སྟོན་པ་བདེ་བར་གཤེགས་པ་ལ་བསྔགས་པ་བསོད་ནམས་ཀུ་མུད་འཛུམ་བྱེད་ཟླ་བའི་ཐིག་ལེ།

IMG_1982.JPG

༄༅། །སྟོན་པ་བདེ་བར་གཤེགས་པ་ལ་བསྔགས་པ་བསོད་ནམས་ཀུ་མུད་རབ་ཏུ་འཛུམ་པར་བྱེད་པའི་ཆ་རྫོགས་ཟླ་བའི་ཐིག་ལེ་ཞེས་བྱ་བ། 

མཐའ་བྲལ་ཡོན་ཏན་ཀུན་ནས་ཡོངས་གང་རྫོགས་ལྡན་ཆུ་འཛིན་ཕྲེང་བ་ལས། །དགེ་ལེགས་བྱེ་བའི་འདོད་རྒུའི་གྲུ་ཆར་ཕྱོགས་བཅུའི་མཐའ་རུ་རྟག་བསྙིལ་བས། །ས་གསུམ་སྐྱེ་དགུའི་རེ་བ་ཡོངས་བཀང་དཔག་བསམ་ཤིང་དང་ཡིད་བཞིན་དབང་། །ཕན་བདེ་འབྱུང་བའི་རིན་ཆེན་གཏེར་ལ་དད་བརྒྱའི་པདྨོ་རབ་ཏུ་ཟུམ། །གང་མཚན་རྣ་བར་སོན་པ་ཙམ་གྱིས་བསོད་ནམས་ཆུ་གཏེར་མངོན་འཕེལ་ཅིང་། །དྲན་པ་ཡིས་ཀྱང་རྣམ་དཀར་དགེ་ཚོགས་ཡར་ངོ་ཟླ་ལྟར་ཡོངས་རྒྱས་པའི། །ཤཱཀྱའི་རྒྱལ་པོའི་ཆེ་བའི་ཡོན་ཏན་རྨད་བྱུང་འཕགས་པའི་སྤྱོད་ཡུལ་ཉིད། །འཕགས་བོད་མཁས་པའི་ལེགས་བཤད་རྗེས་འབྲང་ཅུང་ཙམ་དད་པའི་ངག་གིས་བཀོད། །ཉི་ཟླ་སྐར་ཕྲེང་ནམ་མཁའ་མཛེས་བྱེད་ཆུ་འཛིན་ཡོལ་བའི་བླ་བྲེ་བཅས། །ནོར་འཛིན་པང་དུ་ལྟུང་བར་སྲིད་ཀྱང་ཁྱེད་གསུང་མི་བསླུ་ཆོས་ཉིད་ཕྱིར། །གང་སྐུ་མཁའ་ལ་བསྟོད་པའི་ཚིག་ཕྲེང་དད་པའི་ཡིད་ཀྱི་འཐོར་གྱུར་ན། །རྒྱ་མཚོའི་ཀློང་གི་ཆུ་སྲིན་ཁར་ཆུད་གྲུ་ཡང་བདེ་བར་འཁོར་ལ་འདུད། །གསེར་གྱི་མཎྜལ་སྣ་ཚོགས་རིན་ཆེན་འཇིག་རྟེན་བྱེད་པོས་སྤུངས་པ་བཞིན། །མཐོང་བས་ཡིད་འཕྲོག་མཛེས་པ་གཅིག་བསྡུས་ལུམ་བིའི་ཚལ་ཞེས་གྲགས་པའི་ཡུལ། །མཚན་དཔེ་ཉི་མའི་ལང་ཚོ་གསར་བ་འཇིག་རྟེན་མུན་པའི་གཉེན་པོ་རུ། །འཁྲུངས་པ་ཙམ་གྱི་ཚངས་དང་བརྒྱ་བྱིན་ཆེ་དགུ་དུ་མས་མཆོད་དེར་འདུད། །གང་ཞིག་སྲིད་གསུམ་གདུག་པའི་རུ་མཚོན་དུས་གཅིག་མཁའ་ནས་ལྟུང་གྱུར་ཀྱང་། །བྱམས་ཆེན་གོ་ཆའི་དམ་བཅའ་བརྟན་པོ་ཆ་ཙམ་འདོར་བར་མི་ཕོད་པས། །བརྩེ་བའི་ཐུགས་ལ་མཚོན་ཀྱང་མི་འཇུག་ཡིད་དགའི་ཆར་བཟང་ལེགས་བཀྲ་བའི། །རྣམ་ཐར་འདི་ཀོ་དཔྱོད་ལྡན་སེམས་ཀྱི་དགའ་བདེ་འབབས་པའི་སྟེགས་བུར་ངེས། །ཉེས་བརྒྱའི་རླབས་འཁྲུགས་སྲིད་པའི་ཆུ་གཏེར་ཀློང་། །ཤུགས་དྲག་བརྩེ་ཆེན་ཤྭ་འོད་རྟག་འཁྱིལ་བས། །ཉིད་སྐུའི་བཀོད་པའི་རྣམ་རོལ་དཔག་མེད་ཀྱིས། །མ་ལུས་འགྲོ་བའི་རེ་བློ་ཡོངས་སུ་བཟླུམ། །ཇི་སྲིད་ལྷ་ལམ་ཉི་ཟླ་སྐར་ཕྲེང་ཟེར། །སྣང་བ་དེ་སྲིད་གྲགས་སྙན་ལྷ་ཡི་སྒྲས། །ཕྱོགས་ཀྱི་བུ་མོའི་རྣ་བའང་སྒྲ་གཞན་དག །འཛིན་པའི་གོ་སྐབས་འཕྲོག་གི་གཞན་གྱིས་མིན། །འཁོར་བའི་འབྲོག་དགོན་ནགས་ཀླུང་སྟུག་པོ་རུ། །མཚན་མར་འཛིན་པའི་རི་དྭགས་རྣམ་གཡོ་བ། །ཀུན་མཁྱེན་ཡེ་ཤེས་མཆོག་གི་མདའ་ཆེན་གྱིས། །མཐའ་དག་ལུས་མེད་ཁྱོད་ཀྱིས་ཡོངས་སུ་བཀུམ། །ལྷ་ཆེན་མགྲིན་སྔོན་པད་དཀར་མིག་ཡངས་ཟླ་བའི་གཙུག་རྒྱན་འཛིན་ལ་སོགས། །འཇིགས་རུང་རྣམས་ཀྱི་མངའ་བདག་དེ་སྙེད་ཁྱོད་ཞལ་མཐོང་བས་ཞི་གྱུར་ན། །དད་པའི་དབུ་འཕང་ཤིན་ཏུ་མི་དམའ་ཁྱེད་རྗེས་འབྲང་བའི་བདག་ཉིད་ནི། །གང་སྐུ་ཉིན་བྱེད་འབར་བའི་གཟི་ལ་ཡང་དུ་འདུན་པའི་སྤྲོ་བ་བརྙེས། །ཇི་སྙེད་ཤེས་བྱ་ཐུན་མོང་ཐུན་མིན་མཐའ་བྲལ་གཙུག་ལག་བདུད་རྩིའི་ཀླུང་། །རྣམ་དཔྱོད་ཧུབ་ཆེན་གཅིག་གིས་ལེགས་དྲངས་སླར་ཡང་བསྐྱུགས་པའི་ཛ་ཧུའི་རྒྱུན། །འཛད་མེད་ཡོངས་འཇོ་ཉེས་སྐྱོན་ཀུན་འཁྲུད་ལེགས་བཤད་རྨད་བྱུང་འབྱམས་ཡས་པ། །དུག་གསུམ་ཚ་བས་སྐོམ་གྱིས་རབ་གདུང་འཆི་བ་སེལ་བའི་གྲུ་ཆར་ལགས། །འཛམ་གླིང་མཛེས་བྱེད་རྒྱན་དྲུག་ཞབས་དང་རྨད་བྱུང་དམ་པའི་སློབ་དཔོན་གཉིས། །གངས་ལྗོངས་སྣང་བའི་འཇམ་དབྱངས་རྣམ་གསུམ་གྲགས་པའི་མུ་ཁྱུད་ལྡིར་བ་དང་། །ཉན་ཐོས་འབུམ་ཕྲག་རིག་འཛིན་གྲངས་མེད་ཀུན་ཀྱང་འབྱུང་བའི་གཞིར་གྱུར་པ། །ཁྱེད་ལ་མི་གུས་དཔྱོད་ལྡན་སུ་ཞིག་འཇིག་རྟེན་འདི་ན་གཅིག་པུར་རྒྱུ། །གསེར་ལྡན་དགའ་མའི་ལྟོ་བར་ཁྱོད་ཀྱི་ནི། །ཡོན་ཏན་ཕུང་པོས་ངལ་གྱི་ཁུར་ལྕི་བས། །དུས་བཞི་དབྱིངས་སུ་དལ་གྱི་བྲོས་པ་ལ། །ཕྱོགས་བཅུའི་ལྷ་ཡིས་དགྱེས་པའི་ལྟད་མོ་གཟིགས། །བསམ་གཏན་ལ་ཆགས་ཞི་བའི་གཟིགས་སྟངས་ཀྱིས། །སྟོང་པ་ཉིད་ལ་མཉམ་པར་བཞག་བཞིན་དུ། །གདུལ་བྱའི་ཁམས་དབང་མོས་སྣང་ཐ་དད་པར། །བསམ་པའི་ཟས་བཞིན་རྒྱགས་ཀྱང་སོ་སོར་བསྩལ། །ཆགས་སོགས་ཀུན་རྟོག་སྦྲུལ་དུག་གིས་ཟིན་པའི། །ཁམས་གསུམ་དུ༔ཁའི་ནད་ཀྱི་གདུང་བ་ཡང་། །ཞི་བསིལ་ཆོས་ཀྱི་སྨན་ཆབ་བྲན་ཙམ་ནས། །ནང་གི་བདེ་བ་རྙེད་པ་རྡུལ་སྙེད་གྲངས། །དེ་ལྟར་བསྟོད་པའི་ཤིས་ཚིག་མུ་ཏིག་དད་པའི་ཕྲེང་བ་བརྒྱུས་པ་ལས། ། ལེགས་པར་བྱུང་བའི་རྣམ་དཀར་ཕུང་པོ་ཟླ་བའི་འོད་ལྟར་གང་ཐོབ་དེས། །མ་ལུས་ཞིང་གི་སྐྱེས་མཆོག་རྣམས་དང་རང་བྱུང་པདྨ༷འི་རྒྱལ་ཚབ་མཆོག །ཁོ་བོའི་རིག་བདག་སྐ༷ལ་བཟ༷ང་སེམས་དཔའ་སྲིད་མཐར་བཞུགས་པའི་རྟེན་འབྱུང་ལགས། །མཁའ་ལ་རིག་འཛིན་བརྒྱུད་པའི་སྤྲིན་འཁྲིགས་སྨིན་གྲོལ་གདམ་པའི་གྲུ་ཆར་འཇོ། །ས་ལ་ངུར་སྨྲིག་ཡིད་དགའི་དངར་བཀྲ་བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས། །དེའི་མཐུས་དཀར་ཕྱོགས་ལྷ་ཀླུ་ཡོངས་དགའ་མི་ནོར་བཅུད་ཀྱི་གཡང་ཁ་འཕེལ། །རྫོགས་ལྡན་གསར་བའི་སྐལ་བཟང་དུས་སྟོན་སླར་ཡང་སྲིད་འདིར་མཛེས་བྱེད་ཤོག །བདག་ཀྱང་འདི་ནས་སྐྱེ་རབས་ཕྲེང་བཟང་མགོན་པོ་ཁྱེད་དང་ཁྱེད་ཀྱིས་སྲས། །གང་ན་སུ་བཞུགས་ཞལ་བཟང་ལེགས་མཇལ་ཟབ་མོ་ཆོས་ཀྱང་ཡང་དག་ཞུ། །དད་དམ་གཙང་མའི་མཉེས་པ་ཆེར་སྐྱེད་དམ་ཆོས་འཛིན་ལ་མཆོག་སྤྲོ་བའི། །སྐལ་བ་ཅན་དུ་མཐུན་འགྱུར་བདེན་གསུང་ཤིས་པའི་མེ་ཏོག་སྩོལ་དང་ཀྱེ། །གང་གི་གྲགས་བཟང་ལྷ་ཡི་རྔ་ཆེན་སྒྲ། །བསྣུན་པ་མེད་པར་རྒྱ་མཚོའི་བར་དུ་བསྒྲགས། །སྐབས་གསུམ་ཡུལ་ན་ལྷ་ཡི་རྔ་བོ་ཆེའི། །ཕྱག་རྒྱ་བཞི་ཉིད་སྟོན་པ་ཇི་བཞིན་ནོ། །དད་པ་ཡིད་བཞིན་ནོར་བུ་གཟི་འབར་བས། །སྙན་ངག་དངོས་གྲུབ་གནང་བའི་ཚིག་ཕྲེང་འདི། །ལག་པའི་ཀུ་མུད་སྙིང་ཁར་ཟུམ་པ་ཡིས། །རྣམ་འདྲེན་སྟོང་གི་ཏོག་ལྟའི་ཁྱེད་ལ་འབུལ། །སྲིད་པའི་བདེ་བ་དབྱར་གྱི་ཆུ་གཏེར་ཆེ། །སྡུག་བསྔལ་མྱ་ངམ་ཐང་དུ་འགྱུར་ཤེས་ནས།ལྡོག་མེད་ཐེག་མཆོག་འཕགས་པའི་གོ་འཕང་གི །མི་ཟད་རྒྱ་མཚོ་ཀློང་དུ་འཇུག་ནུས་ཤོག །
ཅེས་པ་འདིའང་ས་ག་ཟླ་བའི་ཡར་ཚེས་བདུན་ཏེ་རྒྱལ་མཆོག་སྟོན་པའི་དབང་པོ་སྐུ་བལྟམས་པའི་དུས་ཚེས་ཁྱད་པར་ཅན་ཉིན་རྣམ་གསུམ་ངུར་སྨིག་གི་དྲོད་ཁོལ་ལ་ཚེ་རབས་ལས་ཀྱི་འདུན་མ་སྙོམས་པར་འདོད་པའི་ལས་སྐལ་མཆོག་ཏུ་བདོག་པ་གྱི་ན་བ་ལུ་ལམ་སྨན་ལྷ་འབོད་པས་གངས་ལྗོངས་མཁས་པ་འབྱུང་བའི་བསྟི་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་ནུབ་ངེས་དོན་ཆོས་འཁོར་གླིང་གི་རང་སྤྱིལ་དཔེ་མང་སྤུངས་པའི་ལྡིང་ཁང་ནས་བྲིས་པ་ཛ་ཡནྟུ།། །།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།