞུགས་པའི་སྔོན་གྱི་དར་མདོའི་ངོར་པ་དགོན་པའི་བླ་མ་ཞིག་ཡིན། དར་མདོ་བས་ཁོང་ལ་ཞའོ་བླ་མ་ཟེར། མཚན་ངོ་མ་ངས་ཀྱང་མི་ཤེས། དར་མདོའི་རྒན་པོ་རྒན་མོ་ཚང་མས་ཁོང་གི་མདུན་ནས་མོ་འདེབས་བཞིན་ཡོད་པས་མོ་ཐིག་པའི་ཚད་དུ་འཛིན་ས་ཞིག་ཡིན། དཔེ་ཝར་རིན་པོ་ཆེས་ཀྱང་ཁོང་གི་དོན་དང་། ཡོན་བདག་རྩ་ཆེན་ལ་དོན་དག་བྱུང་ཚེ་སྐབས་འགར་རྒྱ་འགོ་དམ་ཆོས་བཙལ་བ་དང་། སྐབས་འགར་ང་རང་བཙལ་ནས་ཁོང་རྩར་ཕྱག་མོ་འདེབས་ས་འགྲོ་དགོས། གལ་ཏེ་སྐྱེ་བརྟག་ཞུ་མཁན་འདྲ་བྱུང་ཚེ་ཁོང་གིས་སྐུ་ཚེ་མཁའ་འགྲོ་བཙལ་སར་གཏོང་བཞིན་ཡོད་ཚུལ་མང་པོ་ཐོས་མྱངས།

ད་སྐབས་རྒྱལ་ཕྱི་ནང་གི་བླ་སྤྲུལ་མང་ཆེ་བས་ཚེ་འདི་ཕྱི་དང་། སྐྱེ་བ་སྔ་ཕྱི་སོགས་ཀྱི་བྱ་བ་ཆེ་ཕྲ་ཡོད་ཚད་མངོན་ཤེས་དང་རྫུ་འཕྲུལ་ཐོག་ནས་གློག་བརྙན་སྟོན་སྟོན་ཐུབ་ཀྱིན་ཡོད་རུང་། སྔོན་གྱི་བླ་མ་དེ་ཚོས་ཕྱག་མོ་ཙམ་ཡང་མི་གཟིགས་པ་ཅི་ཡིན་སྙམ་བཞིན་མནོ་བསམ་གྱི་འཆིང་རྒྱ་རུ་ཚུད་སོང་།


// སྟབས་བདེའི་སྤྱོད་ལམ་འཛིན་པ་ནི་ཁོང་གི་ལུགས་སྲོལ་ཡིན།


ཕར་བལྟས་ན་དཔེ་ཝར་རིན་པོ་ཆེ་བཀའ་བཙན་པོ་དང་ཐུགས་ཁྲོ་བཞེས་སླ་བ། སྨྲ་བ་ཉུང་ཞིང་། འདྲིས་དཀའ་བ་ལྟ་བུའི་ཚོར་སྣང་སྟེར་སྲིད། དོན་ཡང་དག་ཁོང་ནི་གྲོགས་པོ་རྙིང་པ་ལ་ཨ་གསར་མེད་ཅིང་འགྲོག་ཡུན་རིང་བ། ཆེ་མདོག་མེད་ཅིང་སྟབས་བདེའི་སྤྱོད་ལམ་འཛིན་པའི་བླ་མ་ཞིག་ཡིན་པ་རིམ་བཞིན་ཤེས་སོང་།

ང་རང་དར་མདོ་ཡོད་སྐབས་ཆེས་བརྗེད་རྒྱུ་མེད་པའི་དོན་ཞིག་ནི་ཁོང་ཁྲེང་ཏུའུ་ནས་ཡར་བྱོན་མ་ཕེབས་གནང་སྐབས་ཁོང་གཅིག་པུར་འགྲུལ་སྐྱེལ་རླངས་འཁོར་ནང་བཞུགས་བཞིན་ཡོད། ལྷག་པར་དུ་ལོ་རབས་དགུ་བཅུ་པའི་མཇུག་ཙམ་དུ་འགྲུལ་སྐྱེལ་རླངས་འཁོར་ཉལ་ས་ཉིས་བརྩེགས་ཅན་དེ་དར་སྲོལ་ཆེ་བས་ཁོང་ཞབས་མི་བདེ་རུང་ཉལ་ཁྲི་གོང་མའི་ཐོག་བཞུགས་རྒྱུ་དགའ་བས་ཡར་འཛེག་མར་བབ་བྱེད་སྐབས་སྟབས་བདེ་མིན་ནི་མི་སུས་བལྟས་ན་དཀའ་སྣང་འཆར་བ་ཞིག་ལས་མ་འདས། འོན་ཏེ། ཁོང་རྒྱ་ཕྱི་ནང་གང་དུ་ཕེབས་རུང་སྤྱི་སྤྱོད་རླངས་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་ཁོ་ན་བཞུགས་པ་ལས་གྲྭ་པ་དང་ཕྱག་གཡོག་ཙམ་ཡང་ཁྲིད་སྲོལ་མེད།

ཁོང་དང་འབྲེལ་འདྲིས་ཅུང་ཆེ་བའི་མི་དག་གིས་ཁྱེད་ནི་དགུང་ལོ་ཆེ་བས་ད་ལྟ་ཆ་རྐྱེན་ཡང་ཡག་པོ་ཡིན་པས་བླ་སྤྲུལ་ཆེ་ཆུང་སུ་ཡིན་རུང་སྒེར་གྱི་རླངས་འཁོར་ཆུང་ཆུང་རེ་དང་གྲྭ་པ་དང་འཁོར་གཡོག་གཉིས་གསུམ་མེད་མཁན་མི་འདུག་པས་ཁྱེད་གཅིག་པུ་མི་ཕེབས་པའི་རེ་བ་ཐེངས་མང་ཞུ་མཁན་མཐོང་མྱངས་རུང་། ཁོང་གིས་ཞལ་མཚར་ཚུལ་དུ་“གཡོག་པོ་ཁྲིད་རྒྱུ་ལས་སླ་མོ་ཞིག་ག་ལ་ཡོད། ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་དགོས་པ་དང་ད་དུང་གྲོང་ཁྱེར་ནང་སོང་ན་ཕར་གཡོག་དགོས་པས་ང་ལ་དེའི་ཆ་རྐྱེན་མི་འདུག་”གསུངས།

ཁྲེང་ཏུའུ་ནས་ཡར་མར་ཕེབས་སྐབས་ནམ་རྒྱུན་དར་མདོར་ལ་ཕེབས་བཞིན་ཡོད། དར་མདོར་ཐོན་མ་ཐག་གྲོགས་པོ་རྙིང་པ་ཁ་ཤས་ལ་གཏུག་རྒྱུ་ནི་ཁོང་གི་གོམས་གཤིས་ཡིན། གསར་འགྱུར་ཁང་གི་རྒྱ་འགོ་དམ་ཆོས་དང་། སྔོན་སྡེ་དགེའི་གེ་སར་ཧྲུའུ་ཅིའི་བཟའ་ཟླ་ཡིན་པའི་མ་རྒན་ཞའོ་ཕིང་ཧྥང་། ཁུལ་སྨན་ཁང་གི་སྨན་པ་ཧང་བྱམས། གཞན་ཡང་ཁྲེང་ཞའོ་མིང་། ཀརྨ་རྒྱལ་མཚན། བཀྲ་ཤིས་དཔལ་འབྱོར། ལྷ་ལུང་འཆི་མེད་རྡོ་རྗེ་སོགས་དང་ང་རང་བཅས་པ་ལ་ལག་རྟགས་ཕྲན་བུ་བསྣམས་ནས་རེ་རེ་བཞིན་ལྟ་སར་ཕེབས་ཡོང་བཞིན་ཡོད། དེ་ནས་མར་ཁྲེང་ཏུའུ་དང་པེ་ཅིང་སོགས་སུ་ཕེབས་ནའང་དེ་ནང་བཞིན་གྲོགས་པོ་རྙིང་པ་དག་ལ་གཏུག་སར་ཕེབས་པ་ནི་ཁོང་གི་ལུགས་སྲོལ་དུ་ཆགས་ཟིན།

14161669539751_.pic.jpg


// ཨ་མྱེ་ཤི་དུས་ཁོང་ཆེད་དུ་ཁྲེང་ཏུའུ་ནས་སྡེ་དགེ་རུ་ཕྱག་ཕེབས་གནང་།


ངའི་ཨ་མྱེའི་བླ་སྤྲུལ་དག་དང་འབྲེལ་འདྲིས་བྱ་རྒྱུའི་གཤིས་ཀ་དེ་ནི་དུས་འགྱུར་ཁྲོད་དུའང་མཚམས་འཇོག་བྱེད་མ་མྱངས་ཤིང་། མི་སུ་ཞིག་གིས་ཀྱང་བླ་མ་དག་ལ་གཏུག་མི་ཆོག་པའི་དུས་སུའང་ལྐོག་ཏུ་དཔེ་ཝར་སྤྲུལ་སྐུ་གཙོས་པའི་སྡེ་དགེའི་བླ་མ་སྒ་བླ། སྒིས་བླ། མེ་ར་བླ་མ་སོགས་ལ་ཟ་རྒྱུ་རེ་ཁྱེར་ནས་འགྲོ་བཞིན་ཡོད། ལྷག་པར་དུ་ངའི་ཨ་མྱེ་ལ་སྐྱིད་སྡུག་ཅི་ཞིག་བྱུང་རུང་ཐོག་མར་དཔེ་ཝར་རིན་པོ་ཆེ་ལ་ཞུ་བ་དང་། རྒྱུན་དུ་མར་དང་ཞོ་སོགས་ཁུར་ནས་ཁོང་མཇལ་སར་འགྲོ་བཞིན་ཡོད། དཔེ་ཝར་རིན་པོ་ཆེས་ཀྱང་ས་ཆ་གང་དུ་ཕེབས་རུང་ཨ་མྱེ་ལ་ལག་རྟགས་ཆུང་ཆུང་རེ་ཁུར་ཡོང་བ་ནི་ཁོང་གཉིས་བར་གྱི་འབྲེལ་འདྲིས་མཚོན་སྟངས་ཀྱི་ཕྱིའི་རྣམ་པ་ཙམ་ཞིག་རེད། དོན་དུ་ངའི་ཨ་མྱེས་དཔེ་ཝར་རིན་པོ་ཆེ་ལ་བཅངས་པའི་དད་གུས་དང་། དཔེ་ཝར་རིན་པོ་ཆེས་ངའི་ཨ་མྱེ་ལ་བཅངས་པའི་བརྩེ་སེམས་ནི་དམིགས་བསལ་གྱི་དུས་འགྱུར་ཁྲོད་དུ་བྱུང་བ་ཞིག་ཡིན་པས་དེའི་ཡང་ལྗིད་དང་རིང་ཐུང་གི་ཚད་ནི་སུས་ཀྱང་ག་ལ་འཇལ་ཐུབ།

༡༩༩༣ལོར་ངའི་ཨ་མྱེ་ལོ་གྱ་གཉིས་ཐོག་སླེབས་པས་དགུན་ཁ་ཞིག་ལ་ཚེ་ལས་འདས་སོང་། ངས་དར་མདོ་ནས་དཔེ་ཝར་རིན་པོ་ཆེ་ལ་ཁ་པར་ཞིག་ཕུལ་ནས་རྒྱང་འཕོ་དང་བསྔོ་སྨོན་རེ་གསུང་རོགས་ཞུས། ཉིན་གསུམ་གྱི་རྗེས་སུ་ཁོང་ཁྲེང་ཏུའུ་ནས་དར་མདོ་རུ་ཕེབས་འདུག །ཆེད་དུ་ངའི་ཨ་མྱེ་ལྟ་སར་ཕེབས་རྒྱུ་ཡིན་པས་ང་རང་མཉམ་དུ་འགྲོ་དགོས་གསུངས།

ངས་དགུན་ཁར་བླ་མ་འགྲུལ་སྐྱེལ་རླངས་འཁོར་ནང་ཕེབས་ན་འོ་བརྒྱལ་ཆེ་བར་བསམ་ནས་སྐབས་དེའི་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་འབྲུག་ཕྲུག་ལ་རླངས་འཁོར་ཆུང་ཆུང་ཞིག་གཡར་རོགས་ཞུས་པས་འབྲུག་ཕྲུག་དང་དཔེ་ཝར་རིན་པོ་ཆེའང་ངོ་ཤེས་བཟང་པོ་ཡིན་པས་མྱུར་བར་རླངས་འཁོར་སེར་རིལ་མ་ཞིག་དང་། ད་དུང་ཁ་ལོ་བ་དང་དེ་ལ་རོགས་པ་ཞིག་ཀྱང་མངགས་བྱུང་། རླངས་འཁོར་ཆུང་ཆུང་དེ་མཐོང་དུས་ཁོང་དེ་འདྲ་ཐུགས་དགྱེས་པོ་བྱུང་མ་སོང་རུང་། འབྲུག་ཕྲུག་དང་དམ་ཆོས་སོགས་རྒན་རབས་པ་ཚོས་དགུན་དུས་གྲང་ངར་ཆེ་བས་རིན་པོ་ཆེ་རླངས་འཁོར་ཆུང་ཆུང་ནང་བཞུགས་ན་བདེ་འཇགས་དང་སྟབས་བདེ་མོ་ཡིན་ཚུལ་སོགས་ཞུས་མཐར་མོས་མཐུན་ཐབས་ཆག་ཙམ་གནང་སོང་།

རླངས་འཁོར་སེར་རིལ་མ་དེ་སྐབས་འགར་གངས་ལམ་དང་འཁྱག་ལམ་བརྒྱུད་ནས་རྐུབ་འཕང་གཡུག་གཡུག་བྱེད་པ་དང་། སྐབས་འགར་ས་ལམ་ཐོག་རྒྱུགས་ནས་ཐལ་འཚུབ་ཀྱི་རྔ་མ་དགུང་དུ་འཕྱུར་ནས་ཁྲོན་བོད་གཞུང་ལམ་ཐོག་རྒྱུག་བཞིན་འདུག །སྐབས་དེར་དར་མདོ་ནས་སྡེ་དགེ་བར་ཉིན་གཉིས་ཙམ་འགྲོ་དགོས། བྲག་འགོ་སླེབས་དུས་ཁ་ལོ་བ་དང་རོགས་པ་དེ་གཉིས་མགྲོན་ཁང་དུ་བཞག་རྗེས་ཁོང་གིས་ང་ཁྲིད་དེ་བྲག་འགོ་རྫོང་གི་གྲོང་ཟུར་གྱི་སྒེར་ཁང་ཡོད་པའི་ཁྱིམ་ཚང་ཞིག་ནང་བཞུགས་སོང་། གནས་ཚང་དེའི་སྐྱེས་པའི་མིང་ལ་ཀྲུའུ་ཏེ་ཨིན་ཟེར་ཞིང་སྔོན་སྡེ་དགེར་ལས་དོན་སྒྲུབ་མཁན་ཞིག་རེད། འདུག་རོགས་ཀྱི་མིང་ལ་དོན་གྲུབ་སྒྲོལ་མ་ཟེར་ཞིག་སྔོན་སྡེ་དགེའི་དགེ་རྒན་ཞིག་ཡིན་ཞིང་རྗེས་སུ་བྲག་འགོ་རུ་ལས་གནས་སྤོས་པ་ཞིག་རེད་འདུག །ཁོང་ཚོ་སྡེ་དགེ་ཡོད་དུས་ཀྱི་གྲོགས་པོ་རྙིང་པ་ཡིན་པས་རིན་པོ་ཆེ་ཡར་བྱོན་མར་ཕེབས་གནང་སྐབས་ཀྱི་གནས་ཚང་ཡང་རེད་འདུག །

ཕྱི་ཉིན་སྔ་མོར་ཡང་ལམ་དུ་ཞུགས། ཁ་ལོ་བས་དུ་བ་འཐེན་དུས་ཁོང་གིས་རླངས་འཁོར་རབ་གསལ་ཕྱེས་ཏེ་མཁའ་རླུང་ནང་དུ་འདྲེན་བཞིན་ཞལ་གཡས་ཕྱོགས་སུ་བསྐོར་ཏེ་ཁ་ལོ་བ་ལ་མིག་ལོག་རྒྱག་བཞིན་ཧ་ཅང་ཐུགས་མི་བདེ་བའི་རྣམ་འགྱུར་རེ་བཏོན་བཞིན་འདུག །འོན་ཏེ། ཁ་ལོ་བ་ནི་སྤྱི་བདེའི་མི་སྣ་ཞིག་ཡིན་པས་དུ་བ་འཐེན་རྒྱུ་གོམས་སོང་བ་འདྲ་བས་འཛེམ་དོགས་ཅི་ཡང་བྱེད་ཀྱིན་མི་འདུག །ལམ་བར་ཁོང་ཐུགས་ཧ་ཅང་མི་སྤྲོ་ཞིང་ཞལ་བརྡ་ཙམ་ཡང་གསུང་གིན་མི་འདུག །ངས་སྐབས་འགར་སྐད་ཆ་རེ་འདྲི་སྐབས་ཁོང་གིས་ལམ་སང་“ཁྱོད་ཀྱིས་ཟེར་ན་ཅི་འདྲ་ཡིན་ས་རེད་”ཅེས་ཚུར་འདྲི་བ་གནང་བས་སྐད་ཆ་བཤད་མཚམས་བཅད་པ་ལས་ཐབས་མི་འདུག །སྤྱི་བཏང་ཁོང་གིས་དུ་བ་དང་ཆང་གི་དྲི་མ་ལ་ཧ་ཅང་འཛེམ་དོགས་གནང་བ་ནི་ཁོང་གི་གཤིས་ཀ་ཞིག་ཡིན། ད་ཐེངས་ཁ་ལོ་བས་དུ་བའི་སྣེ་ལ་དུ་བ་མཐུད་པས་དེ་བས་ཐུགས་ག་ལ་དགྱེས་ཏེ་ཁག་ཀྱང་མི་འདུག་སྙམ།

ཉིན་གཉིས་པའི་ཕྱི་དྲོར་ཙམ་ལ་སྡེ་དགེའི་འཁོར་ལོ་མདོར་སླེབས་སོང་། འཁོར་ལོ་མདོ་ནས་ངའི་ཁྱིམ་དུ་རླངས་འཁོར་ལམ་མེད་པས་ལེ་བར་གསུམ་བཞི་ཙམ་ལ་རྟ་ཆིབས་ནས་ཕེབས་དགོས། ངའི་ཁྱིམ་དུ་ཉིན་མཚན་གསུམ་ཙམ་བཞུགས་ནས་ཨ་མྱེའི་ཕུང་པོའི་སྔས་མགོ་ནས་འདོན་པ་གང་མང་གསུངས་སོང་། ངའི་ཨ་མྱེ་དང་ཁྱིམ་མིའི་ངོས་ནས་བཤད་ན་དཔེ་ཝར་རིན་པོ་ཆེ་ཁྱིམ་དུ་ཕེབས་ནས་ཨ་མྱེའི་ཆེས་མཐའ་མའི་འཇིག་རྟེན་གྱི་འགྲུལ་བཞུད་ལ་མཇུག་བསྡམས་གནང་ཏེ་ཚེ་ཕྱི་མའི་ལམ་ཀ་ལ་འདྲེན་སྟོན་གནང་བ་ནི་ཅི་འདྲའི་དགའ་འོས་པ་ཞིག་དང་བསམ་ཡུལ་ལས་འདས་པའི་དོན་ཞིག་རེད། ཤི་དུས་དཔེ་ཝར་རིན་པོ་ཆེ་སྔས་མགོ་ཕེབས་ནས་འཕོ་བ་སྤར་རྒྱུ་ནི་ཅི་འདྲའི་ཕ་ཡུལ་གྱི་རྒན་པོ་མང་པོ་ཞིག་གི་མི་ཚེའི་རེ་འདུན་གཅིག་པུ་དེ་ཡིན་ཞིང་། ཨ་མྱེ་ཁོ་རང་གིས་ཀྱང་ཁོ་ཤིས་དུས་དཔེ་ཝར་རིན་པོ་ཆེ་སྔས་མགོ་བྱོན་ཐུབ་པ་དྲན་ག་ལ་ཕོད་ཡོད་སྙམ།

ཁྱིམ་མི་ཚོས་རིན་པོ་ཆེ་ལ་བཀའ་དྲིན་ཞུ་ཆེད་འབུལ་བ་རེ་ཕུལ་ཡང་གཏན་ནས་མི་ལེན་པར་མ་ཟད། ང་ཚོ་ལམ་བར་ཡར་འགྲོ་མར་ཡོང་གི་རླངས་འཁོར་སྣུམ་རིན་དང་། སྡོད་ཁང་དང་ཟ་མའི་འགྲོ་གྲོན་ཚང་མ་ཁོང་གིས་སྤྲད་པ་ལས་ང་ལ་སྐར་གཅིག་ཀྱང་སྤྲད་བཅུག་གིན་མི་འདུག །བདེན་པ་བཤད་ན་ང་རང་ཡང་ཅུང་བློ་མི་བདེ་བ་ལྟ་བུ་ཞིག་འདུག་རུང་། ཨ་མྱེ་དང་ཁོང་གཉིས་ཀྱི་འབྲེལ་འདྲིས་ནི་སྒོར་མོ་ཙམ་གྱིས་སྡོམ་ཚིག་ག་ལ་བཀོད་ཕོད། ཁོང་གིས་ཅི་གསུང་ན་དེ་བཞིན་དུ་བསྒྲུབས་པ་ལས་ཨ་ལན་ཞིག་ཞུ་ག་ལ་ཕོད། རྗེས་སུ་གྲོགས་པོ་ཚོས་“ཁྱོད་རང་ལམ་འགྲོ་ཆེ་འདུག །བླ་མ་གདན་འདྲེན་ཁུག །འགྲོ་སོང་ཡང་གཏང་མི་དགོས། དེ་འདྲའི་བླ་མ་ང་ཚོས་ཀྱང་གདན་འདོད”ཅེས་རྩེད་མཚར་བྱེད་བཞིན་འདུག །

རྗེས་སུ་རིན་པོ་ཆེ་ལ་ཡུན་རིང་རྒྱུས་ལོན་བྱེད་སྐབས་ངའི་ཨ་མྱེ་ཙམ་གྱིས་མ་ཚད་པར་ཁོང་དང་འབྲེལ་འདྲིས་ཟབ་པའི་མི་རྒན་རེས་འགའ་ཤི་སྐབས་ཐག་རིང་ནས་གཤིན་པོའི་སྔས་མགོ་ཕེབས་ཅི་ཐུབ་གནང་བཞིན་འདུག །ཁོ་ཚོ་ནི་ངའི་ཨ་མྱེ་ནང་བཞིན་དམིགས་བསལ་གྱི་ལས་འབྲེལ་ཟབ་པའི་གྲོགས་པོ་སྙིང་ཐུབ་དག་ལོས་ཡིན་སྙམ།


// ང་རང་དཔེ་ཝར་དགོན་དུ་ཟླ་བ་གཅིག་རིང་ལྡེབས་རིས་སྲུང་སྐྱོབ་བྱ་བར་ཞུགས།


དཔེ་ཝར་རིན་པོ་ཆེས་རིག་དངོས་སྲུང་སྐྱོབ་དང་། གནའ་དཔེ་འཚོལ་སྡུད་གནང་བའི་མཛད་རྗེས་ཀྱིས་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་ཁྲོད་དུ་གྲུབ་ཆ་གལ་ཆེན་ཞིག་བཟུང་ཡོད།

རིག་གསར་སྐབས་སུ་ཁོང་གིས་རང་སྲོག་བློས་བཏང་ནས་དགོན་ཆེན་དགོན་པའི་ཐང་ག་དང་། སྐུ་འདྲ་སོགས་ཀྱི་རིག་དངོས་རྩ་ཆེན་༣༠༠༠ལྷག་ཉར་ཚགས་གནང་ནས་རྗེས་སུ་དགོན་ཆེན་དགོན་པ་ཆོས་སྒོ་སླར་ཡང་འབྱེད་སྐབས་ཕར་ཕུལ་བའི་མཛད་འཕྲིན་ནི་ཡོངས་གྲགས་སུ་ཁྱབ་ཟིན་པས་འདི་མ་སྤྲོས།

དཔེ་ཝར་དགོན་པའི་ལྷ་རྙིང་ལྷ་ཁང་ལ་དུས་འགྱུར་ཁྲོད་གནོད་སྐྱོན་མ་ཐེབས་རུང་མི་ལོ་ཉིས་བརྒྱ་ལྷག་སོང་བའི་རྐྱེན་གྱིས་རྒྱ་མཐོང་གི་གྱང་ལོག་ལ་ཁད་དུ་གྱུར་ཡོད། མྱུར་བར་ཞིག་གསོ་མ་བྱས་ན་གྱང་ལོག་འགྲོ་རྒྱུ་དང་། གལ་ཏེ་ཞིག་གསོ་བྱས་ན་རྒྱ་མཐོང་གི་གྱང་ལྷ་རྙིང་པའང་སློག་དགོས་པས་ཁོང་གི་ངོས་ནས་བཤད་ན་གདམས་ཀ་རྒྱག་དཀའ་ཤོས་ཀྱི་གནས་སུ་ལུས།

ཁོང་ཕྱི་རྒྱལ་དུ་ཕེབས་སྐབས་གྱང་ལྷ་རྙིང་པ་ཚུར་ལེན་པའི་ལག་རྩལ་ཡོད་པ་ཐོས་པས་ཁོང་གིས་གང་སར་དེའི་སྐོར་གྱི་ཆེད་མཁས་པ་གདན་འདྲེན་ཞུ་བར་འབད་པ་ཆེན་པོ་གནང་།

སྤྱི་ལོ་༡༩༩༦ལོར་དར་མདོ་ལ་དབྱིན་སྐད་བསྒྱུར་མཁན་གྱི་ཝུའུ་ཞེས་པའི་དགེ་རྒན་ཞིག་གིས་ང་རང་བཙལ་ནས་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་དཔེ་ཝར་དགོན་དུ་འགྲོ་བཞིན་འདུག་པས་བརྙན་ཕབ་མཁན་དང་ལམ་སྣེ་ཁྲིད་མཁན་ཞིག་དགོས་འདུག་པས་ང་རང་འགྲོ་ཁམས་ཨེ་ཡོད་ཟེར། ང་རང་གིས་དབྱི་ཏ་ལིའི་ཆེད་མཁས་པ་བཞི་པོ་དཔེ་ཝར་དགོན་དུ་གྱང་ལྷ་སྲུང་སྐྱོབ་བྱ་ཆེད་འགྲོ་བར་ཤེས་པས་ང་རང་རོགས་པ་འགྲོ་མོས་ཡོད་རྒྱུའི་ཐག་བཅད། ང་ཚོ་སྡེ་དགེ་སླེབས་དུས་ཡང་རྫོང་སྤྱི་བདེ་ཅུས་ཀྱིས་བུ་དགེ་ཞེས་པའི་ལས་སྒྲུབ་པ་ཞིག་ཀྱང་མངགས་བྱུང་། སྐབས་དེར་དཔེ་ཝར་དུ་རླངས་འཁོར་ལམ་མེད་པས་རྟིང་མདོ་ཟམ་ཁར་སླེབས་དུས་རྟ་ཞོན་ནས་འགྲོ་དགོས།

དེ་དུས་དཔེ་ཝར་དགོན་དུ་ཡང་ཆ་རྐྱེན་ཧ་ཅང་ཞན་ཞིང་། ཐ་ན་དགོན་པའི་ཇ་ཚ་ཡན་ཆད་ཀྱང་དཔེ་ཝར་རིན་པོ་ཆེས་ཉོ་དགོས། ལྷ་རྙིང་ལྷ་ཁང་དང་དེའི་ཟུར་དུ་སྣེ་ལེན་ཁང་ཆུང་ཆུང་ཞིག་དང་། ལྷ་ཁང་མདུན་དུ་ཆུ་འཐག་ཁང་པ་ཞིག་ལས་ཁང་པ་མང་པོ་མི་འདུག །ལྷ་རྙིང་ལྷ་ཁང་གི་པད་རྒྱན་དང་རྒྱ་མཐོང་གི་གྱང་ཡང་ལོག་ལ་ཉེ་འདུག །

ཆེད་མཁས་པ་ཚོས་ཉིན་ཉི་ཤུ་རྩ་གསུམ་ཙམ་ལ་ཐོག་མར་རྒྱ་མཐོང་གི་གྱང་ལྷའི་ལྡེབས་ངོས་ཚང་མ་རྫས་སྦྱོར་སྨན་གྱིས་འཁྲུ་བ་དང་། དེ་ནས་སྨན་རྫས་བྱུག་ཏེ་དེའི་ཐོག་ཚགས་རས་རིམ་པ་གསུམ་ཙམ་སྦྱར། དེ་སྐམ་རྗེས་འགྱིག་གི་ཐོ་བས་ཡང་ཡང་རྡུང་མཐར་གྱང་གི་རིམ་པ་གཅིག་དང་གྱང་ལྷའི་ཚོན་རྣམས་རས་གཞི་ཐོག་ཏུ་འབྱར་འདུག །དེ་དག་ཚོ་མང་པོ་བགོས་ཏེ་མར་བླངས་ནས་ཤིང་ཐུར་ཅུང་སྦོམ་པོ་ཞིག་གི་ཐོག་ཐང་ག་ལྟར་བསྒྲིལ་ཏེ་ཉར་ཚགས་བྱ་དགོས། ལོ་གཉིས་ཀྱི་རྗེས་སུ་རྒྱ་མཐོང་ཞིག་གསོ་བྱས་རྗེས་སྔོན་ལྟར་ཡར་སྦྱར་ཡོད། ད་སྐབས་ལྷ་རྙིང་ལྷ་ཁང་གི་རྒྱ་མཐོང་གི་ཕྱོགས་བཞིའི་ལྡེབས་རིས་ཆ་ཚང་ནི་སྐབས་དེར་ཕྱི་རྒྱལ་གྱི་ཆེད་མཁས་པས་མར་བླངས་ཏེ་སླར་ཡང་ཡར་སྦྱར་བ་ཡིན་པས་ཚོན་མདངས་ལ་འགྱུར་བ་ཅུང་ཙམ་ཡང་བྱུང་མེད། གལ་ཏེ་སྐབས་དེར་དཔེ་ཝར་རིན་པོ་ཆེ་ལ་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་བརྟན་པོར་ཞིག་མེད་ན་ལྡེབས་རིས་རྙིང་པ་དེ་དག་ལོ་ཉི་ཤུ་ལྷག་གི་སྔོན་ནས་བཤིག་ཟིན་པ་གདོན་མི་ཟའོ། །


1669540913755995.jpg

// དཔལ་འབྱོར་ངེད་གཉིས་ལྷ་སྒང་དགོན་དུ་ཁོང་མཇལ་སར་སོང་།


འདིའི་ལོ་བཅུ་ཤས་རིང་དུ་ཁོང་གི་ཕྱག་ལས་གཙོ་བོ་ནི་རིག་བདག་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་གཙོས་པའི་སྐྱེས་ཆེན་དམ་པ་བཅུ་ཕྲག་གསུམ་ལྷག་གིས་བསྩལ་བའི་བཀའ་ཆོས་དག་གི་དབང་ལུང་ཁྲིད་སོགས་བླ་མའི་བཀའ་བཞིན་རྒྱལ་ཕྱི་ནང་གི་དགོན་ཁག་མང་པོའི་བླ་སྤྲུལ་དག་ལ་སྤེལ་ཅི་ཐུབ་གནང་བའི་དུས་སྐབས་ཤིག་ཡིན། ཟླ་ཤས་སྔོན་ནས་མི་ཉག་ལྷ་སྒང་དུ་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་གནང་བཞིན་ཡོད་ཚུལ་ཐོས་པས་ཁོང་མཇལ་སར་ཞིག་བསླེབ་ན་བསམ།

༢༠༡༡ལོའི་རྒྱ་ཟླ་༡༡པའི་ཚེས་༢༦ཉིན། ཕ་ཡུལ་བ་བཀྲ་ཤིས་དཔལ་འབྱོར་དང་ངེད་གཉིས་ལྷན་དུ་དཔལ་ལྷ་སྒང་དུ་དཔེ་ཝར་རིན་པོ་ཆེ་མཇལ་སར་སོང་། ངེད་གཉིས་སྔ་དྲོའི་ཆུ་ཚོད་༡༡ཐོག་ཏུ་དཔལ་ལྷ་སྒང་གི་བཤད་གྲྭ་རུ་ཐོན་སོང་། འདུ་ཁང་ནང་དུ་བླ་སྤྲུལ་མང་པོས་གང་འདུག །འདུ་ཁང་གི་དཀྱིལ་ཀ་མདུན་གྱི་ཁྲི་ཐོག་ནས་དཔེ་ཝར་རིན་པོ་ཆེས་དབང་གནང་བཞིན་འདུག །ང་ཚོས་ཆུ་ཚོད་གཅིག་ཙམ་སྒུག་རྗེས་ཚོགས་པ་གྲོལ་སོང་། ངེད་གཉིས་རིན་པོ་ཆེའི་ཕྱོགས་སུ་སོང་བས་ཁོང་གིས་ངེད་གཉིས་མཐོང་མ་ཐག་འཛུམ་དམུལ་དམུལ་ངང་ནས་ཚུར་ཁྲི་རྩར་ཤོག་གསུང་བའི་ལག་བརྡ་གནང་བཞིན་འདུག །ཁོང་གིས་ང་མཐོང་མ་ཐག་“རྒྱ་ར་མ། ཅི་བྱེད་སར་ཡོང་བ་ཡིན་ཞེས”གསུངས། “ངེད་གཉིས་ཆེད་དུ་ཁྱེད་མཇལ་སར་ཡོང་བ་ཡིན་”ཞུས་པས་ཁོང་གིས་ཐུགས་དགྱེས་དགྱེས་གནང་སོང་། དེ་ནས་གྲྭ་པ་ཞིག་གིས་ཁོང་ལ་ཉིན་གུང་གི་གསོལ་བ་ཁྱེར་བྱུང་། ཁོང་གིས་གྲྭ་པ་ལ་ཁོང་གཉིས་ལའང་ལ་ཟ་མ་ཁྱེར་ཤོག །ང་ཚོ་མཉམ་པོ་ཟ་མ་ཟ་དགོས་གསུངས་པས་གྲྭ་པས་ངེད་གཉིས་ལའང་ཟ་མ་ཁྱེར་བྱུང་། ཉིན་གུང་མལ་གསོ་དང་ཟ་མ་གསོལ་སྐབས་ཁོང་ཁྲི་ཐོག་སྔར་བཞིན་བཞུགས་པ་ལས་མར་བབ་མི་ཐུབ། ཁོང་སྔོན་ཆོད་ནས་ཞབས་མི་བདེ་ཞིང་། དགུང་ལོ་ཇེ་མཐོར་འགྲོ་སྐབས་དེ་བས་འགྲོ་འདུག་མི་བདེ་རུང་ད་དུང་གནས་གཅིག་ཏུ་བཞུགས་ཏེ་དབང་ལུང་ཟླ་བ་ཁ་ཤས་གནང་བ་ནི་ལས་སླ་མོ་ཞིག་ག་ལ་ཡིན་སྙམ།

དེ་རིང་དུས་ཚོད་དང་གཟའ་སྐར་ཅི་འདྲའི་ཡག་པོ་ཡིན་ན། ཁོང་གིས་དུས་རྒྱུན་དང་མི་འདྲ་བའི་ཐུགས་དགྱེས་དགྱེས་གནང་བཞིན་སྐབས་སྐབས་སུ་ཟ་མ་གསོལ་ཞོར་ཞལ་བརྡ་ཡང་ཅུང་གནང་བཞིན་འདུག །ཁོང་གིས་ངེད་གཉིས་ལ་ཁོང་འདི་ཕེབས་ནས་ཟླ་བ་གཉིས་ཙམ་སོང་བ་དང་ད་དུང་ཟླ་བ་གཅིག་ལྷག་ཙམ་བཞུགས་དགོས་ཚུལ་དང་། ཁོང་ཉིན་ལྟར་ཞོགས་པའི་ཆུ་ཚོད་བཞི་ཐོག་ཡང་བཞེངས་ནས་ལམ་དུས་སོགས་ཀྱི་ཁ་འདོན་གསུང་ཞིང་། དེ་ནས་ཆུ་ཚོད་དྲུག་ནས་འདུ་ཁང་དུ་ཡོང་ནས་དབང་བཀུར་འགོ་ཚུགས་ཤིང་། ཉིན་གུང་དང་ཕྱི་དྲོར་ཁྲི་ཐོག་ནས་ཟ་མ་བཞེས་ཤིང་དགོང་མོའི་ཆུ་ཚོད་བཅུ་ཐོག་གཟིམ་ཤག་ཏུ་ཕེབས་ཏེ་ཡང་ཁ་འདོན་གསུང་འཕྲོ་མུ་མཐུད་གསུང་སྟེ་མཚན་མོའི་ཆུ་ཚོད་བཅུ་གཉིས་ཙམ་ལ་གཞི་ནས་གཟིམ་ཚུལ་སོགས་ཀྱི་གསུང་གླེང་གནང་། དུས་ཚོད་ཅི་ཙམ་འགོར་བ་མ་ཤེས་པར་ཆུ་ཚོད་གཉིས་པར་སླེབས་ལ་ཉེ་བས་བླ་མ་རྣམས་འདུ་ཁང་དུ་འཛོམས་ནས་ཕྱི་དྲོའི་དབང་ཞུ་བའི་གྲ་སྒྲིག་བྱེད་བཞིན་འདུག །དེ་ནས་ངེད་གཉིས་ཀྱིས་ཁོང་དང་མཉམ་དུ་འདྲ་པར་རེ་བླངས་ནས་བྲལ་མི་འདོད་པའི་ངང་ནས་ཕྱིར་ནུད་བྱས་ཏེ་ལྷ་ཁང་ཕྱི་རུ་ཡོང་། འདུ་ཁང་སྒོ་ཁ་ནས་ནང་དུ་ལྟ་དུས་རྒྱ་མཐོང་ནང་གི་ཉི་ཐིག་ཁོང་གི་ཁྲི་ཐོག་ཏུ་ཕོག་ནས་སྐུ་ལུས་ཡོངས་རྫོགས་གསེར་འོད་ལྷམ་ལྷམ་དུ་འཕྲོ་བཞིན་འདུག །

རྗེས་སུ་ཁོང་གི་རྣམ་ཐར་ལ་བལྟས་པས་ཁོང་གི་བླ་མ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། དིལ་མགོ་མཁྱེན་བརྩེ་སོགས་ཀྱིས་ཁྱེད་ལ་ཡོད་པའི་ཆོས་མཛོད་བརྒྱུད་པ་གཙང་མ་བྱིན་རླབས་ཀྱི་སྤྲིན་ཕུང་འཁྲིགས་པ་དེ་དག་གཞན་ལ་སྤེལ་ཅི་ཐུབ་མཛོད། ཉུང་མཐའ་ཡང་ལོ་རེར་ཞག་བཅོ་ལྔ་རེ་ལ་སྤེལ་དགོས་ཞེས་པའི་བཀའ་ལྟར་ཁོང་གིས་སྔོན་རྗེས་སུ་ཨ་རི་དང་། ཧྥ་རན་སི། དབྱིན་ཇི། ཁེ་ན་ཌ། མ་ལེ་ཞི་ཡ། རྒྱ་གར། བལ་ཡུལ། འབྲུག་ཡུལ། སེངྒ་པོར། ཐའེ་ཝན། ཧོང་ཀང་སོགས་ཀྱི་རྒྱལ་ཁབ་དང་ས་ཁུལ་དག་ཏུ་ཕེབས་ནས་ཆོས་སྤེལ་བ་དང་། ལྷག་པར་དུ་སྐུ་ཚེའི་སྨད་དུ་བོད་ཡུལ་གྱི་རྫོང་སར་དགོན་དང་། སྡེ་དགེའི་ལྷུན་གྲུབ་སྟེང་། མི་ཉག་རི་ཁུད་དགོན། ཡིད་ལྷུང་ལྷ་བརྒྱ་དགོན་སོགས་སུ་བླ་གྲྭ་སྟོང་གཉིས་ཙམ་ལ་ལམ་འབྲས་སློབ་བཤད་ཚར་བཞི། རིན་ཆེན་གཏེར་མཛོད་ཚར་གསུམ། གདམས་ངག་མཛོད་ཚར་ལྔ། སྒྲུབ་ཐབས་ཀུན་འདུས་ཚར་གསུམ་སོགས་དང་གཞན་ཡང་སྒྲོལ་དཀར་རྗེས་གནང་། མི་འཁྲུགས་ལྷ་དགུའི་དབང་ཆེན། དྲི་མེད་རྣམ་གཉིས་ཀྱི་དབང་སོགས་དབང་ལུང་མང་དག་གནང་ཡོད།

1669540980322756.jpg

// དགུང་གྲངས་དགུ་བཅུའི་ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམས།


དཔེ་ཝར་རིན་པོ་ཆེ་ནི་ས་སྐྱའི་ཆོས་རྒྱུད་ཀྱི་དབང་ལུང་ཁྲིད་ཀྱི་བརྒྱུད་པས་ཕྱུག་པའི་བླ་མ་རྩ་ཆེན་ཞིག་དང་། ཁམས་ཕྱོགས་སུ་སྐད་གྲགས་ཆེ་བའི་མཁས་དབང་ཞིག་ཀྱང་ཡིན།  ཁོང་ནི་བོད་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་སྟེ་སྤྱི་ལོ་༡༩༣༣ལོར་རྫོང་ཤོད་དུ་འཁྲུངས་ཤིང་། དགུང་ལོ་བཞི་ལྔ་ཙམ་ནས་རྫོང་སར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་ངོར་ཐར་རྩེ་ཞབས་དྲུང་རིན་པོ་ཆེ་ཀུན་དགའ་བསྟན་པའི་ཉི་མའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་དཔེ་ཝར་དགོན་པའི་བསྟན་བདག་ཏུ་མངའ་གསོལ། དེ་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་གཙོས་པའི་བླ་སྤྲུལ་སུམ་ཅུ་ལྷག་གི་མདུན་ནས་ཆོས་དང་རིག་གནས་ལ་སློབ་སྦྱོང་གནང་དང་། དགུང་ལོ་༡༥ནས་༢༠བར་རྫོང་སར་བཤད་གྲྭ་རུ་སློབ་སྦྱོང་གནང་ཞིང་། དེ་རྗེས་གཙང་ས་སྐྱ་སོགས་སུ་ཕེབས་ནས་གསན་སྦྱོང་རྒྱ་ཆེར་གནང་།

1669541007492197.jpg

དུས་འགྱུར་སྐབས་སུ་སྨྱོན་པའི་ཟློས་གར་བསྒྱུར་ནས་དགོན་ཆེན་དགོན་པའི་རིག་དངོས་སུམ་སྟོང་ཙམ་ཉར་ཚགས་གནང་།  དེ་ནས་དངུལ་ཕུ་ནང་དུ་སྐུ་མཚམས་ལོ་ཉི་ཤུ་ཙམ་བཞུགས། ཆོས་སྒོ་ཕྱེས་རྗེས་དགོན་སྡེ་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས་མང་དག་གནང་ཞིང་འབྲི་ཆུ་ལ་ལྕགས་ཟམ་འཛུགས་པ་སོགས་ཀྱི་དགེ་ལས་རྩ་ཆེན་གནང་། དེ་ནས་༡༩༨༡ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་མཛད། ༡༩༨༦ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཁམས་ཕྱོགས་ཕེབས་སྐབས་ཀྱི་དྲུང་ཡིག་གནང་། ༡༩༨༨ལོར་པེ་ཅིན་མཐོ་རིམ་ནང་བསྟན་སློབ་གླིང་དུ་དགེ་རྒན་མཛད། ༡༩༨༩ལོར་ཁྲེང་ཏུའུ་རུ་ཀྲུང་ཧྭ་བཀའ་བསྟན་དཔེ་བསྡུའི་ཕྱག་ལས་གནང་། སྐུ་ཚེའི་སྨད་དུ་རྒྱ་ཕྱི་ནང་ཀུན་ཏུ་བླ་གྲྭ་སྟོང་ཕྲག་མང་པོ་ལ་ལམ་འབྲས་སློབ་བཤད་དང་། རིན་ཆེན་གཏེར་མཛོད། གདམས་ངག་མཛོད། སྒྲུབ་ཐབས་ཀུན་བཏུས་སོགས་ཀྱི་དབང་ལུང་གྲངས་མང་བསྩལ་ནས་མཐར་སྤྱི་ལོ་༢༠༢༢ལོའི་རྒྱ་ཟླ་༡༠པའི་ཚེས་༢ཏེ་བོད་ཟླ་༨པའི་ཚེས་༧རེས་གཟའ་ཉི་མ་དགུང་གྲངས་དགུ་བཅུའི་ཐོག་ཁྲེང་ཏུའུ་རུ་དགོངས་པ་ཆོས་དབྱིངས་སུ་ཐིམས། རྒྱ་ཚེས་༦ཉིན་སྐུ་གདུང་དཔེ་ཝར་དགོན་དུ་གདན་དྲངས་སོ། །

དཔེ་ཝར་རིན་པོ་ཆེས་འཁོར་མདོ་དགོན་པའི་འདུ་ཁང་གསར་པར་རབ་གནས་མཛད་སྐབས་ཀྱི་པར་རིས།


༢༠༡༠ལོའི་རྒྱ་ཟླ་༧པའི་ཚེས་༡༧ཉིན་ནས་༡༨ཉིན་བར་དཔེ་ཝར་རིན་པོ་ཆེ་སྐུ་དངོས་སྡེ་དགེའི་འཁོར་མདོ་དགོན་དུ་ཆིབས་བསྒྱུར་གནང་ནས་འདུ་ཁང་གསར་བཞེངས་ལེགས་འགྲུབ་བྱུང་བའི་རབ་གནས་མཛད་སྒོའི་ཐོག་ཁོང་དང་སྡེ་དགེའི་བླ་མ་སྒ་བླ་རྣམ་གཉིས་གཙོས་པའི་བླ་སྤྲུལ་མང་པོས་རབ་གནས་གཟབ་རྒྱས་གནང་།

14251669539829_.pic.jpg

རྩོམ་འབྲི་བ་དཀོན་མཆོག་རྡོ་རྗེས་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེ་མཇལ་བཞིན་པ།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།