༄༅། །དབྱངས་ཀྱི་མཆོད་པའི་མེ་ཏོགརྫོགས་ཆེན་སྐྱེས་མཆོག་པདྨ་སྐལ་བཟང་ལ་ཕུལ་བ།
དབྱིངས་རིག་མི་ཕྱེད་ལྷན་སྐྱེས་བདེ་སྟོང་ཟབ་གསལ་གཉུགས་མའི་འོད་ལམ་ནས། །རྗེས་ཆགས་སྤྱན་གྱི་ཟུར་མིག་ཀྱོ་བས་རྒྱལ་རྣམས་དབྱིངས་ལས་སློང་མཛད་པ། །ཚངས་སྲས་ངག་གི་འདོད་པའི་ལྷ་ཁྱོད་མགྲིན་པའི་རྩ་མདུད་ལ་བསུས་ན། །འཁོར་འདས་ཆོས་ཀུན་དབྱངས་ཀྱི་ཡན་ལག་རྒྱ་མཚོའི་རླབས་ཀྱིས་རྩེན་པར་མཛོད། ། ༡ །འདབ་དྲུག་ཁ་བའི་མེ་ཏོག་འཕུར་ས་བྱང་རྒྱུད་གངས་ལྷ་སྒེག་མོའི་ཕང་། །མེས་པོ་སྟོང་གི་རྣམ་ཤེས་ཐིམས་ཤུལ་སྐྱེས་མཆོག་སྤྲུལ་པའི་ཉི་གཞོན་ཞིག །ཐུགས་བསྐྱེད་རྟ་བདུན་གོམ་པའི་འགྲོས་ཀྱིས་སྒང་དྲུག་རི་བོའི་ཕྲག་ནས་བསུས། །འོད་ཀྱིས་བྲིས་པའི་གཏམ་རྒྱུད་གསར་པའི་དབུ་ཁྱུད་དང་པོ་འདི་ནས་འབྲི། ། ༢ །མཚན་དཔེའི་མེ་ཏོག་གང་ལ་ཕོག་པ་ཟལ་མོ་སྒང་གི་ར་བ་ནས། །དབྱངས་གསལ་སོ་བཞིའི་དབྱངས་རྟ་སྙན་མོས་དཔྱིད་ཀྱི་ཕོ་ཉ་བསུས་པ་ནས། །རྫོགས་པ་ཆེན་པོའི་ཆ་རྫོགས་ཟླ་གཞོན་སེམས་ཀྱི་ཀློང་ན་འཆར་བའི་བར། །ཐོས་བསམ་སྒོམ་པའི་རླབས་ཀྱི་བང་རིམ་མ་དྲོས་རོལ་པའི་མཚོ་དང་འགྲོགས། ། ༣ །སྐྱེས་སྦྱངས་གོམས་པའི་བག་ཆགས་སྣུམ་པོས་ཆོས་ཀུན་འོད་ཀྱི་སྣང་བརྙན་བསྐྲུན། །ལྟ་སྒོམ་སྤྱོད་པའི་མན་ངག་ཟབ་མོ་འཆི་མེད་བདུད་རྩིའི་ཟོལ་གྱིས་བཏུང་། །མཁས་བཙུན་བཟང་པོའི་རྣམ་ཐར་དྲི་བསུང་ཕྱོགས་ཀྱི་འཁོར་ལོའི་ཁྱོན་ཀུན་བརྡལ། །མཁྱེན་རབ་བསམ་འཕེལ་ནོར་བུའི་བང་མཛོད་ལང་ཚོའི་རླབས་དང་ལྷན་ཅིག་རྒོད། ། ༤ །དོན་བཞིའི་མུན་ཁྲོད་དམངས་དང་གཙོ་བོ་གོ་རིམ་འཇུག་ལྡོག་ཐེབས་པའི་དུས། །རྙིང་བཞི་གཏོར་བའི་རླུང་རླབས་ཁྲོད་དུ་འཚུབ་མའི་རླུང་གིས་སྤུར་བའི་དུས། །རྐྱེན་བཞི་རྩ་དོན་རྐྱེན་ངན་གྲོགས་འཆར་སྲིད་ཇུས་བཟང་པོ་ཚེས་པའི་དུས། །གང་ཁྱོད་ཏི་སེ་གངས་རི་ནང་བཞིན་སུ་དང་གང་གིས་བསྒུལ་བ་མེད། ། ༥ །བསྒྱུར་བཅོས་སྒོ་དབྱེའི་སྐྱ་རེངས་དང་པོས་ཡ་གླིང་དབུས་ཤར་འོད་ཀྱིས་རུམ། །དགོན་སྡེ་སྟོང་གི་སྒོ་དང་ལྷན་དུ་སྤྲིན་ནག་བང་རིམ་ཁད་ཀྱིས་ཕྱེས། །ཁྱོད་ཀྱི་མཛད་པ་དུས་ལས་མི་འདར་ཞི་བདེ་རྒྱ་མཚོའི་རླབས་དང་འགྲོགས། །བཤད་སྒྲུབ་ལས་གསུམ་མཉམ་དུ་སྦྲེལ་བས་རྒྱལ་བསྟན་སྲོག་གི་ཀ་ཆེན་སློང་། ། ༦ །མཁྱེན་རབ་གསེར་གྱི་ཉི་མ་སེར་པོས་གཞལ་བྱའི་གནས་གསུམ་ལྷག་པར་གསལ། །བརྩེ་ཆེན་དུང་གི་ཟླ་འོད་དཀར་པོས་རྒྱུད་ལྔའི་འགྲོ་རྣམས་ཡོངས་སུ་འཆིངས། །ལས་ལྡན་བུ་སློབ་སྐར་ཚོགས་འཁྲིགས་པའི་འཕྲིན་བཟང་གནམ་གྱི་དགུ་ཚིགས་ཡངས། །བསྟན་པ་སྤྱི་དང་སྔ་འགྱུར་ལུགས་བཟང་མི་ནུབ་སུམ་རྩེན་དབྱིངས་ན་བཏེགས། ། ༧ །གང་ཁྱོད་མཚན་གྱི་སྙན་པའི་གྲགས་དཀར་གངས་རིའི་ཁོག་ཏུ་མ་ཤོངས་པར། །ཧི་མ་ལ་ཡའི་རི་རྒན་དབྲལ་ནས་ལྷོ་མཐའི་རྒྱ་མཚོའི་རླབས་དང་འཐབ། །ནགས་ཀྱི་གསེབ་ནས་གངས་སེང་མཇལ་དུས་སྙིམ་པའི་མེ་ཏོག་སྙིང་གར་སིམ། །རླབས་ཆེན་འཕྲུལ་གྱི་སྒྲུབ་པའི་མཆོད་ཡོན་ཀུན་བཟང་མཆོད་སྤྲིན་ཟོལ་གྱིས་བཏེགས། ། ༨ །གང་ཁྱོད་དངོས་སུ་མཇལ་བའི་སྐལ་བཟང་ད་ལྟར་བདག་ལ་མི་ལྡན་ཡང་། །རླབས་ཆེན་སྤྱོད་པའི་རླབས་ཀྱི་མཛད་བཟང་སེམས་ཀྱི་ངོགས་ན་ཁྲིག་ཁྲིག་ཡིན། །དེ་ཕྱིར་སེམས་ཀྱི་སྣང་བརྙན་མཚོན་པའི་དབྱངས་ཀྱི་མཆོད་པའི་མེ་ཏོག་འདི། །ལེ་དབར་སྟོང་གིས་བར་དུ་ཆོད་པའི་ཀ་ཤིའི་གྲོང་ནས་ཁྱོད་ལ་ཕུལ། ། ༩ །ནམ་ཞིག་དུས་ཀྱི་སྐལ་བཟང་མེ་ཏོག་སྣ་ལྔའི་འཇའ་ལྟར་བཀྲ་བའི་དུས། །སྣ་ཚོགས་ལས་ཀྱི་ཤིང་རྟ་གཅིག་ལ་མཉམ་དུ་འཛོམས་པའི་དགའ་སྟོན་ཁྲོད། །ཞབས་སེན་འཁོར་ལོའི་རེ་ཁ་ཟླུམ་པོ་དཔྲལ་བའི་རྒྱན་དུ་བླངས་དང་ལྷན། །དགོད་སྒྲ་འཁྱིལ་བའི་འཛུམ་ཀོང་ཡངས་པོས་ནམ་ཡང་དགེ་བའི་སྨོན་འདུན་ཞུ། ། ༡༠ །ཀཱཤིའི་གྲོང་ནས། ༢༠༢༢ ༤ ༢༢རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།