སྐྱབས་རྗེ་བླ་མ་༧ཁྱབ་བདག་རྫོགས་ཆེན་པ་མཆོག་གི་གྱ་སྟོན་ལ་ཕུལ་བའི་གསོལ་སྨོན་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན།
ཐོག་མེད་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ།།
ཡེ་ཤེས་དཔལ་གྱི་ཚེ་མཆོག་སྩོལ་མཛད་མ།།
བཅོམ་ལྡན་རྗེ་བཙུན་འཕགས་མ་སྒྲོལ་དཀར་ཀྱེ།།
དེང་འདིར་ཚེ་དབང་དངོས་གྲུབ་བསྩལ་དུ་གསོལ།།
རྒྱལ་དབང་པདྨའི་ཐུགས་སྤྲུལ་པདྨའི་མཚན།།
སྐལ་བཟང་གདུལ་བྱའི་མགོན་དུ་མངོན་ཤར་བའི།།
ཡོངས་རྫོགས་བསྟན་པའི་མཛེས་རྒྱན་ཁྱབ་བདག་པ།།
སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁྲིར་བཞུགས་གསོལ།།
ཐུབ་བསྟན་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི།།
ཆོས་སྲིད་བསྟན་པའི་རྒྱལ་མཚན་སྲིད་རྩེ་རུ།།
མངོན་པར་བསྒྲེངས་བའི་རྒྱལ་སྲས་དཔའ་བོ་ཆེ།།
ཁྱབ་བདག་བླ་མ་ཞབས་པད་བརྟན་གྱུར་ཅིག །
འབུམ་ཕྲག་མཁས་པའི་གྲལ་ན་མཁས་པའི་མཆོག།
བསླབ་ལྡན་བཙུན་པའི་དབུས་ན་བཙུན་པའི་ཏོག།
ཡོངས་རྫོགས་གྲུབ་པའི་ཚོགས་ན་གྲུབ་པའི་རྒྱལ།།
མཁས་བཙུན་གྲུབ་པའི་དབང་ཕྱུག་ཞབས་བརྟན་གསོལ།།
ཡོན་ཏན་གནས་མཆོག་ཡང་དབེན་པདྨའི་ཚལ།།
མཁས་གྲུབ་དམ་པའི་གདན་སར་མཛེས་པའི་རྒྱན།།
ཆོས་རིག་མཛོད་འཛིན་ཁྱབ་བདག་རྫོགས་ཆེན་པ།།
མི་འཇིགས་གདོང་ལྔའི་ཁྲི་ལ་རྟག་བཞུགས་གསོལ།།
གདོད་ནས་ཀ་དག་ཆོས་སྐུའི་རང་བཞིན་ལ།།
ལྷུན་གྲུབ་འགག་མེད་དགོངས་པའི་ཀློང་རྡོལ་ཞིང་།།
གསང་ཆེན་བསྟན་པའི་མངའ་བདག་སྤྲུལ་པའི་སྐུ།།
རྣམ་འདྲེན་ཤིང་རྟ་ཆེན་པོ་ཞབས་བརྟན་གསོལ།།
བསྟན་ལ་སྟོན་པ་གཉིས་པ་པདྨའི་མཚན།།
མཚན་གྱི་སྙན་པ་དམ་པའི་གྲལ་ན་ཆེ།།
ཆེ་བའི་ཡོན་ཏན་མ་ལུས་རྫོགས་པའི་སྐུ།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་ཤོག །
བདག་སོགས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ།།
དཔལ་ལྡན་བླ་མའི་ཐུགས་བསྐྱེད་རྨད་བྱུང་བའི།།
ངོ་མཚར་དམ་ཆོས་བདུད་རྩིའི་བཅུད་རོལ་བཞིན།།
མི་འབྲལ་འགྲོགས་པའི་བྱིན་མཐུ་སྩོལ་ཅིག་གུ །ཞེས་བཀྲ་ཤིས་པའི་རྟགས་མཆོག་བརྒྱད་ཀྱི་གྲངས་ལྡན་གྱི་ཚིགས་སུ་བཅད་པས་འདི་ལྟར་མགོན་པོ་གང་གི་ཞལ་སྔ་ནས་ཡང་ཟབ་རྫོགས་པ་ཆེན་པོའི་སྤྱི་དང་བྱེ་བྲག་གི་ཆོས་སྐལ་དབང་ལུང་མན་ངག་ཟབ་མོའི་བདུད་རྩིའི་རོ་ལ་མྱོང་བའི་སྐལ་བ་བཟང་པོ་དང་ལྡན་པའི་སློབ་བུ་ཐ་ཤལ་བ་རྫོགས་ཆེན་མགོན་པོ་སྤྲུལ་མིང་པ་བསྟན་འཛིན་ཕྲིན་ལས་དར་རྒྱས་དེས་སྙིང་ནས་གསོལ་བ་བཏབ་པ་ལགས་སོ།། །། ༢༠༢༢-༨-༨
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།