སྙིང་ཉེ་བའི་པདྨ་ཚེ་བརྟན་ལགས། ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

WechatIMG1616.jpeg

ད་ནི་ཟླ་ལྔ་པའི་ཚེས་དགུའི་ཉིན་གུང་རེད། ཁ་པར་དུ་པདྨའི་གློག་བརྙན་ནང་གི་བརྙན་ཐུང་ཚན་པ་ཞིག་འབྱོར་བར། ཐར་ལོ་ཟེར་བའི་ཆུང་མ་མ་རྙེད་པའི་ལུག་རྫི་དེས་བོད་སྐད་གདངས་ཀྱི་རྒྱ་སྐད་ཀྱིསམི་དམངས་ལ་ཞབས་འདེགས་ཞུཞེས་པ་ཁ་ཏོན་ཇི་བཞིན་ཡི་གེ་གཅིག་ཀྱང་མ་ལུས་པར་ཤར་ཤར་འདོན་བཞིན་འདུག་ལ། བརྙན་མིག་སྐབས་རེར་རྭ་ནུ་ནུ་བཞིན་པའི་ལུ་གུའི་སྟེང་དུ་བསྐོར་ཡོང་།

“……མི་ནི་འཆི་ཤག་ཤག་རེད། འོན་ཀྱང་ཤི་བའི་དོན་སྙིང་མི་འདྲ། ཀྲུང་གོའི་ལོ་རྒྱུས་སྟེང་མིང་ལ་སི་མཱ་ཆན་ཟེར་བའི་རྩོམ་པ་པོ་ཞིག་གིས་ལབ་རྒྱུར‘མི་ནི་འཆི་ངེས་ཡིན་མོད། ལ་ལ་ཤི་བ་ནི་རི་བོ་ཐའེ་ཧྲན་ལས་ཀྱང་ལྕི་ལ། ལ་ལ་ཤི་བ་ནི་བྱ་སྤུ་ལས་ཀྱང་ཡང’ཟེར། ……”

《ཐར་ལོ》

བརྙན་གྱི་རིང་ཚད་ལ་སྐར་མ་གསུམ་དང་སྐར་ཆ་བདུན་འདུག ངས་ཁ་རོག་གེར་བལྟས་བསྡད་པས་ཁོང་དགོད་ཅིག་ཤོར་ལ། དེ་མུར་དགོད་མཚམས་བཞག——པདྨ་འདས་ཟིན། ཁ་སང་ཉིན་གུང་ང་ཚོས་རློམ་ཐབས་བྲལ་བའི་གསར་འགྱུར་འདི་ཐོས་བྱུང་། ད་ལྟ་མུན་རུབ་ཟིན་ལ། འཁྲབ་སྟོན་པ་ཧོང་ཞོན(黄轩)གྱིས་སྐད་ཅིག་བསྐུར་བྱུང་། ཟླ་གཉིས་ཀྱི་ཡར་སྔོན་དུ་ཁོས་པདྨ་དང་ལྷན་དུ་མཚོ་སྔོན་དུ་བརྙན་ཕབ་བཞིན་ཡོད། ཁོས་ངུ་ངག་གིས“ང་རང་ཁོང་ལྟ་བུའི་མི་སྙིང་ཉེ་བ་ཞིག་ལ་ཕྲད་མ་མྱོང་། ཁོང་ནི་ངའི་ཡབ་ཆེན་དང་ཁྱད་མེད”ཟེར། ཁོ་རང་སང་ཉིན་ལྷ་ས་ལ་འཕུར་བསྐྱོད་ཀྱིས་རྒན་པདྨ་ལ་མཇུག་མཐའི་ཕེབས་སྐྱེལ་ཞུ་རྒྱུ་རེད།

ན་ནིང་པདྨས་སྒྲུང་ཐུང་ཕྱོགས་བསྒྲིགས་པར་སྐྲུན་བྱེད་དུས། ང་ལ་འགོ་བརྗོད་ཅིག་འབྲི་རོགས་ཟེར། ངས་སྒྲུང་གཏམ་ལ་དཔྱད་བརྗོད་སྤེལ་མ་མྱོང་མོད་ནན་ནན་ཏིག་ཏིག་གིས་བྲིས་པ་ཡིན། རྒྱུ་མཚན་ནི་ང་རང་ཁོང་གི་གློག་བརྙན་ལ་དུངས་པས་ཡིན་ལ། ཁོང་གི་གློག་བརྙན་གྱི་མ་གཞི་ནི་སྒྲུང་གཏམ་རེད། ཉེ་ལམ་ངས་རང་གི་ཐོར་རྩོམ་དག་དེབ་ཏུ་བསྒྲིག་རྩིས་ཀྱིས་དཀར་ཆག་གི་ཁྲོད་དུ་རྩོམ་དེ་འདྲེན་དུས་པདྨ་འགྱེལ་སོང་། གོ་ཐོས་ལ་གློ་བུར་དུ་དབྱང་དབུགས་ཀྱིས་མ་འདང་བ་དང་མི་བདེ་བ་བྱུང་ནས་གཞི་ནས་འགྱེལ་སོང་ཟེར། དགུང་ལོ་ང་གསུམ་ཙམ་ཨང་།

ང་རང་པདྨའི་གློག་བརྙན་ལ་དགའ། ཁོའི་གློག་བརྙན་ལ་གདེང་འཇོག་བྱེད་རྒྱུའི་ཐོབ་ཐང་མེད་ཀྱང་ཕལ་ཆེར་ཁོའི་བརྩམས་ཆོས་རེ་རེར་བལྟས་མྱོང་། ངས་སྤོབས་པ་ཆེན་པོས་བཤད་འདོད་པ་ནི་ནང་ལོག་ཏུ་ཁོང་ལྟ་བུའི་འཁྲབ་ཁྲིད་པ་ཞིག་མེད་ལ། ཁོའི་གློག་བརྙན་དུ་ནང་ལོག་གློག་བརྙན་ལ་རྒྱུན་པར་ཡོད་པའི་ཐབས་ཇུས་དང་བྱ་བྱེད། སྦྲིད་ཚོར་སོགས་ཀྱི་ངན་ཤན་གྱིས་རྩ་བ་ནས་སླད་མེད། ཁོང་ལ་ལྷག་པ་ནི་ཅི་ཞིག་ཡིན་ནམ། ཁ་སང་གཏམ་ངན་ཐོས་ཕྲད་ཡིད་ངོས་སུ《ཐར་ལོ》སོགས་ཁོང་གི་གློག་བརྙན་རེ་རེ་གསལ་ལེར་ཤར་ཡོང་།

《ཐར་ལོ》ནི་ཚོན་མེད་གློག་བརྙན་ཅིག་རེད། མགོ་ཡི་བློ་སྐྱོར་རིང་པོའི་རྗེས་ནས་མཇུག་ཏུ་ཆོ་མེད་ཐར་ལོའི་མི་རྒྱུ་གཉིས་ཀ་ཚར་རག་བར་དུ་པདྨས་གཏམ་རྒྱུད་ལྷོད་བག་གིས་བརྗོད་ཡོང་།——ད་ལྟ་ངང་འཇམ་ལྷོད་བག་གིས་སྤྲོས་པའི་གློག་བརྙན་མཐོང་རྒྱུ་དེ་འདྲའི་དཀའ་བ་ཅིའི་ཕྱིར་ཡིན་ནམ། དེ་ལྟ་བུའི་མཇུག་བསྡུ་སྟངས་ནི་གཟབ་གཟབ་མ་བྱས་ན་ནོར་འཁྲུལ་བཟོ་སླ་བ་ཞིག་ཡིན་པས། ངས་པདྨས་ཅི་ལྟར་མཇུག་བསྡུ་བར་བསམ་གཞིག་བཏང་པ་ཡིན། ཐར་ལོས་ཞང་གྲོང་གི་འཕྲུལ་རྟ་རྙིང་པ་ཞིག་ཞོན་ནས་རི་ཁུལ་དུ་བསྐྱོད་ཀྱིན་འདུག་ལ། བསྐྱོད་ཀྱིན་བསྐྱོད་ཀྱིན་ཁོ་རང་བསྡད་བྱུང་། ཁོས་ག་རེ་བྱེད་བསམ་པ་ཡིན་ནམ། རྣམ་པ་ཚོས་བརྙན་ལ་གཟིགས་དང་རྟོགས་ཡོང་ངེས།

 ཁོའི་བརྩམས་ཆོས་ཐོག་མ 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དེ་ཧ་ཅང་སྤྱིར་བཏང་ཡིན་དྲགས་པས། གློག་བརྙན་ཁང་གིས་མིག་ཞགས་ཙམ་ཡང་འཕེན་མི་སྲིད་མོད། ངས་ཡང་བསྐྱར་ཐེངས་གཅིག་བལྟ་བསམ་བྱུང་། ལྷག་ཏུ་དཔེར་ན་བྷི་རེ་སོན་གྱི་(BRESSON)《མའོ་ཧྲེ་ཐུ》(Mouchette)དང་ཐུ་རུའུ་ཧྥོ(Truffaut) 《དངུལ་སིལ་མ།》(Small Change)འོལ་མིའི(Olmi) 《ཤིང་ལྷམ་གྱི་ལྗོན་པ།》(The Tree of Wooden Clogs)ལྟ་བུའི་ལྷོད་བག་གི་སྤྲོས་བརྗོད་ལ་བལྟ་བསམ་བྱུང་། གློག་བརྙན་གྱི་མཇུག་ཏུ། མི་སྣ་གཙོ་བོ་གྲྭ་བ་ཆུང་ཆུང་དེ་རི་སྐེད་ནས་གོམ་ཆུང་གིས་ཐུར་ལ་རྒྱུག་གིན་ཡོད་ལ། སྐབས་རེར་ལྗོན་པའི་ཕག་ལ་ཡིབ་ཅིང་སྐབས་རེར་ལྷང་ལ་འབུད་བཞིན་མཐར་གནམ་ལྡིང་ས་ལྡིང་གིས་ཚོགས་ཁང་དུ་འཛུལ་བ་དང་། ཚོགས་ཁང་ལས་ཆོས་ཀྱི་འདོན་དབྱངས་ཤིག་མཆེད་ཡོང་། བན་ཆུང་ཚོགས་ཀྱི་རྗེས་ལ་ལུས་པ་དང་གློག་བརྙན་མཇུག་བསྒྲིལ་སོང་།

WechatIMG1615.jpeg
《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》

ཁོའི་གློག་བརྙན་གྱིས་བན་ཆུང་དེ་ལྟ་བུའི་སླད་མེད་ཀྱི་ལྟ་མཁན་ལ་རེ་སྙེག་བྱས་ཡོད་ལ། (གྲྭ་བ་ཆུང་ཆུང་དེ་བརྙན་འཕྲིན་ལས《ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་སྒྲུང》ལ་བལྟ་རྒྱུར་ཧ་ཅང་དགའ།)དེ་ལྟ་བུའི་ལྟ་མཁན་ཡང་ཡོད་སྲིད་ངེས་རེད། ངས་གློག་བརྙན་མཇུག་ཏུ་གཏོང་བཞིན་པའི་ཆོས་ཀྱི་དབྱངས་རྟ་དེ་པདྨར་བསླངས་པ་ཡིན། དེ་ནི་བྱིས་པ་ཞིག་གི་ལྡབ་ལྡིབ་ཀྱི་འདོན་དབྱངས་རེད། དབྱངས་རྟ་དེ་ད་དུང་ངའི་ཁ་པར་དུ་ཉར་ཡོད། དེ་འདྲ་བྱེད་དོན་ནི་ང་རང་བོད་བརྒྱུད་ནང་བསྟན་ལ་སྤྲོ་བ་ཡོད་པ་མ་ཡིན་ཏེ། ངས་དབྱངས་རྟ་དེ་ལས་སྔ་མོ་སྔ་མོ་ཞིག་ནས་བོར་ཟིན་པའི་ནང་སེམས་ཀྱི་འོང་སྣང་ཞིག་མཐོང་ཐུབ་པས་ཡིན། མི་ཆེས་སྐྲག་ས་ནི་འདི་ལྟ་བུའི(བྱིས་པའི་ངག་གིས་གྱེར་བའི)སྐད་ཅིག་མས་རང་ཉིད་ཀྱི་བོར་ཟིན་པའི་བྱིས་བློ་དྲན་གསོ་བྱས་ཡོང་བ་དེ་རེད།

《འཚོལ》ནང་གི་དྲི་མེད་ཀུན་ལྡན་ནི་བོད་ཀྱི་སྲོལ་རྒྱུན་ཟློས་གར་ནང་གི་རྒྱས་སྲས་ཤིག་རེད་ལ། དབུལ་བོའི་ཕྱིར་དུ་སྤྱན་ཟུང་ཀྱང་སྦྱིན་པར་བཏང། པདྨའི་གཏམ་རྒྱུད་དུ་ཟློས་གར་འདི་གློག་བརྙན་ལ་ཕབ་ཆེད། ཕབ་ལེན་ཚན་ཆུང་གིས་བུད་མེད་མི་སྣ་གཙོ་བོ་མཛེས་མ་ཞིག་བཙལ། (ཁོ་མོ་སྒོ་གླེགས་ལ་ཁེན་ཏེ་སྐྱེངས་བའི་ཚུལ་གྱིས་གཞས་ཤིག་བཏང་བ་ལ་སྙན་པའི་ཚོད་ཅིག་མི་འདུག)ཁོ་མོས་བསམ་ཚུལ་ལྟར་ན་རང་ཉིད་དང་མཉམ་འབྲེལ་བྱེད་མྱོང་བའི་སྐྱེས་པ་འཁྲབ་སྟོན་པ་དེ་རྙེད་ན་ད་གཟོད་འཁྲབ་ཟེར། མ་གཞི་སྐྱེས་པ་དེ་ནི་མོའི་དགའ་ས་རྙིང་པ་ཡིན་ལ། འབྲེལ་ཐག་ཆད་རྗེས་ཐག་རིང་ཞིག་ལ་དགེ་རྒན་བྱེད་དུ་ཆས་སོང་། ད་ལྟ་ཁོ་མོས་དྲིས་ལན་ཞིག་གི་ཆེད་དུ་ལམ་ཐག་རིང་བོ་རླངས་འཁོར་གྱིས་གཅོད་བཞིན་ཡོད།

ཕབ་ལེན་ཚན་ཆུང་གིས་རྒྱུ་མཚན་ཧ་མ་གོ་བར་ཁོ་མོ་ཁྲིད་ནས་ལམ་ལ་ཞུགས། ལམ་བར་དུ། མདུན་དུ་བསྡད་པའི་སྐྱེས་པ་དེས་རང་ཉིད་ཀྱི་ཕམ་ཉེས་ཤོར་བའི་བརྩེ་དུང་གི་གཏམ་རྒྱུད་ལྷུག་ལྷུག་ཏུ་བཤད། རྒྱབ་ཀྱི་བུད་མེད་ཀྱིས་ཁ་རོག་གེར་ཉན་ཞོར་བསམ་གཞིག་གི་ནང་དུ་ལྷུང་། ལ་མོ་མང་པོ་བརྒྱབ་རྗེས་དངོས་གནས་ཐོན་བྱུང་། ན་གཞོན་དེ་གཞུང་སྒྲུབ་མདུན་ཅོག་ལས་ཡར་ལངས་ཏེ་སྣེ་ལེན་བྱས་པར། མི་ཞིག་གིས་ཁོ་མོ་གཞུག་ཏུ་ཡོང་བཞིན་པ་བཤད།…… དེའི་རྗེས་ལ། ཁྱོད་ཀྱིས་སེམས་ཁྲལ་ཆེ་བའི་བུད་མེད་དང་ཁྲལ་མེད་སྐྱེས་པ་དེས་ཁ་འཛིང་བྱེད་ངེས་རེད་ཨེ་བསམ། མ་རེད། པདྨས་དེ་ལྟར་བྱས་མི་འདུག བརྙན་མིག་སློབ་མས་གང་བའི་རྩལ་སྦྱོང་ར་བར་བསྐོར་ཞིང་། རྒྱང་རིང་རྒྱང་རིང་གི་སྤོ་ལོའི་སྟེགས་བུ་ཞིག་གི་འོག་ཏུ་དགའ་རོགས་གཉིས་ལངས་འདུག

བུད་མེད་མང་པོ་ཞིག་གིས་དེ་འདྲའི་གནས་སྐབས་བརྒྱུད་མྱོང་མོད།(སྐྱེས་པ་ཡང་ངོ)ང་ཚོས་ཁོ་གཉིས་ཀྱིས་ཡང་སྙིང་ཅི་ཞིག་བཤད་པ་མི་ཤེས་པར་མ་ཟད། བུད་མེད་དེས་ལན་ཞིག་རྙེད་ཡོད་མེད་ཀྱང་བཤད་དཀའ་ལ། ཁོ་གཉིས་ཀྱིས་ཡང་བསྐྱར་མཉམ་འབྲེལ་བྱེད་མིན་ནི་དེ་བས་ཀྱང་ངོ། བརྙན་མིག་རྗེས་མ་རུ། བུད་མེད་དེ་ཁུ་སིམ་མེར་ཕྱིར་ཡོང་སྟེ་རླངས་འཁོར་དུ་བསྡད།

པདྨ་ནི་མི་གཤིས་ལ་མཁས་ཤིང་། ཚན་པ་འདི་ལས་ངས་ཁོ་རང་གློག་བརྙན་ལ་ཧ་ཅང་འཇོན་པར་སེམས།

WechatIMG1619.jpeg
《འཚོལ》

དེའི་རྗེས་ལ་གློག་བརྙན་ཁང་ལ་དགོས་མི་སྲིད་པའི《ཁྱི་རྒན》རེད། པདྨས་ཐུའུ་ཀེ་ནེ་ཧྥུའི་སྒྲུང་ཐུང《མུའུ་མུའུ》བཀླགས་མྱོང་ངམ། ——ཧྥུའུ་ལུའོ་པེར( Flaubert)གྱིས་དེ་ནི་འཇིག་རྟེན་སྟེང་ཆེས་ཡིད་འགུལ་ཐེབས་པའི་སྒྲུང་ཐུང་རེད་ཟེར། ——《ཁྱི་རྒན》གྱི་ལས་དབང་དང《མུའུ་མུའུ》ཡི་གཏམ་རྒྱུད་གཉིས་གཏན་ནས་མི་འདྲ། དེ་བས་དེ་ནི་ཡིད་འགུལ་ཐེབས་པ་ལས་ཟློག་སྟེ། ངས་རྒད་པོ་དེས་དལ་གྱིས་ཁྱི་རྒན་ཤིང་ཀའི་སྟེང་བཏགས་ཤིང་ཁ་ཕྱིར་འཁོར་ཏེ་ཐག་པ་འཐེན་ཞོར་གོམ་པ་རེ་རེ་སྤོས་ནས་འགྲོ་བར་བལྟས་ཏེ……ང་རང་འདུག་སྟེགས་ལས་ཏོག་སེ་ཡར་ལངས་ཤིང་ཅི་བྱེད་འདི་བྱེད་མེད་པར་གྱུར་།


《ཁྱི་རྒན》

ཆེས་དགའ་མགུ་ཆེ་བའི་གློག་བརྙན་དང་པོ་ནི《ལག་དམར》ཡིན། འཁྲབ་སྟོན་པ་གཙོ་བོ་རྫིག་ཉམས་ཆེ་བའི་ཤ་འཁོན་སློག་མཁན་དེས་གྲི་རིང་འཕྱར་ནས་གསོད་གཏུབ་བྱེད་པའི་སྣང་བརྙན་ལ་སོམས་དང་། སྐབས་འདིར། པདྨས་རབ་རིབ་དང་དལ་ལྷོད་ཀྱི་བརྙན་མིག་ཅིག་བཀོལ་ཏེ་མ་གཞི་ཅི་ཡང་བྱུང་མ་སོང་། (འདི་ནི་ཕུལ་བྱུང་སྒྲུང་གཏམ་གྱི་གཏིང་རྟོགས་ཤིང་། རང་ཉིད་ཀྱིས་ཀྱང་སྒྲུང་གཏམ་འབྲི་བའི་འཁྲབ་ཁྲིད་པ་ཁོ་ནར་དབང་བའི་ཐབས་རྩལ་ཞིག་རེད།)ཁ་ལོ་བ་དེའི་དགའ་རོགས་སམ་ཇ་ཁང་གི་སྦྱིན་བདག་མ་དེ་དྲན་ཨེ་སོང་། པདྨ་ནི་འཁྲབ་སྟོན་པར་མཛུབ་སྟོན་བྱེད་རྒྱུར་འཇོན་པ་ལའང་། ཁོའི་གློག་བརྙན་རྗེས་མ《དབུགས་ལྒང》དུ་མོ་རང་འཕྱོར་སྒེག་གིས་ཕྱུག་པའི་འཁྲབ་སྟོན་པ་ཞིག་ནས་གློ་བུར་དུ་གཞུང་དྲང་ལྷུན་ཆགས་ཀྱི་ཞིང་གྲོང་གི་བུད་མེད་ཕལ་བ་ཞིག་ཏུ་བསྒྱུར་འདུག གལ་སྲིད་པདྨས་ང་ལ་བཤད་པ་མིན་ན་ངས་མི་སྣ་དེ་གཉིས་མི་གཅིག་གིས་འཁྲབ་པ་ཤེས་མི་སྲིད།

དེའི་རྗེས་ལ《དབུགས་ལྒང》ཐོན་བྱུང་། བརྩེ་དུང་བོར་བའི་བཙུན་མ་དེ་སྟེས་དབང་གིས་སྔོན་ཆད་ཀྱི་མཛའ་བོ་དང་ཕྲད་ཅིང་། སྐྱེས་པ་དེས་ཁོ་གཉིས་ཀྱི་གཏམ་རྒྱུད་དེབ་ཏུ་བྲིས་འདུག ཁོ་མོ་ལ་དེབ་དེ་ཀློག་འདོད་ཀྱི་འདུན་པ་ཇི་འདྲའི་ཆེ་ཨང་། ཡིན་ཡང་ཨུ་ཚུགས་ཆེ་བའི་ཨ་ཅེས་མོའི་ལག་ནས་ཕྲོགས་ཏེ་ཐབ་ཏུ་མེ་ལ་བསྒྲོན།  (འུ་ཐུག་པའི་མཛའ་བོ་དེས་ཨ་ཅེའི་ལས་འདེད་ལ་ལན་ལྡོན་དུས་མིག་ཤེལ་ས་རུ་ལྷུང་སོང་།)——འདིར་པདྨའི་གློག་བརྙན་སྔོན་མ་ཏག་གི་རང་བཞིན་གཞི་གཅིག་ཏུ་འདྲེས་པའི་མོད་ལ། གཞི་རྒྱ་དང་ཧམ་སེམས་ཆེ་རུ་བསྐྱེད་འདུག ཡིན་ཡང་ཁོའི་སྤོས་བརྗོད་སྔར་བཞིན་བརྟན་ཚུགས་ཤིག་རེད། བྱིས་པ་གཉིས་ཀྱིས་དབུགས་ལྒང་བཏེགས་ནས་སྒང་ཁའི་རྒྱབ་ལོགས་སུ་ཡལ་བ་དང་བསྟུན་དབུགས་ལྒང་གནམ་ལ་འཕུར་སོང་ལ། དེ་གར་པདྨས་རང་གི་གློག་བརྙན་གྱི་ཟུར་སྣེ་གསར་བ་ཞིག་རྙེད་སོང་བ་འདྲ། ཟུར་སྣེ་འདི་ནི་ཁོའི་མ་འོངས་བའི་གློག་བརྙན་སྙེག་སའི་མཐོ་ཚད་ཀྱི་ལུང་བསྟན་ཡིན་སྲིད་མོད། ཁོ་རང་གཏན་ནས་བཞུད་སོང་།

WechatIMG1621.jpeg

《དབུགས་ལྒང》


ད་ལྟ། ངས་ཧོང་ཞོན་གྱིས་གཙོ་འཁྲབ་བྱས་པའི《སིང་སྤང་བཀྲ》(陌生人)ལ་སྒུག་ནས་ཡོད་། དེ་ན་པདྨས་མི་ཡུལ་ལ་བཞག་པའི་མཇུག་མཐའི་ཟས་རིན་རེད། ཧོང་ཞོན་གྱིས་བཤད་ན། ཁོ་རང་བརྙན་མིག་འགའི་ཕབ་ལེན་ཁྲོད་རི་ཚོགས་ལ་བལྟས་ཏེ་ངོ་གདོང་མཆི་མས་བརླན་སོང་ཟེར། ཕྱིར་འདང་བརྒྱབ་ན། ཁོས་སྔ་ས་ནས་པདྨའི་ཆེད་དུ་མིག་ཆུ་ཤོར་བ་ཡིན་ནམ། དེ་རིང་ཚེས་པ་བཅུ་རེད། ཉིན་གུང་ཧོང་ཞོན་གྱི་སྐད་བཞག་སྟེ་ཁོས་ཡོལ་བའི་རྒྱབ་ལོགས་ཀྱི་པདྨ་མཐོང་སོང་ཟེར།(ཕར་བལྟས་ན་ཞི་འཇགས་ཀྱི་གཉིད་དུ་ཡུར་བ་དང་འདྲ།)སང་ཉིན་མི་ཚོགས་ཁྲི་མ་འབུམ་གྱིས་པདྨ་ལ་སྐྱེལ་མ་བྱེད་པ་དང་། ཇོ་ཁང་ནས་བསྔོ་སྨོན་གསུང་རྗེས་ལྷ་སའི་གྲོང་ལ་སྐོར་བ་བྱེད་ངེས། བོད་པས་ལྷ་སར་ཚེ་འཕོས་པ་ནི་བསོད་ནམས་ཅིག་ཏུ་སེམས།

བབ་ཆགས། སྒམ་བརླིང་། ཁེངས་སྐྱུང་། པདྨའི་ངོ་གདོང་དང་ངང་རྒྱུད་ནི་ངས་ངོ་ཤེས་པའི་འཁྲབ་ཁྲིད་པའི་ཁྲོད་ནས་ཤེས་ལྡན་པ་དང་ཆེས་འདྲ་བ་དེ་རེད། ཁོའི་འཆར་ཡན་དང་། ཁོའི་ནང་སེམས། ཁོའི་ནང་ལོག་ནས་བསླབ་པ་ཐམས་ཅད་སྤྱད་ནས་བོད་ལྗོངས་སུ་ཕྱིར་ལྟ་བྱེད་པའི་མིག་མདངས་མཐའ་དག་གློག་བརྙན་ལ་ཕུལ་ཚར། ངས་ཁོའི་ཐོབ་ཐང་རེ་རེ་ལས་ཁོ་རང་མཐོང་ཐུབ། ཐེངས་འགར་ཁོའི་ཁ་གཏད་དུ་བསྡད་དེ་ཁོའི་ཀླད་པ་འདིས་ཅི་ཞིག་ལ་འདང་རྒྱག་གིན་ཡོད་དམ་བསམ་མྱོང་། 《དབུགས་ལྒང》འགྲེམ་སྤེལ་བྱས་རྗེས། ངས་ཁོ་ལ་མ་མོ་ལུ་གུར་འགྲོ་བ་ཞིག་ཕབ་ལེན་བྱེད་རྒྱུ་ནི་ཇི་འདྲའི་ཁག་པ་ལ། ཁྱོས་ཅི་ལྟར་འཁྱོངས་པ་ཡིན་ཞེས་དྲིས་པར། ཁོས་དྲག་གི ཐབས་ཤེས་འདུག་ཟེར། ཁོར་དེབ་ཅི་ཞིག་ལ་བལྟ་རྒྱུར་དགའ་ཞེས་དྲིས་པར། རྩོམ་རིག་དང་གློག་བརྙན་དང་འབྲེལ་བ་མེད་པའི་དེབ་ཡིན་ཟེར། བྱིས་དུས་སུ་སྡེ་བའི་ནང་དུ་བལྟས་པའི་གློག་བརྙན་གང་ཡིན་དྲིས་པར། ཁོས་ཀྲོ་པེ་ལེན(卓别林)གླེང་བྱུང་། ཨ།  ཀྲོ་པེ་ལེན། དེ་ལས་ཁོས་གཉོམ་ཆུང་གི་རྣམ་ཤེས་ལ་བློ་དཀར་དང་བསམ་ཤེས་བྱེད་ཅིང་། སྡུག་ཡུས་མི་བརྗོད་པར་དགོད་ཁ་སློང་བའི( ཆེས་དག་གཙང་སླད་མེད་ཀྱིས་བསླངས་པའི་དགོད་སྒྲ)རྒྱུ་རྐྱེན་རྟོགས་སོང་། ཁོའི་བརྙན་རིས་ཁྲོད་ང་ལ་དགོད་ཁ་སློང་བའི་གནས་སྐབས་རེ་རེས་པད་པའི་རང་གཤིས་དང་བབ་ཆགས། སྒམ་བརླིང་། ཁེངས་སྐྱུང་སོགས་དྲན་པར་བྱས་འོངས།

ཁོས་སྐྱེད་སྲིང་བྱས་པའི་ན་གཞོན་མང་པོ་ཞིག་ད་ལྟ་འཁྲབ་ཁྲིད་པ་ཆགས་འདུག ཁོང་གི་བློ་སྟོབས་ཆེ་བའི་སྲས་ཀྱང་དེའི་ནང་གི་གཅིག་རེད། གནས་སྐབས་འདིར་ཁོ་ཚོའི་སྡུག་བསྔལ་ནི་ཇི་འདྲའི་ལྕི་ཨང་། དཀའ་སྡུག་གི་ལོ་ཟླ་ད་དུང་རྗེས་ན་ཡོད་ངེས། པདྨས་བོད་ཡུལ་གཞན་གྱི་སྙན་ལམ་དུ་བསྟར་ཞིང་མིག་མདུན་དུ་བཤམས། ཁོས་བཤད་འཕྲོར་ལུས་པའི་གཏམ་རྒྱུད་གྱི་མུ་གཞན་གྱིས་སྐྱོང་ཤག་ཤག་ཡིན་མོད། འཆད་པ་པོ་ད་ནས་བཟུང་པདྨ་མིན་པ་ཆགས་སོང་།

ཁོ་རང་དེ་གར་འགྲེང་བའི་བཟོ་ལྟ་ནི་ཇི་འདྲའི་བབ་ཆགས་དང་ཡིད་གར་འོང་བ་ཞིག་རེད་ཨང་། གཞེས་ནིང་ལོར། ཁོང་ལམ་ཐག་རིང་པོ་ནས་པེ་ཅིང་གྲོང་འདབས་སུ་ངས་བོད་ཡུལ་སྐོར་གྱི་རི་མོའི་འགྲེམ་སྟོན་ལ་ལྟ་རུ་ཕེབས་བྱུང་། ངས་དེ་ངོ་ཚ་ལས་གཟི་བརྗིད་ཅིག་ཏུ་བསམ་མི་ཕོད། རི་མོ་དེ་དག་ནི་གནས་སྐབས་ཀྱི་མིག་ཞགས་ཙམ་ལས། ང་རང་མཐོ་སྒང་གི་ཡུལ་གྲུ་འདིར་རྒྱུས་ལོན་ཧ་ཅང་ཞན། པདྨའི་གློག་བརྙན་ནི་ད་གཟོད་བོད་ཡུལ་གྱི་ཤ་ཁྲག་རེད། མི་རིགས་ཤིག་གིས་རང་ཉིད་ཀྱི་གློག་བརྙན་བཏེགས་ནས་འཛམ་བུ་གླིང་ལ་གདོང་གཏད་དུས། ད་གཟོད་སྨྲ་བསམ་བརྗོད་འདས་ཀྱི་གཟི་བརྗིད་དང་ལ་རྒྱ་ཡོད་ལ། པདྨ་ནི་དེ་འདྲའི་ལ་རྒྱའི་གཟི་བྱིན་ཕྱག་ལེན་མཛད་མཁན་གྱི་ཤིང་རྟ་བ་རེད།


2023ལོའི་ཟླ5པའི་ཚེས9ནས10བར།

2023ལོའི་ཟླ5པའི་ཚེས11ཉིན་པེ་ཅིང་དུ་འཕྲལ་མར་བསྒྱུར།


(ལོ་ཙཱ་བ་ཚེ་རིང་དོན་གྲུབ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་ཞིབ་འཇུག་སློབ་མ་ཡིན།)


WechatIMG1620.jpeg

རྒན་པདྨ་ཚེ་བརྟན་ལགས་ནི།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པའམ་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཟླ5པའི་ཚེས8ཉིན་གྱི་ཞོགས་པར་བོད་ལྗོངས་སུ་སྐུ་གཤེགས། དགུང་ལོ54ཡིན།

    པདྨ་ཚེ་བརྟན་ལགས་ནི་སྤྱི་ལོ1969ལོའི་ཟླ12པར་མདོ་སྨད་ཁྲི་ཀའི་ཡུལ་དུ་སྐྱེས་ཤིང་། ད་ལྟའི་བར་དུ་སྒྲུང་གཏམ་ཕྱོགས་བསྒྲིགས་དེབ《བསླུ་བྲིད》དང《གྲོང་ཁྱེར་གྱི་འཚོ་བ》《ཐར་ལོ》《པདྨ་ཚེ་བརྟན་གྱི་བརྩམས་སྒྲུང》《ཨོ་རྒྱན་གྱི་སོ》《གཏམ་རྒྱུད་བཤད་འཕྲོར་ལུས》སོགས་བརྩམས་ཡོད་ལ། སྤྱི་ལོ2002ལོ་ནས་བཟུང་གློག་བརྙན་བསྒྱུར་སྒྲིག་དང་འཁྲབ་ཁྲིད་ཀྱི་ལས་ཀ་གཉེར་བ་དང་། བརྩམས་ཆོས་གཙོ་བོ་ལ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང《འཚོལ》《ཁྱི་རྒན》《གཡང་མདའ》《ཐར་ལོ》《ལག་དམར》《དབུགས་ལྒང》《གསའ》《སིང་སྤང་བཀྲ》སོགས་ཕབ་སྐྲུན་བྱས་ཡོད།

    པདྨ་ཚེ་བརྟན་ནི་བོད་ཙམ་མ་ཟད་རྒྱལ་ཡོངས་དང་རྒྱལ་སྤྱིའི་སྟེང་མིང་གི་གྲགས་པ་རབ་ཏུ་འབར་བའི་འཁྲབ་ཁྲིད་པའམ་རྩོམ་པ་པོ་ཞིག་ཡིན་ལ། ཁོང་གིས་བོད་ཀྱི་གློག་བརྙན་ལས་རིགས་འདི་མེད་པ་ནས་ཡོད་པ་དང་ཡོད་པ་ནས་དར་རྒྱས་གོང་སྤེལ་དུ་བཏང་བ་མ་ཟད། བོད་ཀྱི་ན་གཞོན་གློག་བརྙན་པ་གསོ་སྐྱོང་གི་ཐད་ལའང་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པས། ཁོང་ནི་བོད་ཀྱི་གློག་བརྙན་གྱི་རྨང་འདིང་མཁན་དང་སྣེ་ཁྲིད་པ་ཆེས་ཕུལ་དུ་བྱུང་བ་དེའོ། ། 

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།