གྱེས་མགུར་སྙིང་གི་རོལ་མོ། གཅན་རང་སད།

WechatIMG1693.jpeg             

མཐོ་ལ་བརྗིད་པ་ཡི་བྲག་སྐྱིབས་དྲོན་མོ་དང་གཅིག།

དེ་དང་འགྲོགས་པ་ཡི་ཐང་དཀར་རྒོད་ཁྱུ་དང་གཉིས།།

གནས་སྐབས་འབྲེལ་བ་དེ་བཞག་པ་ཡུད་ཙམ་ཞིག་གདའ།།

རྒོད་པོ་གཤོག་ཐོགས་ཚོ་ནམ་འཕང་གཅོད་པ་ལ་སོངས།།

བྲག་དམར་བྱ་ཚང་ང་སྔར་གྱི་ཁ་མལ་ནས་འདུག།

རྒོད་པོ་གཤོག་ཐོགས་ཚོ་བསེར་བུས་མ་འཐགས་པ་བྱས།།

བྲག་དམར་བྱ་ཚང་ང་ཐོག་གིས་མ་བཤིགས་པ་བྱས།།

ཡང་ཡང་ལྷན་ཅིག་ཏུ་འཛོམས་པའི་སྨོན་ལམ་ནི་འདེབས།།


སྔོ་ལ་ལྗང་བ་ཡི་ཐང་ཤིང་སྔོན་མོ་དང་གཅིག།

དེ་དང་འགྲོགས་པ་ཡི་ཁུ་བྱུག་ཁྱུ་ཚོགས་དང་གཉིས།།

གནས་སྐབས་འབྲེལ་བ་དེ་བཞག་པ་ཡུད་ཙམ་ཞིག་གདའ།།

གཞན་གསོས་བུ་མོ་ཚོགས་ལྷོ་རོང་ནགས་ཚལ་ལ་སོངས།།

ལྷ་ཤིང་ཤུག་པ་ང་གངས་རིའི་ཞིང་ཁམས་ནས་འདུག།

དཔྱིད་ཀྱི་ཕོ་ཉ་ཚོ་བྱ་ཁྲས་མ་བཟུང་བ་བྱས།།

ཐང་ཤིང་སྔོན་མོ་ང་སོག་ལེས་མ་བསྒྱེལ་བ་བྱས།།

ཡང་ཡང་ལྷན་ཅིག་ཏུ་འཛོམས་པའི་སྨོན་ལམ་ནི་འདེབས།།

དྭངས་ལ་གཙང་བ་ཡི་མཚོ་མོ་སྔོན་པོ་དང་གཅིག།

དེ་ལ་འཁོར་བ་ཡི་གསེར་མིག་ཉ་ཚོགས་དང་གཉིས།།

གནས་སྐབས་འབྲེལ་བ་དེ་བཞག་པ་ཡུད་ཙམ་ཞིག་གདའ།།

ཉ་མོ་གཤོག་ཐོགས་ཚོ་ཆུ་གཏེར་སྐོར་བ་ལ་སོངས།།

དྭངས་གཙང་མཚོ་མོ་ང་སྔར་གྱི་ཁ་མལ་ནས་འདུག།

ཉ་མོ་གཤོག་ཐོགས་ཚོ་རྙི་ཡིས་མ་བཟུང་བ་བྱས།།

གཡུ་མཚོ་སྔོན་མོ་ང་འཁྱགས་པས་མ་བསྡམས་པ་བྱས།།

ཡང་ཡང་ལྷན་ཅིག་ཏུ་འཛོམས་པའི་སྨོན་ལམ་ནི་འདེབས།།


སྒམ་ལ་གནག་པ་ཡི་དགེ་རྒན་རང་སད་དང་གཅིག།

དེ་ལ་འདྲིས་པ་ཡི་སློབ་མའི་ཁྱུ་ཚོགས་དང་གཉིས།།

གནས་སྐབས་འབྲེལ་བ་དེ་བཞག་པ་ཡུད་ཙམ་ཞིག་གདའ།།

རིག་བཟང་སློབ་བུ་ཚོ་རྒྱང་རིང་སློབ་ཆེན་ལ་སོངས།།

མཐོ་འབྲིང་དགེ་རྒན་ང་ཕ་ས་ཕ་ཡུལ་ནས་འདུག།

སྐལ་ལྡན་སློབ་བུ་ཚོས་དགེ་རྒན་མ་བརྗེད་པ་བྱས།།

གཞི་རིམ་དགེ་རྒན་ངར་བར་ཆད་མེད་པ་ཞིག་བྱས།།

ཡང་ཡང་ལྷན་ཅིག་ཏུ་འཛོམས་པའི་སྨོན་ལམ་ནི་འདེབས།།

                             ༢༠༢༣• ༦ • ༡༠ རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།